
ལེའུ་དང་པོ། ——ཡུལ་ལྗོངས།
༡ས་སྲོད།
ཉིན་གཅིག་གི་གྱང་སྟེང་ནས་ཡོངས་སུ་བཞུ་ལ་ཉེ་བའི་ཆབ་རོམ་སྨུག་པོ་དེ
འཁྱག་རླུང་གི་འུར་ཟིང་གསེབ་ནས
རྒྱུ་སྐར་ཁ་ཤས་དང་འདྲ་བར་འདར་ཙམ་བྱེད
དྲན་པའི་རྫ་འདབས་སུ་ཆགས་པའི་རུ་སྡེ་ཆུང་ཆུང་ཞིག་ཀྱང
ནོར་ལུག་གི་རྩིག་པ་དཀར་ནག་གི་སྣོལ་མཚམས་བར་དང
མུན་པས་འཐག་གིན་པའི་རེ་སྦྲ་ནག་པོའི་ཁྱམས་འོག་ན
བསང་མེ་ཁ་ཤས་དང་འདྲ་བར་འདར་ཙམ་བྱེད
ཉིན་གྱི་ཆུ་མིག་དྭངས་མོ་དེ་ངལ་དུབ་ཀྱི་ས་རྡུལ་རིམ་པས་རྙོག་པོར་གྱུར་བ་དང
བརྩེ་བའི་གསེང་གི་ཐ་སྙད་དག་ཀྱང
རླུང་བུའི་ཡལ་གའི་སྟེང་གི་དངན་པ་རིང་མོ་ཞིག་ལྟར་འདར་ཙམ་བྱེད
ས་སྲོད་ནི ན་ཚོད་ཀྱི་ལྗོན་པའི་རྩེ་ནས་ས་རུ་ལྷུང་ལ་ཉེ་བའི་སིལ་ཏོག་དེ་ཡིན་ནམ
དུས་ཚོད་ཀྱི་ཤོག་ངོས་དཀར་བོ་ནས་ཡལ་ལ་ཉེ་བའི་ལོ་རྒྱུས་ཀྱི་ཟིན་བྲིས་དེ་ཡིན་ནམ
༢ཞོགས་པ།
རི་རབ་ཀྱི་དགུ་ཚིགས་དང་ཟིལ་བའི་སྐར་ཚོམ་གྱི་ཀློང་དུ
བྱིས་པ་ཞིག་གི་ཤ་མདངས་ལྟར་དུངས་པའི་ཞོགས་པ་དེ་ལྡེམ་ཙམ་བྱེད
ཉི་མ་ནི་མི་ཚོ་ཡར་ལངས་པ་མཚོན་བྱེད་དུ
ནམ་མཁའི་ཐབ་ཀ་སྔོན་པོ་རུ་དམར་ལམ་མེར་སྦར་འདུག
ཞོགས་པ་ནི་ཆུ་ཤེལ་གྱིས་སྒྲིག་པའི་སྙན་ངག་ཚན་པ་གཅིག་ཡིན་ན
མི་ཚོས རང་གི་ལས་ཀའི་སྐྱོགས་ཐོམ་རེ་རེ་ཤུགས་ཀྱིས་བསྲིངས་ནས
མཛེས་སྡུག་གི་ཐ་སྙད་རེ་རེ་སིལ་བུར་གཏོར་བྱུང
ནོར་ལུག་གི་དབྱངས་དག་བཞུད་ཚར་བའི་ཞོགས་པ་ཆག་རོ་ཞིག
ད་ནི ལྷས་ར་སྟོང་བའི་སླ་ང་རུ་བཞག་ནས་ཉིན་གུང་གི་ཐབ་མགོར་བསྐྱོན་གྲབས་བྱས་འདུག
༣དཔྱིད་ཀ
ལྭ་བ་ཧྲལ་ཧྲུལ་གྱོན་པའི་དུས་ཚོད་ཅིག
རླུང་བུ་ཁ་ཤས་དང ཆར་བ་ཁ་ཤས་ཀྱིས་འཐག་གིན་པའི་དུས་ཚོད་ཅིག
ཉི་འོད་ཀྱི་སྐྲ་ལོ་སྐམ་མེད་པའི་དུས་ཚོད་ཅིག
དགུན་ཁས་ཤེད་ཀྱིས་རྡུང་བའི་ཆབ་རོམ་གྱི་ལྕགས་ཐག་ཆད་ལ་ཉེ་བ་ཞིག
ལོ་མ་ཁ་ཤས་ཀྱི་ཡིག་ཆུང་འབྲི་ཤེས་པའི་ལྗོན་པ་ཞིག
