བོད་གཞུག་སྐྱིད་ཀྱི་སྙན་ངག་ཆེད་འགོད་བྱས་པ།

368

IMG_1543.JPG


   སླར་ཡང་ཁྱེད་ལ་མཇལ་བ།

                           ____དེབ་ཅིག་བཀླགས་རྗེས་སུ།


རི་ཧི་མ་ལ་ཡའི་དཔངས་མཐོ

རིའི་སྟེང་ན་འཚེར་བའི་ཉི་འོད་གླིང་ལ་ཁྱབ

མཚོ་མ་ཕམ་གཡུ་མཚོའི་གཏིང་ཟབ

མཚོ་འཇིངས་སུ་འཁྱིལ་བའི་ནོར་བུ་རི་ན་ཡོད


ལམ་གྱི་བར་ཐག་ནི་རིང་ཙམ་གདའ

འགག་འཕྲེང་གིས་བཅད་པས་ལྷག་ཏུ་རིང་སོང

སེམས་ལ་ནི་བར་ཐག་མེད་པ་འདྲ

ཁྱེད་ཀྱི་ཕྱག་ཕྲེང་གི་བར་ན་བདེ་སྡུག་གི་མེ་ལོང་འཆར


 ཡིག་ཕྲེང་གི་བར་ནས་སླར་ཡང་ཁྱེད་ལ་མཇལ།


སླར་ཡང་ཁྱེད་རང་བཀླགས

ཁྱེད་ཀྱིས་ཁེར་རྐྱང་ལ་ཞེད་མ་མྱོང་ཟེར

ཁྱེད་ཀྱིས་རང་ཉིད་རང་ལ་སྡང་བ་ཧ་མི་གོ་ཟེར

ད་དུང་རང་ནས་རང་ལ་གཅེས་དགོས

ང་ཚོ་ཚང་མ་དགའ་སྤྲོ་ལ་ཕྱོགས་པའི་དབང་ཆ་ཡོད་ཟེར



ཁྱེད་ཀྱི་ཞིང་ཁམས་དེར་ང་ཚོ་སླེབས་དཀའ་ཡང

ཁྱེད་ཀྱིས་ང་ཡང་ཕལ་བའི་མི་ཡིན

བརྩོན་འགྲུས་ཁོ་ནས་དུས་ཚོད་ལ་བདེན་དཔང་བྱེད་པར་བསྟན་ཡོང

ད་དུང་སྐར་ཆ་རེ་རེ་ནི་དགེ་ཕྱོགས་ལ་གཏོང་བ་དེ་གོམས་གཤིས་ཤིག་ཡིན་ཟེར


དགའ་བ་དང་སྐྱིད་འདོད་གཉིས་ཁ་ཁ་ཡིན་ཏེ

ཅིག་ཤོས་ནི་དགེ་བ་དང་ཅིག་ཤོས་ཀྱིས་ཉེས་པ་བསྣམས་ཡོང་གསུངས

མཚམས་རེར་ཁྱེད་ནི་དྭངས་གཙང་གི་བྱིས་པ་ཞིག་དང་འདྲ

འཇིག་རྟེན་ཆོས་བརྒྱད་ལས་འདས་ཏེ་བང་རིམ་མཐོན་པོ་དེའི་ཡང་རྩེ་ནས

ང་ཚོར་ལམ་བསྟན

དགའ་བའི་ལམ

བརྩོན་པའི་ལམ

བཟོད་པའི་ལམ

བདེ་བའི་ལམ

ཐར་བའི་ལམ

ཡིད་སེམས་བརླན་པར་བྱེད་པའི་སྐད་ཆ་དག་གིས

མི་སེམས་ལ་ནམ་ཡང་དཔྱིད་དཔལ་ལྟ་བུའི་གསོན་ཤུགས་ཁོ་ན་སྦྱིན

ལམ་ལ་ཆས

དགའ་བ་དང་བརྩེ་བ་བསྙེགས་ནས

འོད་སྣང་དང་དགེ་བར་ཕྱོགས་འགྲོ

                                2017.4.19

IMG_6243.JPG


              རླུང་ལྡང་ཚུལ།


ཆ་འཇོག་མེད་པའི་གནམ་གཤིས་ཀྱི་ངོ་གདོང་ཐེད་པོ་འདི

ཤར་རླུང་དང་ནུབ་རླུང་བར་ན་རྒས་ཤིང་འཁོགས

ཁངས་སྐྱ་དང་འཚུབ་མས་གཡོགས་པའི་ལོ་ཟླ་དམར་པོ

རི་ཧི་མ་ལ་ཡའི་ཕར་ཚུར་གྱི་འགྲམས་ངོགས་སུ་འགྱིིངས་ཉམས་ཀྱིས་འཁོར

རླུང་འཚུབ་དྲག་ཏུ་གཡུག་ཚེ

བྱིས་དུས་སུ་ལྷས་ར་ན་དར་ལྕོག་ཐག་ཐག་ཏུ་བསྐྱོད་པའི་སྒྲ་དེ་ཐོས་ཐུབ

བར་སྒོ་ཞེས་ཤིང་སྒོ་གྲུ་བཞི་ཞིག་ཕར་ཕྱེས་ཚུར་རྒྱག་གི་རྣམ་པ་ཡིད་ལ་འཆར་ཡོང

དཔྱིད་ཉིན་ཅིའི་ཨ་རིང་ཟེར་བའི་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་དུས་ཤིག་དྲན་ཡོང

