ཁྭ་ཏ་དཀར་པོ།
@གཅན་མེ་སྟག
ད་ནིངས། བདག་གི་ཁང་ཀླད་དུ།
ཁྭ་ཏ་དཀར་པོ་ཞིག་བབས་འདུག
ཨ་ཡ་མཚན།
ངའི་མིག་ལ་ལིང་ཏོག་འགོས་པ་ཡིན་ནམ་བསམས།
ཕྱིར་འཁོར་ནས་མེ་ལོང་དུ་ཡང་ཡང་བལྟས།
ཁྭ་ཏས་ཕྱི་གོས་ནག་པོ་ཕུད་ཟིན་ནམ་བསམས།
རྒྱང་ཤེལ་བཟུང་སྟེ་ཡང་ཡང་བལྟས།
ཁྭ་ཏ་དཀར་པོ་ཞིག་ཡིན་ན་ཇི་འདྲའི་མཛེས།
སྤྲིན་རིམ་ལས་ཤོར་བའི་ཟླ་བ་ཞིག་དང་འདྲ་བར།
ཤུན་པགས་བཤུས་པའི་སྒོ་ང་ཞིག་དང་འདྲ་བར།
ཁྭ་ཏ་དཀར་པོ་ཞིག་ཡིན་ན་ཇི་འདྲའི་མཛེས་སྙམ།
སྐབས་རེར། བདག་གིས་དེ་ནི་ངང་བ་ཞིག་གོ་བསམས།
ཡིན་ནའང་ངང་བ་ཁང་ཀླད་དུ་འཕུར་མི་ནུས་སོ་སྙམ།
ལན་རེར། དེ་ནི་ཞོགས་པར་འཚབ་འཚུབ་ཏུ་འོང་བའི།
ཁ་དོག་བརྗེས་པའི་སྐྱ་ཀ་ཞིག་ཨེ་ཡིན་བསམས།
ཡིན་ནའང་དེ་ཡོད་ཚད་ཁ་གྲགས་པ་ཙམ་གྱིས་ཤེས་སོང་།
ཁྭ་ཏའི་རང་གཤིས་ལ་འགྱུར་བ་མི་འདུག
དེ་ཡོད་ཚད་ལྡིང་ཙམ་ལྡིང་ཙམ་གྱི་འགྲོ་སྟངས་དེས་ཀྱང་ཤེས་སོང་།
རྒྱབ་ཏུ་སྦས་པ་ནི་སྔར་བཞིན་སྐྱུགས་བྲོ་བའི་རྔ་སྒྲོ་དེ་རེད།
ཡིན་ནའང་དེ་ཡོད་ཚད་བདག་རང་ཡ་མཚན་པའི་རྒྱུ་རྐྱེན་མ་རེད།
རྒྱུ་རྐྱེན་གཙོ་བོ་ནི།
ཁྭ་ཏ་དེས་རང་ཉིད་ཇི་ལྟར་བཀྲུས་ཏེ་དཀར་པོ་ཆགས་པ་ཡིན་པའི།
དོགས་གཞི་དེ་རེད།
བཤལ་འདྲུད་རྒྱག་གིན་རྒྱག་གིན་འགྲོ།
@བདའ་ཚང་སྙེམས་གྲོལ།
འཁོར་བའི་ལ་འོག་འདི་རུ་འཁོར་འདས་ཀྱི། །
རི་རྩེའི་ཉི་འོད་མཐོང་དོགས་མི་འདུག་ན། །
ད་ནི་སྒྱུ་མའི་རྟ་ལ་སྒྱུ་མའི་སྒ །
བསྟད་དེ་འཁོར་བའི་ལ་ཐང་གཅོད་དུ་འགྲོ། །
ཕྱུགས་ཕྱུང་མེ་ཏོག་འཐུ་ཞིང་སྣོམ་ཞིང་འགྲོ། །
སྡུག་གི་བཤལ་ཐག་རྩད་ནས་མི་ཆོད་ཀྱང་། །
བདེ་བ་ཅུང་ཟད་རྙེད་པར་ཇི་ལྟར་བསྙོན། །
འཁོར་བ་སྒྱུ་མའི་རྟ་གླང་ཡིན་ཡང་བླ། །
ང་རང་རྟ་གླང་འདེད་མཁན་ཡིན་ཡང་རུང་། །
ཆོས་རྣམས་སྐྲ་ཤད་འཛག་པ་ལྟར་སྣང་སྟེ། །
བདེན་པ་རྡུལ་ཙམ་མེད་ཀྱང་བླ་འོ་སྙམ། །
ང་ཡིས་འཁོར་བའི་ཆུ་འཁྱག་འཐུང་བཞིན་དུ། །
འཁོར་བའི་གྲང་ངར་སེམས་ཀྱིས་མྱོང་བཞིན་དུ། །
ད་དུང་འཁྲུལ་བའི་བདུད་རྩིར་སྣོམ་བཞིན་དུ། །