ཉིན་ངོས་དང་ན་གཞུང་ལ་སྔོར་རྩྭ་ཕྲ་མོས་འཚང་ཀ་རྒྱགས་ས་ཞིག
བུ་མོ་མཛེས་མ་ཞིག་ལ་ལུས་འབྲེལ་བྱེད་པ་དང་འདྲ་བར
གྱོན་པ་ཇེ་སྲབ་ནས་ཇེ་སྲབ་ཏུ་གཏོང་དགོས་པའི་ནམ་ཟླ་འདི་མཐོ་སྒང་དུ་འབྱོར་ནས
ང་ལ་རང་བྱུང་གི་དྲི་མ་སྣུམ་པོ་དེ་བསྩལ་བྱུང
༤ ཆར་བ།
ནམ་མཁའི་ལྗོན་པ་དང་རླུང་གི་ཡལ་ག་དག་འདར་བ་ལས
གློག་ཞགས་ཀྱི་ཐག་པ་གང་སར་གཡུགས་པ་ལས
བཞུ་ལ་ཉེ་བའི་སྐར་མ་ཆུང་ཆུང་དག་ཤག་ཤག་ཏུ་འཐོར་བྱུང
མཐོ་སྒང་གི་སྒལ་ཚིགས་སྟེང་གི་འཁྱག་པ་དག་བཞུས་ཚར་ཏེ
ཆར་བ་སམ་སིམ་དག་རྔུལ་ཆུ་ལྟར་འབབ་དུས
འབུ་སྲིན་ནག་པོ་ཞིག་དང་འདྲ་བའི་མུན་པ་འདི་ཡང་མཚན་གཅིག་རིང
ང་ཡི་སྒོ་འགྲམ་ན་འགུལ་མེད་དུ་སྐུང་ནས་འདུག
ནམ་ལངས་དུས
སྒེའུ་ཡོལ་སྲབ་མོ་ཞིག་དང་འདྲ་བའི་ཆར་བ་སམ་སིམ་འདིའི་ཕ་རོལ་ན
སྨུག་པའི་གཟེབ་ཏུ་ཚུད་པའི་རི་བོ་ཞིག་ཀྱང
སྒྲོ་གཤོག་མཛེས་པའི་བྱེའུ་ཆུང་ཞིག་ལྟར་འཆར་ཁའི་ཉི་འོད་ལ་བཅེར་ནས་འདུག
ཆར་བ་ནི་ནམ་མཁའི་ཤ་མོའི་ནང་རོལ་གྱི་ཤུར་མོ་ཕྲ་མོ་ཕྲ་མོ་དེ་དག་ཡིན་ནམ
༥ གངས་རི།
རླུང་གི་གྲི་བརྡར་ས་དང་ཉི་འོད་ཀྱི་མདའ་མོ་འགོག་པའི
ནམ་མཁའི་གཟི་མིག་དགུ་བ་འདི
རྒྱང་རིང་གི་རྩིག་ལྡེབས་ནས་མངོན་པའི་རྨོག་དཀར་པོ་འདི
དབྱངས་གསལ་གྱི་གློག་ཞགས་ཁྲོད་ནས
ང་ཡི་ཁེར་རྐྱང་ལ་མཚན་གཅིག་རིང་བཅེར་བའི
སྡུག་བསྔལ་གྱི་སྐྲ་ལོ་དཀར་པོར་གྱུར་བའི་ས་ཡི་སོ་བ་འདི
ཞོགས་པ་རེ་རེ་པང་ལ་གཉེར་གྱིན ས་སྲོད་རེ་རེ་རྒྱབ་ལ་ཁུར་གྱིན
ཐ་སྙད་ཀྱི་ཆུ་བོ་དུ་མའི་མགོ་ཁུངས་སུ་ཉལ་བའི་དུས་ཀྱི་མེ་ལོང་འདི
ད་ནི་བས་མཐའི་རེ་སྒུག་ཁྲོད་ནས་སུ་ཡི་གཞས་ཚིག་ཏུ་འགྱུར་ཐུབ

ལེའུ་གཉིས་པ། ——བྱིས་དུས།
༡ ལོ་དྲུག་ལ་སོན་དུས།
སྤང་ལྗོངས་ཀྱི་སླ་ང་རུ་དུས་ཚིགས་བཞི་བོའི་བཏུང་བ་རེས་མོས་ཀྱིས་བསྐོལ་ནས
རྐང་རྗེན་ཏུ་བེའུ་ཆུང་འཚོ་བའི་བྱིས་པ་ཞིག
ལྷ་སྒྲུང་གི་སྐར་ཚོམ་འོག་དང