རླུང་ལྡང་དུས

ས་དྲོས་ཆུ་རྒྱས་བས་སྡོང་ཕྲུག་འཛུགས་དགོས

ས་གཤིན་ལུད་དྲོས་བས་ལོ་ཏོག་འདེབས་དགོས

འོན་ཀྱང་ད་ནི་ལོ་ཏོག་དགུན་ལ་བཏབ་ཆོག

ལྗོན་ཤིང་བུད་ཤིང་རེད་འདུག

ཟླ་གསུམ་པར་རླུང་ལྡང

རླུང་ནག་དྲག་ཏུ་འཚུབ

དགྲ་གཉེན་གྱི་བར་ན་གཡུལ་འཁྲུག

ཕུ་ནུ་ཡི་བར་ན་མདུང་འཁྲུག

དབྱངས་གསལ་གྱི་བར་ན་སེམས་འཁྲུག

རླུང་ལྡང་ནས

དཔྱིད་དཔལ་གྱི་ངོ་གདོང་སྐྱ་བོ་ཆགས་འདུག

རླུང་ལྡང་ནས

མི་སེམས་ཀྱི་ཁ་དོག་ཐལ་མདོག་དུ་བསྒྱུར་འདུག

ཟླ་གསུམ་པ་ཁྱོད་ཚེ་སྲོག་གི་འགག་འཕྲང་རིང་མོ

ཟླ་གསུམ་པ་ཁྱོད་ཚོར་བ་ཡི་སྐྱོ་ཡུས་རིང་མོ

རླུང་ལྡང

རླུང་དྲག་ཏུ་ལྡང

ཆག་གྲུམ་གྱི་རྨ་ཁ་རྩུབ་པོའི་དཔྱིད་ཉི་རིང་མོ

ད་ནི་དཔྱིད་རླུང་འཇམ་པོར་ལྡང་རོགས

གྲང་རེག་གིས་འདེད་པའི་ལམ་འགྲོ་བ་དག

གཟེབ་ཏུ་ཚུད་པའི་བྱ་བྱེའུ་འབའ་འབུ་མ་ལུས

ཡོད་ཚད་ལ་ངལ་གསོ་ཡི་དབུགས་དབྱུངས་ཐེངས་ཤིག་བསྩོལ་རོགས

                                          2017.03.23 ཙོང་ཆུའི་འགྲམ་ནས།
IMG_6287.JPG


              སེམས་ཀྱི་མར་ལོ།


ཁྱོད་ངའི་འཇིག་རྟེན་དུ་སླེབས་ནས་བཟུང་

ང་ལ་འགྱུར་བ་རབ་དང་རིམ་པ་བྱུང་ཡོད

ངས་ཚེ་སྲོག་གི་མྱུ་གུ་འབུས་ཚུལ་ལ་ལུས་དང་སེམས་ཀྱིས་མྱངས་ཡོད

རྟེན་གྱི་རང་བཞིན་ལ་བཤད་ཡམས་ཀྱི་མྱི་ཁ་ད་དུང་རྒོད་ཀྱང

ཁྱོད་ནི་ངའི་སེམས་ནས་བཞུས་ཨེ་འགྲོ་སྙམ་པའི་མར་ལོ་རྡོག་རྡོག་དེ་ཡིན

ཁྱོད་ནི་ཉིན་རེ་ཟླ་རེ་ལོ་རེར་འཚར་ལོངས་བྱུང་དུས

ངས་ཀྱང་སྡར་སེམས་དང་རྩུབ་གཤིས་དང་རང་སྣང་མ་ལུས་ག་ལེར་ག་ལེར་བསྐྱུར་ཡོད

ཁྱོད་ནི་ང་ཡི་རང་གཤིས་ལ་འགྲན་སློང་ཐུབ་པའི་ཚེ་སྲོག་བརྟན་མོ་དེ་རེད

ཁྱོད་ནི་ང་ཡི་བཟོད་བསྲན་ལ་རྒྱལ་ཁ་སྟེར་བའི་སེམས་དཔའ་ཆུང་ངུ་དེ་རེད

ཁྱོད་ནི་ང་ཡི་བརྩོན་འགྲུས་ལ་ལྕག་གིས་སྐུལ་བའི་རྟ་ལྕག་སྙི་མོ་དེ་རེད

