
ཧེ་རོ་སྒང་གྲོང་གསེབ།*
ང་ངའི་མགྲོན་པོ་ཡིན་ཚུལ།
སུ་ཞིག་གི་མིག་ཆུ།
ཞེད་སྣང་ལ།
ང་དང་འབྲེལ་བའི་གཏམ་རྒྱུད་དག
ཕམ་ཁ་མིན་པར་སྨོན།
ངས་མིག་ཟུང་མ་བཙུམ་པའི་སྔོན་ཏུ།
དྲན་ཆོག་པ་མེད་དམ།
རླུང ཡང་རླུང་གིས།
ང་ཁུར་ཚེ།
མར་མེ་རྐང་གཅིག་སྒྲོན་ནས་ངུ་མཁན།
གྱེས་ཟིན་པའི་ཁྱོད་ཡིན་སྲིད།
དྲན་གདུང་བསྐུར་སའི་མི་དེ།
གར་སོང་ཆ་མེད།
བརྩེ་དུང་ཞུ་སའི་མི་དེ།
གར་སོང་ཆ་མེད།
རེ་བ་བཅོལ་སའི་མི་དེ།
གར་སོང་ཆ་མེད།
རང་སེམས་ལ་ཟགས་པ་ཐམས་ཅད།
སྙོབ་ཐབས་མེད་ཚེ།
ཁྱོད་ཟེར་བ།
ང་དང་ཉེ་བ།
གཞན་ལ་སློང་ཨེ་ཆོག
མགོ་སྒུར་སྒུར་གྱིས་འགྲོ་སྟངས་ཤིག
ངའི་མི་ཚེར་དབང་བ།
ཐོར་ཟིན་པའི་ཡིག་འབྲུ་རེ་རེ།
ཕ་གའི་འཇིག་རྟེན་གཅིག་པུ།
ཚུར་གའི་མར་མེའི་སྨོན་ལམ།
གློ་བུར་གྱི་གོམ་ཁ།
ལྗིད་ཏིག་ཏིག
དར་ཆ་ཟད་པོ།
ཀྱེ་ཧུད དར་ཆ་ཟད་པོ།
2017/11/30/12/3
ཧེ་རོ་སྒང་གྲོང་གསེབ་ནི་ཁོ་བོ་གནས་ཚང་བཅོལ་ནས་མི་ལོ་བཅུ་བཞི་ལྷག་འགོར་ན། ངས་མཚན་གུང་གི་ཆུ་སྒྲ་ཉན་པ་གཅིག་དང་ནམ་སྨད་ཀྱི་བྱ་སྐད་ཉན་པ་གཉིས་བཅས་ཏེ་ཧེ་རོ་སྒང་ཞེས་པའི་དོན་དག་བཙལ་མ་འདོད་ལ་འདྲི་མ་འདོད།

ཡང་རི་མགོར་གངས་འབབ་ཐེངས་ཤིག
རླུང་ལ་ཐོགས་པའི་ཁྱོད།
སུ་ཞིག་གི་དུས་ཚིགས།
ཡང་ན་རྒྱང་རིང་ནས་འོང་བའི་མགྲོན་པོ་ལྟར།
ང་དང་འཕྲད་པ་ཐེངས་གཅིག་མིན།
ཉི་འོད་ལ་སིམ་པའི་ཁྱོད།
སུ་ཞིག་གི་མེ་ཏོག
ཡང་ན་རྒྱང་རིང་ལ་ཤོར་བའི་འཁྱམས་པོ་བཞིན།
ང་དང་གྱེས་པ་ཐེངས་གཅིག་མིན།
རླུང་ལ་ཐོགས་པའི་ཁྱོད།
གངས་ཀྱི་འདབ་མ།
ཉི་འོད་ལ་སིམ་པའི་ཁྱོད།
གངས་ཀྱི་འདབ་མ།
2017/12’12–/13

རྡོ་རྗེ་གདན།
ཐོས་པའི་ཞིང་ཁམས་ཤིག
ཕ་རོལ་ཞིག
བཙལ་བའི་ཞིང་ཁམས་ཤིག
ཕ་རོལ་ཞིག
མར་མེ་གཉོམ་པོ།
འདར་ཙམ་འདར་ཙམ།
མུན་པ་སྟུག་པོ།
གཡོ་ཙམ་གཡོ་ཙམ།
ལས་དབང་བཟློག་པའི་སྐལ་བ།
ག་རེ་རེད།
ལས་དབང་དམད་པའི་མི་ཚེ།
ག་རེ་རེད།
ཕ་རོལ་ཕ་རོལ།
བྱང་ཕྱོགས་ཡིན་ནམ།
ངག་ལྐུགས་ལྐུགས་ཀྱིས་བོས་མྱོང་བ་དག
ནམ་ཡང་སྟོང་སྟོང་ཞིག
2017/22-26

མདང་དགོང་ངས་རང་ལ་སྒྲུང་ཞིག་བཤད།
འཛུམ་གྱི་ངོ་གདོང་།
དགའ་བ་དང་སྤྲོ་བ སྐྱེ་བ་སོགས།
ངས་ང་ལ་བསྩལ་བ།
སྡུག་བསྔལ་མིན་བསམ།
མིག་ཆུའི་ངོ་གདོང་།
སེམས་ཁྲལ་དང་སྡུག་བསྔལ འཆི་བ་བཅས།
ངས་ང་ལ་འབུལ་བ།
བདེ་བ་མིན་སྙམ།
2018/1/9

ལྷ་མོ།
གསོལ་བ་ཐེངས་གཅིག་གིས།
ཁྱོད་སུའི་འཇིག་རྟེན་ན་ཡོད།
མིག་ཟུང་གཏད་ས་མི་འདུག
བརྐྱངས་ཕྱག་ཐེངས་གཅིག་གིས།
ཁྱོད་སུའི་རྨི་ལམ་ལ་འཁོར།
ལག་ཟུང་བཟེད་ས་མི་འདུག
བསྐོར་བ་ཐེངས་གཅིག་གིས།
ཁྱོད་སུའི་སེམས་ཁོང་ལ་འཛུལ།
མིག་ཆུ་བྱོ་ས་མི་འདུག
2018/01/14-15

བར་འདི་ནས།
ལམ་རེ་རེ།
གྱ་གྱུ་མིན་ན།
ཡུལ་རེ་རེ།
སྟོང་བ་མིན་ན།
འཛུམ་རེ་རེ།
ཐག་རིང་མིན་ན།
ང་དགའ་འོས།
ང་སྐྱིད་འོས།
2018/01/20
རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།