གཏམ་རྒྱུད་ཁ་ཤས་ཀྱི་སྔས་འབོལ་ལ་བསྙེས་ནས་ནར་སོན་བྱུང
༢ སློབ་ཆུང་གི་འཚོ་བ།
ཐ་སྙད་གསོག་པ་ལས་ཤིག་གསོས་པ་མང་ལ
བོད་ཡིག་མ་ཤེས་གོང་ནས་རྒྱ་ཡིག་གི་མིང་ཚིག་འགའ་ཡིས
རྙོག་ཅིང་འཛིང་བའི་ཡི་གེའི་གྲིབ་མ་བསྟན་བྱུང་མོད
ང་རང ཉིན་མོའི་ཆབ་རོམ་དཀར་བོའི་སྟེང་ནས་ངལ་མ་མྱོང་ལ
མཚན་མོའི་ལྗོན་པ་ནག་པོའི་གསེབ་ནས་སྐྲག་ཀྱང་མ་མྱོང
༣ ཉིན་གཅིག་གི་བེའུ་རྫི།
དབྱར་ཀ་ཟེར་བའི་འབོལ་གདན་འདིའི་སྟེང་དུ་ཉི་མ་ཚ་བོ་ཞིག་གིས་འགྲེ་ལོག་བརྒྱག་ལ
རླུང་བུ་ཟེར་བའི་དར་གོས་སྲབ་མོ་ཞིག་ཀྱང
ཉག་ཁ་དང་ཐང་ཆེན་གྱི་སྣེ་ན་ཆར་བ་སྐམ་པོ་ཞིག་དང་འདྲ་བར་གཡོ་ཙམ་བྱེད
གློ་ཉལ་བྱས་པའི་རྫ་འདབས་སུ
ཆུ་མིག་གི་ཐ་སྙད་དང་སྨུག་སྤྲིན་གྱི་ཚིག་ཚོགས་གཅིག་ཏུ་འདྲེས་ཤིང
མེ་ཏོག་གི་གཟེབ་དྲར་ཚུད་པའི་ཕྱེ་མ་ལེབ་ཆུང་ཆུང
ང་ཡིས་བེའུ་ཆུང་འཚོ་སའི་སྒེའུ་ཁུང་ཁ་ནས་གཡོ་ཙམ་གཡོ་ཙམ་བྱེད
ནམ་མཁའི་སྒལ་གཞུང་གཅེར་བུར་མ་བུད་པའི་ས་སྲོད་ཀྱི་སྔོན་ལ
ང་ཡིས རང་གི་བྱིས་དུས་ཀྱི་བེའུ་ཆུང་དེད་ནས་ཕྱིར་ཡུལ་ཏུ་ལོགས་དགོས
༤ ལོ་སར་ཚེས་གཅིག
བསང་མེ་རེ་རེ་ནི
མཚན་མོའི་མཇིང་བར་བསྐོན་པའི་བྱུ་རུའི་ཕྲེང་བ་ཞིག་དང་འདྲ་ལ
ང་ཚོས སྐྱ་རེངས་ཀྱི་སྔོན་ཏུ་རང་གི་སེམས་པ་མཁའ་དབྱིངས་སུ་འཐེན་ཚར་ཡོད
ལོ་རྒན་གཅིག
ཁྱོད་ཀྱི་མིག་ཆུར་སྦངས་ཀྱིན ང་ཡི་རེ་སྒུག་ཏུ་བཀྲུ་བཞིན
ཤི་གསོན་གཉིས་ཀྱི་དྲོ་འཁྱག་གིས་དེ་རིང་ཟླ་ཚེས་གསར་བ་རུ་སྦར་དུས
ལོ་སར་གྱི་སྡེར་ཁའི་བར་གསེབ་ནས
ང་ཚོས རང་གི་བགྲོད་ལམ་གྱི་བྲོ་བ་ཅི་ཙམ་མྱོང་ཐུབ
༥ རྩེད་གྲོགས་བུ་མོ།
བྱིས་དུས་ཀྱི་རི་མོ་དེའི་གསེབ་ན
དམར་ལ་སྣུམ་པའི་མཆུ་སྒྲོས་ཆུང་ཆུང་ཞིག་ཡོད་པ
མི་གཟིམ་སྙིང་ཆུང་སྒྲོན་པའི་ཞལ་རས་དྭངས་མོ་ཞིག་ཡོད་པ
ཞོགས་པ་རེ་རེའི་ཡལ་ག་ནས་དགོད་སྒྲ་ཕྲ་མོ་ཞིག་གྲགས་པ
ས་སྲོད་རེ་རེའི་སྦྲ་སྒོ་ནས་ལག་ཆུང་སྙི་མོ་ཞིག་གཡུགས་པ