ཁྱོད་ནི་ང་ཡི་བརྩེ་བ་ལ་ཁ་ལོ་བསྒྱུར་མཁན་གྱི་རླུང་བུ་འཇམ་པོ་དེ་རེད

སེམས་ཀྱི་མར་ལོ

ཁྱོད་ཀྱི་ཕྱིར་དུ་ང་རང་ཁ་ལོ་བར་གྱུར་འདུག

ཁྱོད་ཀྱི་ཆེད་དུ་ང་རང་མ་བྱན་དཔེ་མེད་ཅིག་ཀྱང་རེད་འདུག

དེ་མིན་ད་རུང་གླུ་མ་སྒྲུང་བ་གར་མ་ཅི་རིགས་ཤིག་ཀྱང་རེད་འདུག

དེ་བས་ངའི་ཚེ་སྲོག་ལ་འཁེན་པའི་ཚེ་སྲོག་སྙིང་སྡུག་ཁྱོད་ནི

ངས་འཇིག་རྟེན་ནས་མོ་ལུས་བླངས་པའི་དོན་སྒོ་ཆེན་པོ་དེ་ཡིན

སེམས་ཀྱི་མར་ལོ

ད་ནི་ནངས་དགོང་ལ་འུ་གཉིས་མཉམ་དུ་ལམ་ལ་ཆས་བཞིན་ཡོད

ངས་ཁྱོད་རང་སྐད་རིགས་མི་གཅིག་པའི་ཁྱུ་ཚོགས་ཤིག་ཏུ་བཅུག་ཡོད

ངས་ཁྱོད་ལ་ཕ་སྐད་བཤད་དགོས་པའི་སྒྲིག་ལམ་ཞིག་ཀྱང་བཙུགས་ཡོད

ངས་ལོ་ཆུང་ཆུང་ཞིག་ལ་ཁལ་ལྕི་མོ་ཞིག་ཀྱང་བཀལ་ཚར

དགོངས་པ་མ་ཚོམ

ཁྱོད་ཀྱི་སྐྱིད་སྡུག་ང་ཡིས་ཅི་ལ་མི་ཤེས

ཁྱོད་ཀྱི་བྱིས་དུས་ང་ཡི་མིག་གིས་འཚོས་ཡོད

ཤེས་རབ་ཟབ་མོ་དང་བརྩེ་བ་དྲོན་མོ

རང་གཤིས་ལྷད་མེད་དང་གོམས་སྲོལ་བཟང་པོ

ད་དུང་འགལ་འབྲེལ་གྱི་ལམ་སྣེ་དུ་མས

ངས་ཁྱོད་རང་འདི་ལྟར་ལམ་ལ་བཅུག་ཡོད


སེམས་ཀྱི་མར་ལོ

ཟླ་གསུམ་པ་ནི་སྐྱེས་སྟོབས་འབར་བའི་དུས་ཚིགས་ཤིག་ཡིན

ཁྱོད་ཀྱང་ལྗོན་ཤིང་གི་འདབ་ལོ་ཇི་བཞིན་རྒྱས་པར་ཤོག

ངའང་ལྗོན་ཤིང་གི་རྩ་བ་ནང་བཞིན་བརྟན་པར་ཤོག

སེམས་ཀྱི་མར་ལོ   

གཞན་གྱི་སར་ནས་མགོ་བོ་དང་ཁར་མ་སྨད

རང་གི་སར་ནས་རྐང་ལག་ཐང་ཆུར་མ་འབྱར

ངས་ཁྱོད་ལ་བདེ་སྐྱིད་ཀྱི་བྱིས་དུས་ཤིག་སྟེར་ཐུབ་པར་ཡིད་ཆེས་ཡོད་པ་བཞིན་དུ

ཁྱོད་ཀྱང་རང་ཉིད་ལས་རྒྱལ་ཐུབ་པའི་ཡིད་ཆེས་ཅིས་ཀྱང་ཡོད་དགོས

སེམས་ཀྱི་མར་ལོ

དྲང་མོར་བཤད་ན་ཁ་སང་དེ་རིང

ཁྱོད་ལ་བདེ་ཐང་གི་བྱིས་དུས་ཤིག་བསྐྲུན་པ

ང་ཡི་ཕུགས་བསམ་དང་རྨི་ལམ་གྱི་ཁ་དོག་རེད་འདུག

IMG_6215.JPG


འདོད་སྲེད་ལས་བརྒལ་བའི་ཐ་སྙད་ཁ་ཤས།