འཁོར་བའི་འཇུག་ངོགས་དེ་ལ་བསྙེག་པར་བྱ། །
སྙན་ངག
@གཅན་ཆེད་འབར།
ནམ་མཁའ་ནི་སྙན་ངག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
ས་གཞི་ནི་སྙན་ངག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
ཕ་ཡུལ་ནི་སྙན་ངག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
གཞིས་ཁྱིམ་ནི་སྙན་ངག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
ཉེས་དམིགས་ནི་སྙན་ངག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
སྙན་ངག་ནི་སྙན་ངག་ཅིག་ཡིན
འོན་ཀྱང་ཟུར་ཞིག་སྙན་ངག་མིན
རེད་དེ། སྙན་ངག་གི་རྐྱེན་གྱིས
སྙན་ངག་མིན་པའི་ཟུར་དག་རིག་གིན་མི་འདུག་ཅིང
སྙན་ངག་གི་རྐྱེན་གྱིས
སྙན་ངག་མིན་པའི་ཟུར་དེ་དག་ཀྱང
སྙན་ངག་ཏུ་སྤྲུལ་སོང་ཨང
༢༠༡༧ལོའི་ཟླ༣པའི་ཚེས༢༡ཉིན་ཐད་སོར་སྦྱར་བས་དགེའོ།།
འཛམ་གླིང་སྙན་ངག་གི་ཉིན་མོར་བུ་མོ་དག་ལ་ཕུལ་བ།
@རྫ་སྐྱེས་ཕུར་བ།
འཁོར་བའི་ཐང་གི་སྨན་ཆུང་རེ།།
སྙན་ངག་སྟོང་དང་དགུ་བརྒྱས་འབྲི།།
ཞལ་དང་འཛུམ་དང་ལང་ཚོ་ཡི།།
འོད་གསལ་ཉག་མ་བཞིན་དུ་འབྲི།།
སྨིན་མ་ཚེས་གསུམ་ཟླ་བ་ནི།།
ཡིད་འོང་སྲིད་པའི་ཆུ་བོར་འབྲི།།
ནུ་ཟུང་ཁྱུང་གི་སྒོ་ང་ཡང་།།
འཇམ་མཉེན་པད་སྡོང་ཚལ་དུ་འབྲི།།
མཁུར་ཚོས་ཁམ་བུ་སྨུག་ཆུང་གཉིས།།
སྦྲང་ཆང་འོ་མས་བསྐྱེད་པར་འབྲི།།
ཟུར་མིག་གཡོ་བའི་ངད་ཁ་ལ།།
ཕྱེ་ལེབ་གཤོག་འགྲོས་བྱེད་པ་འབྲི།།
འཛུམ་ཆུང་ནང་གི་ཉི་འོད་ལ།།
བརྩེ་བའི་ནམ་མཁའ་ལངས་པ་འབྲི།།
སྐྱེ་མཆེད་རེ་རེའི་ཡང་སྟེང་ལ།།
འཁོར་བའི་ཁང་ཆུང་བཞེངས་པ་འབྲི།།
ཁང་ཆུང་དེ་ཡི་རབ་གསལ་ནང་།།
ལས་ཀྱི་མེ་ཏོག་སྨིན་པ་འབྲི།།
འཁོར་བ་ཐམས་ཅད་བདེ་བ་དང་།།
སྣང་བ་ཐམས་ཅད་མཛེས་པའི་ཕྱིར།།
སྙན་ངག་དམ་པས་ཁྱོད་ལ་ནི།།
སྲིད་ཁམས་དག་པའི་སྙན་ངག་འབྲི།།
ཁྱོད་ནི་འཚོ་བའི་འོད་ལས་གྲུབ།།
ཁྱོད་ནི་བརྩེ་བའི་རྡུལ་གྱིས་གྲུབ།།
ཁྱོད་ནི་རང་གི་མདངས་ཀྱིས་གྲུབ།།
ཁྱོད་ནི་ཁྱོད་ཀྱི་མིག་ལས་གྲུབ།།