ད་ལྟ ཐ་སྙད་ཀྱི་ཐེ་གེ་སྒྲིག་ན་མངོན་འོང་ངམ
རྨི་ལམ་གྱི་སྐར་མ་བསྒྲོན་ན་འཛུམ་འོང་ངམ

ལེའུ་གསུམ་པ། ——རྫོང་མཁར།
༡ གློག་འོད་དང་མཚན་མོ།
འབྲོག་ཐང་གི་མཚན་མོ་ནི་སྐར་མའི་ཚེར་མགོར་གཡེངས་པའི་རས་ནག་པོ་ཞིག་ཏེ
ཁྱོད་ཀྱིས་དེ་ཡི་ངོས་སུ་སྤར་བྲད་བྱས་ཀྱང
མུན་པ་ཁོ་ན་ལས་ཁྲ་ཁྲ་རིག་རིག་དག་བརྡོལ་མི་སྲིད
རྫོང་མཁར་འདིའི་དེང་རབས་ཅན་གྱི་རྟགས་གཅིག་པུ་ནི
ལུག་བཅུ་ལྷག་དང་གཡག་བཞི་ལྔ་ཙམ་མི་གཤོང་བའི་སྲང་ལམ་ཞིག་གོ
དེ་མིན ཉི་འོད་ཀྱི་སྟེང་དུ་ཉི་འོད་བཞག་ཏེ་བལྟས་རུང
མཐོང་རྒྱུ་ནི་ཁང་བའི་སྟེང་དུ་ཁང་བ་བརྩེགས་མ་ཐུབ་པའི་སོ་ཕག་གི་ཁང་ལེབ་དག་གོ
འོན་ཀྱང ས་རུབ་པ་ན
མུན་པའི་འདབ་ཁ་ཡར་ལ་བརྫི་བའི་འོད་ཀྱི་ཤེལ་ཐོ་འགས
ཁང་བའི་སྒེའུ་ཁུང་རེ་རེ་ནས་སྐེ་བསྲིངས་ཏེ་ལག་ངར་མཐོ་རུ་བསྒྲེང་གིན་པ་དེར
མི་ཚོས་གློག་སྒྲོན་ཟེར་ལ
ང་ཡིས་དེ་ནི་མུན་པར་ཕོགས་པའི་ནད་ཡམས་རིགས་ཤིག་ལོས་ཡིན་འདོད་བྱུང
༢ ལྕགས་རྟ་དང་སྲང་ལམ།
ནོར་བརྡང་ཞིག་ལས་རིང་དྲགས་པའི་སྲང་ལམ་འདི་རུ
ཚོང་ཁང་དང་ཟ་ཁང་འགའ་ཡོད་ལ
མགྲོན་ཁང་དང ལས་ཁུངས་རིགས་མི་འདྲ་བ་སྐོར་ཞིག
སྲང་ལམ་འདི་བཞུར་སའི་རྐ་རགས་བཞིན་སྒྲིག་ཡོད
ཁུར་བོ་ལྗིད་མོ་ཁུར་བའི་ཁལ་མ་ཞིག་དང་འདྲ་བའི་དངོས་སྐྱེལ་རླངས་འཁོར་དང
མི་འགྲུལ་རླངས་འཁོར དེ་མིན་དཔོན་པོ་ཚོས་དུ་བ་འཐེན་སའི་འཇེབ་འཁོར་སོགས
ཅིག་ཅིག་རིན་གོང་ཐེགས་དཀའ་བ་དག་བཞུད་ཤུལ་གྱི
ང་ཡིས་ཆེས་བསྐོར་འདོད་པ་ནི་ལྕགས་རྟ་ཟེར་བའི
རྨིག་པ་ཅན་ཞིག་མིན་པར་ལྕགས་ཀྱི་འཁོར་ལོ་ཅན་དེའོ
དེར་ཞོན་ནས་ཉིན་གཅིག་ལ་སྲང་ལམ་ཉུལ་ཐུབ་ན
ང་ཡི་སྐབས་དེའི་འདོད་པ་ཁ་ཤས་ཀྱི་ནང་གི་གཅིག་ཡོངས་སུ་རྫོགས་ཡོད
༣མེ་ལོང་དང་ངོ་གདོང་།
མེ་ལོང་ནི་བཀྲུས་བཀྲུས་པའི་ཆུ་མིག་དྭངས་མོ་ཞིག་དང་འདྲ་བོ་འདུག