ཁྱོད་དང་བཅས་པ་ཡིད་ཀྱི་སྙིམ་པ་ན་དུང་དཀར་བཞིན་འཁྱིལ

གཞུ་ལྟོང་ལས་ཤོར་བའི་མདའ་མོ་བཞིན་གྱི་སྐད་ཆ་རློན་པ་དེ་དག

ཚུལ་འཆོས་ཀྱི་ལོ་མས་མ་སྒྲིབ་པའི་སུ་ཞིག་གི་སྙིང་ལ་བཏབ་ཚར

ཆགས་སྡང་གི་ལས་དབང་དམར་པོ་རླུང་བུ་བཞིན་གཡུག་ཀྱང

ཚེར་ལམ་གྱི་ང་ཚོ་སྔར་བཞིན་སྡོང་རྩེ་གཅིག་ནས་འགྲེང

ནགས་རྒྱ་རྫོང་གི་ཁ་ཞེང་ཆེན་པོ་ང་ཚོས་མཉམ་དུ་སྲུང་ཆོག

ཁྱོད་དང་བཅས་པ་སེམས་ཀྱི་ལྡེབས་རིས་ན་རི་མོ་བཞིན་མངོན་ཡོད

རྒྱུད་སྐུད་ལས་ལྷུང་བའི་པི་ལྦང་བཞིན་གྱི་སྐད་ཆ་སྙན་མོ་དེ་དག

ཟང་ཟིང་གིས་མ་བསླད་པའི་སུ་ཞིག་གི་མགུལ་ལ་སྒྲོན་ཡོད

  ཐོབ་ཤོར་གྱི་འདོད་འདུན་དྲག་པོ་མེ་ལྕེ་བཞིན་འཕྱུར་ཡང

གཟར་ལམ་གྱི་ང་ཚོ་སྔར་བཞིན་དད:་པ་གཅིག་ལ་གཏོད

 དབུས་ལྷ་སའི་ཇོ་བོ་ཆེན་པོར་ཐོད་པ་མཉམ་དུ་གཏུག་ཆོག


 ཁྱོད་དང་བཅས་པ་མིག་གི་ཆུ་ཁྱིམ་ན་ལྟེམས་སེར་འཁྱིལ་ཡོད

   རྒྱ་རྙི་ལས་ཤོར་བའི་དུག་ཚེར་བཞིན་གྱི་སྐད་ཆ་འཁྱག་པ་དེ་དག

ཞེ་འདང་གིས་བརྫད་པའི་སུ་ཞིག་གི་གདོང་ལ་འཕངས་ཡོད

 དགའ་སྐྱོ་ཡི་འགྱུ་བག་སྐྱེན་མོ་ཆུ་སྦྲུལ་བཞིན་འཁྱུག་ཀྱང

རྐང་ལམ་གྱི་ང་ཚོ་སྔར་བཞིན་འདུན་པ་གཅིག་ལ་བྱེད

གངས་དཀར་པོའི་དབུ་རྩེ་མཐོན་པོ་མཉམ་དུ་གཏོད་ཆོག

  ཁྱོད་དང་བཅས་པ་སྙིང་གི་ཁང་བཟང་ན་མེ་ཏོག་བཞིན་བཞད་ཡོད

རྩྭ་ཕྲན་ལས་ཐོར་བའི་ཟིལ་བ་བཞིན་གྱི་སྐད་ཆ་འཇམ་པོ་དེ་དག

ནག་ནོག་གིས་མ་གོས་པའི་སུ་ཞིག་གི་སྙན་ལམ་ལ་བྱོ་ཡོང

རང་གཤིས་ཀྱིས་གཙེས་པའི་ཚོར་བ་དག་རི་བཞིན་ལྕི་ཡང

འཁོར་ལམ་གྱི་ང་ཚོ་སྔར་བཞིན་ལག་རྡང་གཅིག་ལ་སྦྲེལ

དགུང་ཉི་ཟླའི་ཟིལ་ཤུགས་དྲོན་མོ་མཉམ་དུ་མྱོང་ཆོག

                                                                   2016.10.2་     བྱང་རིའི་འདབས་ནས།
7.jpg

 

         ཁ་བ་འབབ་ཐེངས་དེ་ལ།

 

ངས་ཐོག་བརྩེགས་ཤིག་གི་སྒེའུ་ཁུང་ལས་ཁ་བ་མར་མར་འབབ་ཚུལ་ལ་རོལ་མྱོང་

སུ་ཞིག་གིས་རི་རྩ་ཞིག་གམ་རི་རྩེ་ཞིག་ནས་ཁ་བ་དཀར་པོ་ཞབས་ཀྱིས་བཅགས་མྱོང་

ཁ་བའི་རང་མདངས་དཀར་པོས་ང་ཡི་སེམས་པ་བཀྲུས་ཚུལ་དྲན་ན

 ཁ་བའི་ཞི་འཇམ་དེ་ཡིས་ཁྱེད་ཀྱི་སེམས་པ་བརླན་མྱོང་བ་ཤེས་ཡོད

ཁ་བ་བར་སྣང་ནས་མེ་ཏོག་བཞིན་བསྐྱོད་དུས།

སྐྱོ་གདུང་གི་སྒྲ་དབྱངས་བར་ན་དྭངས་གཙང་གི་དྲོད་ཅིག་འཁྱིལ་ཡོད།

ཐང་ཡངས་མོ་ཞིག་ནས་བསེར་བུ་གདོང་ལ་ལེན་དུས།

ཁམས་དྭངས་མོ་ཞིག་གིས་སུ་ཞིག་ཡིད་ལ་བརྣགས་མྱོང་།

བར་ཐག་གིས་བཅད་པའི་རི་ཀླུང་གི་མཚམས་ནས

སྙིང་ཉེ་བའི་ཁ་བ་ཕན་ཚུན་གྱི་སེམས་ལ་བབས

དབྱངས་གསལ་གྱི་རི་མོ་ཁ་བའི་སྟེང་ན་འོད་དུ་འཚེར

གངས་ལྗོངས་ཀྱི་མིང་ཡིག་འོད་ཟེར་གྱིས་བཀླུབས་པ་ངས་ད་དུང་བརྗེད་མེད

ཁ་བ་འབབ་ཐེངས་འདི་ལ་ཁ་བ་འབབ་ཐེངས་དེ་རང་དྲན་པས

ལོ་ཟླས་ང་ཚོ་ག་པར་འཁྲིད་ཚར་ཡོད་པ་བསམ་བྱུང་

ཁ་བས་སྔར་བཞིན་རང་མདངས་དཀར་བོ་བཏེགས་འདུག

འདབ་མས་སྔར་བཞིན་ཞེ་འདང་འོད་ལ་བརྒྱུས་འདུག

དཔག་ཚད་ཀྱིས་བཅད་པའི་རི་དང་ར་བ

ཚོར་ཤེས་ཀྱིས་བརྙས་པའི་ལུས་དང་སེམས་པ

སྐྱ་ཐིང་ཐིང་གི་ས་གཞི་ཇི་བཞིན

སྔོ་ལང་ལིང་གི་ནམ་མཁའ་ཇི་བཞིན

རབ་མེད་མུ་མེད་ཀྱི་གཙང་བོའི་གཞུང་ན

འཁྱག་རོམ་གྱི་ཟབ་ཚད་ལ་འབྱར་བའི་ཉ་མོ་རློན་པ་དང་འདྲ

ཁ་བ་འབབ་ཐེངས་དེ་ལ

ངས་འོད་སྣང་ཁྲོད་རྒྱང་ལ་ཅེར་ཡོད

ངས་དྭངས་གཙང་གི་སེམས་ཤིག་སྲུང་ཡོད

སྨོན་ལམ་གྱི་ཁ་དོག་དཀར་པོ་རྐྱང་རྐྱང་དེ་ཡིན

ཁ་བ་འབབ་ཐེངས་འདི་ཡིས

དྲན་ཤེས་ཀྱི་རྒྱུད་སྐུད་གཉོམ་དུང་དུང་གིས་སྒུལ་དུས

ངས་ཁ་བ་འདི་དྲན་རྟེན་ཐེངས་ཤིག་ཏུ་སྒོམ་ནས

ཚོར་བས་ན་ཟུག་གི་གཙེས་པའི་མི་དེ་ལ་ཕུལ་འདོད

                                             2017.02.22

IMG_6293.JPG


ཞོགས་པ་ཞིག་ལ་ཞོགས་པ་གཞན་ཞིག་དྲན།


དགུན་ཁའི་གྲང་ལྷགས་ཀྱི་ཐུ་འོག་འདི་ནས

ངས་རྨི་ལམ་ཁྲོད་ཀྱི་སུ་ལ་འོ་ཞིག་གི་ཞོགས་བདེ་ཞུས་ཡོད

སྐྱ་རེངས་མ་འཆར་བའི་ནམ་མཁའི་མཐོངས་ན

ཐོ་རེངས་སྐར་ཆེན་གྱི་འཛུམས་མདངས་མཐོང་རྒྱུ་མ་བྱུང་

གློག་འོད་ཀྱིས་གཙེས་པའི་གཞུང་ལམ་རིང་མོ