མེ་ལོང་ནི་བཀྲུས་ཀྱང་མི་འགྱུར་བའི་ཟླ་བའི་ངོས་དེ་དང་ཡང་འདྲ་བོ་འདུག
མེ་ལོང་ལས་ཐེངས་དང་བོར་རང་གི་ངོ་གདོང་མཐོང་དུས
ང་ཡིས་བརྙན་ཕབ་ལས་རྒྱ་ཡིག་གི་ཐ་སྙད་མང་ཙམ་རྟོགས་ཡོད་མོད
དབྱིན་ཡིག་གི་ཐ་སྙད་གཉོམ་ཆུང་འགའ་ཡིས
ང་ཡི་གསར་བུའི་སྣང་བ་གསེར་ཏོག་ཅན་དེའི་མགོ་ལ་ས་རྡུལ་མང་ཙམ་ཕབས་ཡོད
རྫས་འགྱུར་དང དངོས་ལུགས་དང རྩིས་རིགས་ཟེར་བ་དག་གིས་ཀྱང
ང་ཡི་སློབ་འབྲིང་གི་སྒེའུ་ཁུང་ཁར་ལྕགས་དྲ་སྲ་མོ་ཞིག་རྒྱབ་ཡོད

ལེའུ་བཞི་བ། ——གྲོང་ཁྱེར།
(སྟོད་ཆ།)
༡ འུར་ཟིང་འབྲི་བ།
ཤེལ་ཆག་རོ་ལྟ་བུའི་སྒྲ་དག ཚེར་མགོ་སྒྲིག་པ་ལྟ་བུའི་སྒྲ་དག
དུས་ཚོད་དང་མི་སེམས་ཀྱི་གས་ཀ་ལྟ་བུའི་སྒྲ་དག
ཁང་རྩེག་གི་འདོམ་ཁུད་དང
སྲང་ལམ་གྱི་གཅིན་ལམ་ནས་ཞེ་སྡང་གི་ཚུལ་གྱིས་ཤུད་ལ
གློ་སྙིང་གི་མེ་ཏོག་སྟེང་དུ་ས་རྡུལ་བཞིན་བབས་ནས
རུས་རྐང་གི་གཞི་རུ་སོག་ལེ་བཞིན་འཐེན་འོང་ནས
ཆུ་མིག་བཞིན་དྭངས་པ་དག་རྙོག་ཅིང་རྫད་འགྲོ
མདོར་ན འུར་ཟིང་གི་ལྕགས་དྲའི་གསེབ་ཀྱི་སྡུག་བསྔལ་དག
བྲང་འོག་ཏུ་སྐྲན་ནད་བཞིན་སྦ་ལས་གཞན་ལ་སྟོན་ཐབས་ཀྱང་མེད་དོ
༢ བྲེལ་འཚུབ་འབྲི་བ།
སྲང་གི་སྐུད་པ་བརྒྱུད་ནས་ཟགས་ཀྱིན་པའི
འདོད་ཧམ་གྱི་རྐང་བ་བྲེལ་མོ་དང ཟོལ་བཅོས་ཀྱི་ལག་པ་མྱུར་མོ་དེ་དག
འཚོ་བའི་སྲུབས་ཀ་སྲ་མོར་བཙེམ་པའི་སྐུད་པ་སྲ་མོ་དེ་དག
ཚེ་སྲོག་སོ་སོའི་བར་ཏུ་འཚུབ་པའི་གློག་ཞགས་དང་མེ་སྟག་དེ་དག
དུས་ཚོད་ཀྱི་རི་དྭགས་རྔོན་པས་བདའ་བ་ལྟ་བུའི་འགྲོས་མྱུར་མོ་དེ་དག
ཞོགས་པའི་དོང་ཁ་ནས་ས་སྲོད་ཀྱི་དོང་ཞབས་བར་ཏུ
ངལ་དུབ་དང་སྐྱོ་བས་འདྲུད་ཀྱིན་པ་མཐོང་ནས
ང་རང གྲོང་ཁྱེར་གྱི་རྩེད་ར་རྫོད་པོ་ལ་གཏིང་ནས་སུན་བྱུང
༣ ཐོག་ཁང་འབྲི་བ།
གྲོང་རོང་འདི་དག་གི་ནང་དུ
མི་ཡི་ཆག་རོ་དང་སེམས་ཀྱི་མྱགས་རོ་བླུགས་ཡོད
མི་ཡི་ལྡེབས་རིས་འདིའི་གསེབ་ན
དོགས་ཟོན་དང་ཉེན་ཁ་དུ་མས་འཚང་ཀ་རྒྱག