འུར་ཟིང་གིས་དཀྲོགས་ཀྱང་ད་དུང་ཁ་ཁུ་སིམ་མེར

ཞོགས་དུས་འདི་ལ་ཐག་རིང་གི་ཞོགས་པ་གཞན་ཞིག་དྲན་ཡོང་

ནོར་ལུག་ཞོགས་རྒྱུ་དང་འོ་ཇ་འཐུང་རྒྱུ་མེད་པའི

གཏམ་རྒྱུད་བཤད་ཡ་དང་སྡུག་ཡུས་འདོན་ཐབས་བྲལ་བའི

ཞོགས་པ་ཆ་མེད་ཅིག་གི་ངོ་གདོང་འཁྱག་པོ་དྲན་ཡོང་

ཕ་རོལ་གྱི་འཇིག་རྟེན་ནས་ཚུར་རོལ་གྱི་གཡང་ལ་ལྕེབས་རྗེས

སྔས་གོང་གི་གཏམ་རྒྱུད་མང་པོར་ཁ་བས་གཡོགས

ཞོགས་པ་དེར་བཤད་པའི་གསོན་ཉམས་ཀྱི་གནའ་གཏམ་དྲོན་མོ

རླུང་གིས་འཁུར་ཚར་བའི་འཇག་སྐྱ་རྐང་གཅིག་དང་འདྲ


ལས་དབང་དང་ཆོས་ཉིད་ཟེར་བའི་རོལ་རྩེད་ལྟ་བུའི་ཐ་སྙད་དག་ལས

ཞོགས་པ་འདི་དང

ཞོགས་པ་གང་མང་གི་རོལ་དབྱངས་ཁྲོད་ཆར་བ་བབས་ཡོད

རྣམ་འགྱུར་ཅི་ཡང་མེད་པའི་ལམ་འགྲོ་བ་དག་གི་གདོང་ལས

སུ་ཡིས་ཞོགས་ཟས་རེག་ཐུབ་མེད་པ་གསལ་ཐབས་བྲལ་ཡང་

གྲང་རེག་གིས་བཏུམས་པའི་ལོ་ཟླའི་གསེབ་ནས

མི་ཚེ་ནི་འགྲུལ་བཞུད་ཐེངས་ཤིག་བསམ་པ་ཨེ་ཡིན་འདོད་བྱུང་


ཞོགས་པ་འདིའི་ཞོགས་པ་གཞན་དག

ན་ནིང་གི་ཞོགས་པ་བཞིན་འཁྱག་མི་སྲིད་ཀྱང

ཞོགས་པ་འདིའི་སེམས་པ་གཞན་དག

ན་ནིང་གི་ཞོགས་པ་བཞིན་དྲོད་ཀྱིས་གཡོགས་ཤོག

ཞོགས་པ་འདི་ལ་ཤར་མཐའ་ནས་ནུབ་མཐའ་བགྲོད་ཚུལ

ཞོགས་པ་གཞན་དེའི་ཉི་ཤར་དང་ཉི་ནུབ་དང་འདྲ་ཡོང་


ལམ་བུ་ནི་འཚོ་བའི་སྐས་རྐང་རིང་མོ་དེ་ཡིན་ན

ཁྱོད་དང་ང་ཡི་ཞོགས་པ་སྔ་མོ་སྔ་མོ

གཏམ་རྒྱུད་ཀྱི་མེ་བསྒོངས་རྒྱག་སྟངས་དང་འདྲ

ཞོགས་པ་འདི་དང་ཞོགས་པ་གཞན་ལའང

རླུང་བུ་དང་ཁ་བ་བུ་ཡུག་འཚུབ་ཤོག

དགུན་ཁའི་ཞོགས་པ་དགུན་ཁ་བཞིན་དུ་འཆར་ན་ཡག

                                  2016.12.07སྤྱི་སྤྱོད་རླངས་འཁོར37ལས།
IMG_6466.JPG


              ང་ལ་སྨོན་ལམ་འདེབས་པའི་མི།


དགུན་གྱི་ས་སྲོད་ལ་མུན་པས་བཅར་ཡོང་

རྡོག་སྣེ་བོར་བའི་ང་ཡི་འཇིག་རྟེན

དྲོད་ཀྱིས་མ་འཚོས་ཆུ་ཡིས་མ་འཁྱེར

བདེ་སྡུག་གི་འཚམས་འདྲི་གཉོམ་པོ

གློག་རླབས་ཀྱིས་སྐྱོམ་ནས་སླེབས

འགྲོ་རོགས་བྱས་ཡོང་ཟེར་དུས

ག་ལེར་སོང་ཆོག་ལབ་ཡོད

འདུག་གྲོགས་བྱེད་ཆོག་གསུངས་དུས

མི་དགོས་གྲངས་མེད་ཞུས་ཡོད

རི་རྩེ་དེ་མཐོན་པོ་དགུང་དང་མཉམ

རི་སྐེད་དེ་ལྷ་ཤིང་ཤུག་པས་ཁྱབ