གློ་དང་མཆིན་པ་རུལ་བ་མང་བོའི་སྒོག་སྐྱ་སྐམ་ཡོད
སྙིང་དང་མཁྲིས་ནད་མང་བོའི་ལྭ་ཙི་སྐམ་ཡོད
མི་ཚེ་གཅིག་ས་རྡོ་རུ་བསྲེས་པའི་སྒེའུ་ཁུང་དག་སྒྲིག་ཡོད
དེ་ལས་གཞན ཁ་མི་གྲགས་པའི་དབུལ་བོ་མང་བོའི་མིག་ཆུ་བསྐྱིལ་ཡོད
(སྨད་ཆ།)
༡ དོགས་ཟོན་གྱི་གཟེབ་དྲ།
སྟག་གཟིག་དོམ་དྲེད་དག་གཟེབ་དྲར་བཅུག་རྗེས
མཚོན་ཆ་རྣོ་བོ་དག་མཛོད་ཁང་དུ་བསྡུས་རྗེས
སྒྲིག་ལམ་གྱིས་ར་བ་ཆེན་པོ་ཞིག་བཟོས་རྗེས
སྡོད་ཁང་རེ་རེར་ཟྭ་སྲ་མོ་རེ་རྒྱབ་རྗེས རྒྱུ་ནོར་དག་ཁྱིམ་ཕུགས་སུ་བཅུག་རྗེས
མི་ཚོ རླུང་དང་ཉི་འོད་ལའང་ཐེ་ཚོམ་གྱིས་ཁེངས་འདུག
༢ བརྩེ་སེམས་ཀྱི་ཆག་རོ།
ཨར་འདམ་དང་རྣོ་ལྕགས་ཀྱི་སྡོང་བོར་འཁྱིལ་པའི་སེམས་ཀྱི་དུག་སྦྲུལ
བརྙན་འཕྲིན་དང་མེ་ལོང་གི་ངོས་སུ་རྒྱུ་བའི་འཛུམ་ཆུང་གི་ནད་ཡམས
འགྱིག་བཟོས་མེ་ཏོག་དཀྱིལ་གྱི་ས་རྡུལ་གྱི་ཟེའུ་འབྲུ
བྱེ་ཐང་ཆེན་པོ་ཞིག་དང་འདྲ་བའི་བྲང་ཁོག་གི་འཇིག་རྟེན
བུས་པའི་ཞོ་ཤའི་གསེབ་ཀྱི་ལྕགས་ཀྱི་སྡེར་མོ
མ་ཡུམ་གྱི་ངག་ལྐུགས་པར་གྱུར་བའི་བསླབ་བྱའི་ཚི་དྲེག
སྲུབས་ཀ་ཆེན་པོ་ཞིག་ཏུ
གྲོང་ཁྱེར་ཟེར་བ་དེ་དམར་གསོད་དང་ལྐོག་གཡོའི་ངང་ལྐུངས་འདུག
༣ ཁེར་རྐྱང་གི་ཟིན་བྲིས།
མཛའ་མོའི་འཛུམ་མདངས་ལྟ་བུའི་ཞོགས་པ་དེ
མི་ཚོགས་ཀྱི་ཁ་རླངས་དང་ཁང་རྩེག་གི་ལྕགས་དྲར་ལྷུང་ནས
འུར་ཟིང་ཁ་ཤས་དང ངལ་དུབ་རབ་རིབ་ཀྱི་ནད་ཡམས་ཀྱིས་བཅུམས་འདུག
འོ་ཇ་མངར་མོ་ཞིག་ལྟར་གཙང་བའི་ཉིན་གུང་དེའང
བྲེལ་འཚུབ་དང་འཚང་ཀ་འཚུབ་མོ་དག་གིས་ཡོངས་སུ་སྦགས་འདུག
འབྲུ་མར་སེར་བོའི་ཁ་རྒྱན་གྱིས་དཀྲིས་པའི་ས་སྲོད་དེ་ཡང
སྨད་འཚོང་མའི་གཡེམ་དྲི་དང ཆང་ཁང་དོག་མོ་དག་གི་དྲི་ངན་གྱིས་ལྷད་འདུག
མཚན་མོར རྨི་ལམ་གྱི་ཐ་སྙད་བཀྲམ་འདྲའི་སྐར་མའི་གསེབ་ནས
ང་ཡིས་རང་གི་མིག་ཆུ་དག་སུ་ལ་མགུལ་རྒྱན་ཏུ་ཕུལ་དགོས

ལེའུ་ལྔ་བ། ——བྱེ་ཐང་།
༡ ས་སྲོད།
ཉིན་དཀར་འོ་མ་འདྲ་བོ་དེ་སྐམ་པར་གྱུར་བས
སྒེག་མའི་བརླ་ཤ་ལྟ་བུའི་སྤྲིན་པ་དག་བསྲེགས་ཚར་བས
བཟི་སྣང་རབ་རིབ་ཀྱིས་ཁེངས་པའི་དུས་ཚོད་ནད་པ་ཞིག
ཁང་མིག་སྟོང་བ་ལྟ་བུའི་གནའ་མཐའ་ནས་གྱོལ་མ་ལྡིང་གིས་སླེབས་བྱུང
ས་ཡི་ལོ་མ་ལྟ་བུའི་རི་རབ་དག་ནག་རོག་གེར་འཁུམས་འདུག
ནུབ་ཕྱོགས་ཀྱི་རྨ་ཁ་ལྟ་བུའི་འོད་དམར་བོ་དེས་ཀྱང་གྲང་འདར་བརྒྱག་གིན་འདུག
རྨ་ཁའི་ཀླད་ཀྱི་ཆུ་རྣག་ལྟ་བུའི་སྐར་མ་ཁ་ཤས་ཀྱིས་ཀྱང་ངུ་ཤུམ་འཐེན་འདུག
སྲོད་དུས་སུ འཇིག་རྟེན་གྱི་སྒོ་མོ་ཐམས་ཅད་རྒྱབ་ནས
ཁྱོད་ལ་ཁེར་རྐྱང་གི་རྩིབས་མ་ནག་པོ་ཞིག་གླན་ངེས
༢ མཚན་མོ།
བེར་ལྭ་ནག་པོ་གྱོན་པའི་མཚན་མོ་འདི་སྒྲོག་ལ་བཅིངས་པ་དང་འདྲ་བར
ཆུ་རུ་བླུགས་དེ་འཁྱག་རེངས་སུ་གྱུར་བ་དང་འདྲ་བར
ལྕགས་ལྗིད་མོ་ཞིག་དང་འདྲ་བར རྡོ་སྲ་མོ་ཞིག་དང་འདྲ་བར
སུན་སྣང་གི་ས་སྟེགས་འདིར་ལྗིད་ཏིག་གེར་ཙོག་པ་ན
བཙའ་སྣ་ཚོགས་ཆགས་པའི་གློག་སྒྲོན་ཟེར་བ་དག་གིས་ཡོངས་སུ་བསྐོར་བས
མཚན་མོ་འདིར ལག་པ་ཅི་ལྟར་བསྲིངས་ཀྱང
ཨ་མའི་བརྩེ་སེམས་ལྟ་བུའི་མར་མེ་དེ་ལ་རེག་ཐབས་མ་བྱུང
དུ་བ་ནག་པོ་ཞིག་མུན་པའི་བེར་ལྭའི་སྟེང་ན་འབུ་སྡོམ་བཞིན་འགུལ་གྱིན་འདུག
༣ ཞོགས་པ།
ཞག་གང་བོའི་ས་རྡུལ་འཐུག་པོ་དེ་ལེགས་པོར་བཀྲུས་པའི
ཞོགས་པ་ཟེར་བའི་གོས་ཁྲུ་གང་ཡང་གྱོན་མེད་པའི་ཨ་ཅེ་གཅེར་བུ་མ་འདི
འཇིག་རྟེན་གྱི་སྒེའུ་ཁུང་ཁ་ནས་འཛུམ་དམུལ་ལེར་ཉིན་གཅིག་གི་ཁྱིམ་ཏུ་འཛུལ་དུས
མགོ་སྐྲ་ཤུད་ཚར་བའི་བྱེ་ཐང་གི་བྲང་ཁ་ནས
ང་ཡིས མི་སེམས་ཀྱི་བརྩེ་བ་ལྟ་བུའི་ཆུ་མིག་དེ་ཅི་ལྟར་འཚོལ་དགོས
༤ཚ་སྨུག
གླུ་ཚིག་ཅིག་དང་འདྲ་བའི་མེ་ཏོག་དེ་དྲན་ནས
ཨ་མྱེས་ཀྱི་ལྷ་སྒྲུང་དང་འདྲ་བའི་ནམ་མཁའ་སྔོ་ཡུག་ཡུག་དེ་དྲན་ནས
བྱིས་དུས་ཀྱི་རྩེད་ར་དང་འདྲ་བའི་ན་ཆུ་སྔོ་མེར་མེར་དེ་དྲན་ནས