རི་རྩ་དེ་བྱིན་ཆགས་ཞབས་རྗེས་བརྡལ

གོམ་པའི་འདེགས་འཇོག་གི་བར་ནས

སེམས་པ་དེས་རྩེ་གཅིག་ངང་ཅི་ཞིག་དམིགས་ཡོད

ལམ་བུ་ནི་ཁག་པོ་ཞིག་ཏུ་སྣང་ཡང་

བཟོད་བསྲན་གྱི་ལམ་སྣེ་བསྟན་བྱུང་

ངས་ནང་སེམས་དག་ཕ་རོལ་ནས་བསྙལ་དུས

རྨི་ལམ་འཁྲུགས་སྟངས་ཀྱང་རེ་ཞིག་འཇགས་སོང་

ཁྱོད་ཀྱིས་ཐག་རིང་ནས་བརྒྱབ་པའི་སྨོན་ལམ་ཐ་དག

ངས་ཉེ་ས་ནས་ལོངས་སུ་སྤྱོད་པའི་དགའ་བ་འདི་ཡིན

ལམ་སྣེ་ནི་མག་མོག་གི་སྤྲིན་པས་གཡོགས

སྙིང་རྩེ་ནི་གཡོ་མེད་ངང་འོད་ལ་གཏད

ཀྱ་ཀྱུའི་གོམ་སྒྲ་ལ་རླུང་འཚུབ་ཀྱིས་འཇིག་སྐུལ

ཤུགས་གླུ་རིང་མོ་ལ་ཁེར་ལབ་ཀྱིས་དཔུང་བསྐྱེད

རྒྱང་བཞུད་ལ་བྲེལ་བའི་མི་ཕོ་ཆ་མེད

བར་སྣང་ལ་འཕུར་བའི་རྒོད་པོ་ཡ་མེད

ང་ལ་སྨོན་ལམ་འདེབས་པའི་སྙིང་རྗེ་ཅན་གྱི་མི

ངའི་ནམ་མཁའ་ན་འཕུར་བྱེའུ་ཆུང་འཇོལ་མོ

སྐྱ་རེངས་ཀྱི་འབོད་པ་ད་དུང་ངང་སྒུག་བྱས་ཡོད

མཚམས་སྤྲིན་ལྟར་མཛེས་པའི་སང་ཉིན་ཡིད་ལ་སྒོམ

མིག་ཆུ་ཡིས་མི་སེམས་བརླན་དུ་འཇུག་ཡོང་

འཛུམ་མདངས་ངང་དཔྱིད་དཔལ་ཡིད་དུ་རེ


ཁྱོད་རང་གར་སོང་ས་ནས་དོན་འགྲུབ

ཁྱོད་རང་གར་བསྡད་ས་ནས་བཀྲ་ཤིས

                                     2016.11.18བྱང་རིའི་འགྲམ་ནས།
IMG_6349.JPG


        བཤུམས་བཞིན་པའི་འཕགས་མ་ཁྱེད་ཚོ།


བར་ཐག་ནི་རི་ར་བའི་འཇིག་རྟེན་གྱི་བཅད་ནས་ཡོད་ཀྱང

དད་པ་ནི་སེམས་བསམ་པའི་ཨ་ལོང་གི་ཁུགས་སུ་བརྒྱུས་ཡོད

འཚོ་བའི་ལམ་སྣ་ཡི་ང་ཚོ་སོ་སོ་ན་རྒྱུ་བར་བྱེད་ཀྱང

དུང་ཞེན་གྱི་མདུད་སྣེ་ནམ་ཡང་ཕན་ཚུན་གྱི་ལག་ན་འཆང་ཡོད


ངུ་བཤུམས་ཀྱིས་བརྒྱལ་ལ་ཉེ་བའི་འཕགས་མའི་ཚོགས

གྱེས་བྲལ་གྱི་གདུང་བས་གཟིར་བའི་སྒྲོལ་མའི་དབྱིངས

མི་མངོན་པའི་གྲིབ་གཟུགས་དེས་ཁྱེད་ཚོ་གང་ལ་འཁྱེར་སོང

མི་འདོད་པའི་རྐྱེན་ངན་དེ་སུ་ཞིག་གི་འདྲེ་ལག་བསྲིངས་ཡོད


སེམས་བསྐྱེད་ཀྱི་ཀློང་ན་བགྲོད་པའི་ཁྱེད་ཚོ

ངུར་སྨུག་གི་བང་ན་འགྲེངས་པའི་ཁྱེད་ཚོ

རང་དབང་གི་མིག་ཟུང་ཕྱོགས་ས

ཡིད་སྨོན་གྱི་རེ་བ་འཁོར་ས

ངའི་དབྱངས་གསལ་དུ་དེ་རིང་བར་ཁྱེད་ཚོ་མ་བཞུར་དོན

ངའི་རབ་རིབ་ཀྱི་ཤེས་པའི་ཁྱེད་ཚོ་སྒྲིབ་པར་དོགས་པས