སྒོ་ཕྱུགས་དཀར་ནག་གི་ལྡེབས་རིས་ཆེན་པོ་ཞིག་དང་འདྲ་བའི་སྤང་ལྗོངས་དེ་དྲན་ནས
བྲང་འོག་གི་བྱེ་ཐང་ལ་གློ་སྙིང་བསྲེགས་འདྲའི་ཚ་སྨུག་ཅིག་འཐིབ་བྱུང
༥རླུང་འཚུབ།
ཆུ་མིག་དྭངས་མོ་ལྟ་བུའི་དྲན་པ་དེ་ཁུར་སོང
སྒེའུ་ཁུང་ལྟ་བུའི་ཞོགས་དེའང་ཁུར་སོང
མིའི་རིགས་ཀྱི་ཞེ་སྡང་ལྟ་བུ་དེ
ཐག་རིང་ནས་འོང་ཏེ་མཛེས་སྡུག་ཐ་དག་རྡུལ་ཏུ་བརླག་སོང
གཅན་གཟན་གྱི་གདུག་རྩུབ་ལྟ་བུ་དེ
སྨད་འཚོང་མའི་ཨོང་ཤ་ལྟར་གཅུ་བཞིན་འོང་ཏེ་གདོད་མའི་ས་བོན་དག་སྦགས་པར་བྱས་སོང
ཚེ་སྲོག་དག་གི་གཏིང་ནས་རླུང་འཚུབ་དེ་མཚམས་མེད་པར་ལྡིང་ངེས་པ་འདྲ

ལེའུ་དྲུག་པ། ——དྲན་གདུང་།
༡ འབྲོག་ཐང་།
འདི་ནི་ཉིན་གྱི་རྫ་བུམ་ཏུ་བཏབ་པའི་མེ་ཏོག་ཅིག
རྩྭ་གསེབ་ནས་འབུས་པའི་བརྩེ་བ་དག
ཟིལ་བ་དང་མཉམ་དུ་སྐམ་མི་སྲིད་ལ་ཆར་བ་དང་ལྷན་ཏུ་འཐོར་ཡང་མི་སྲིད
སྦྲ་གུར་གྱི་ཚོམ་བུ་དང་གླུ་གཞས་ཀྱི་ཕྲེང་བ་རིང་མོས
ང་ཡི་རྣམ་ཤེས་ཀྱི་རྟ་ཕོ་ཚེ་གཅིག་རིང་དེ་ཡི་པང་ཁུགས་ཏུ་བཏེགས་ཡོད
༢ སྦྲ་གུར།
འདི་རུ་མིག་ཆུ་གཏོར་རུང་སྐར་མ་བཞིན་འོད་དུ་འཚེར་ངེས་ལ
དངན་པ་འཐེན་རུང་རླུང་བུ་བཞིན་སྦགས་བཙོག་གིས་ལྷད་མེད
འདི་རུ་མི་སེམས་ཡོད་ཚད་མར་མེ་སེར་བོ་བཞིན་དྲོད་ཀྱིས་འབར་གྱིན་ཡོད་པས
ང་རང་གཅེར་བུར་བུད་རུང་ནམ་ཡང་འཁྱག་མི་སྲིད
འདི་རུ་ཨར་འདམ་གྱི་ལྕགས་བྲ་སྐོར་མེད་པས་མི་ཚེ་ལྷོད་གཡེང་གིས་བསྐྱལ་ཆོག
༣ འབྲོག་མོ།
ཞོགས་པའི་གད་ཀླད་ན་ཕྱི་ལས་ཀྱིས་བྲེལ་ཞིང
སྲོད་ཀྱི་གྲོག་རོང་ན་ནང་ལས་ཀྱིས་འཚུབ་ཀྱིན་པ་ནི
མི་ཚེ་བུ་གཅིག་བུ་ཕྲུག་ཚོའི་རྨི་ལམ་གྱི་བཟོ་བྱེད་དུ་ཕུལ་བའི་འབྲོག་མོ་ཞིག
འབྲོག་མོ་དེའི་སྣང་བརྙན་ཁོ་ནས
ང་ཡི སྐར་མའི་ཐ་སྙད་ཡོད་ཚད་སྙན་ངག་གི་གློག་ཞགས་སུ་བརྒྱུས་ཀྱིན་ཡོད་དོ
༢༠༡༡ལོར་བྲིས།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།