ངའི་ཟོལ་འཛུམ་གྱི་གདོང་གིས་ཁྱེད་ཚོ་མནོལ་འགྲོ་བསམ་པས

ངའི་ཙག་ཙིག་གི་འཁོར་བས་ཁྱེད་ཚོ་དུགས་འགྲོ་བསམ་པས

ང་ཁ་རོག་གེར་ཁྱེད་ཚོའི་ཁ་གཏད་ན་ཡུན་རིང་ཉལ་ཡོད


སྐྱོ་གདུང་གི་རྣམ་པ་དྲག་པོ་ཤ་འོད་བཞིན་བརྡོལ་དུས

ངའི་ཚོར་ཤེས་ཀྱི་རྒྱུད་མངས་འཇགས་ཐབས་མ་བྱུང

ངའི་དབྱངས་གསལ་གྱི་ང་རོ་སྒུག་ཐབས་མ་སོང་

ངའི་མིག་གོང་གི་མཆི་མ་མིད་ཐབས་མ་ཡོང


ད་ནི་ཁྱེད་ཚོ་གང་ལ་ཐོན་ནས་གང་དུ་བཞུགས་སམ

དགུན་འཁྱག་གི་རླུང་བུ་ཕྱོགས་མེད་དུ་ལྡང་འོང

ཐར་བ་ལ་ཞེན་པའི་ལུས་གཟུགས་ཕྲ་མོ་ཁྱེད་ཚོ

དཀར་ཕྱོགས་ལ་འཁྲེང་བའི་དྭངས་ཤིང་གཙང་བ་ཁྱེད་ཚོ

བསོད་ནམས་ཀྱིས་བཏེགས་ཀྱང་གནམ་རྒན་མས་མ་རིག་པའི་ཁྱེད་ཚོ


ངག་འདར་འདར་གྱི་ངས་ནི་ཅི་ཞིག་བརྗོད་དགོས

ལག་འདར་འདར་གྱི་ངས་ནི་ཅི་ཞིག་སྒྲུབ་དགོས


ཉི་ཟླ་སྐར་གསུམ་གྱི་བརྒྱན་པའི་གུར་ཁང་སྔོན་པོའི་འོག

གྲོ་ནས་སྲན་གསུམ་གྱི་ལྟེམས་པའི་ས་གཞི་ཡངས་མོ་ན

ང་ཁྱེད་ཚོ་དང་ལྷན་དུ་གནས་ཡོད


མིག་གོང་གི་མཆི་མ་ལག་པས་ཕྱི་རོགས

ངུ་བཤུམས་ཀྱི་གོམ་ཁ་ལྷོད་ཀྱིས་འཇགས་རོགས

མདུན་ཕྱོགས་ཀྱི་ཚེར་ལམ་ཇི་འདྲའི་རྩུབ་ཀྱང

དཀའ་སྤྱད་ཀྱི་སྙིང་རུས་སྙིང་ལ་གདབ་རོགས

མུན་ནག་གི་འོབས་དོང་ཇི་འདྲའི་འཇིགས་ཀྱང

ཡེ་ཤེས་ཀྱི་འོད་སྣང་ཐུགས་ནས་སྒྲོན་རོགས

འུ་ཅག་གི་བར་ཐག་རིང་ཙམ་རིང་ཙམ་སྣང་ཡང

འུ་ཅག་གི་སེམས་ཐག་ཇི་འདྲའི་ཇི་འདྲའི་ཉེ་འང


ཞོགས་པ་ནི་དུས་བཞིན་དུ་སླེབས་འོང་བ་བཞིན

སྐྱ་རེངས་ཀྱང་མུན་འོག་ནས་ཐོལ་གྱིས་ཕྱེས་འོང་བས

ང་ཚོའི་སེམས་པ་སྔར་བཞིན་ཉི་འོད་ལ་གཏོད

ང་ཚོའི་འཚོ་བ་སྔར་བཞིན་རང་ཉིད་ལ་བརྟེན

ང་ཚོའི་གོམ་པ་སྔར་བཞིན་མདུན་ཕྱོགས་ལ་སྤོ

ང་ཚོའི་ལག་རྡང་སྔར་བཞིན་གཞི་གཅིག་ཏུ་སྦྲེལ

                             2016.11.02ཙོང་ཆུའི་འགྲམ་ནས།
IMG_6364.JPG


       བརྩེ་བ་མ་ཤོང་བའི་འུ་གཉིས།


ཕལ་བའི་མི་ཚེ་ཁྲོད་ཀྱི་ཉིན་དེར

གཉིད་ཆགས་ཟས་བརྗེད

ལུས་ཆད་སེམས་ངལ

ཁྱོད་དྲན་ནས་སླེབས་ཡོད

ཁྱོད་ཀྱིས་ངའི་གདོང་ལ་འགྲམ་པ་བརླན

མིག་ལ་འཛུམ་འཁྱིལ

ངག་ནས་གླུ་བླངས

ལག་པ་སྒྱིད་པར་འཐམས


གྱོད་གཏུག་ནི་ཀ་ར་གོ་རེ་དེ་ཡིན

ངས་ཐོག་མར་ཨ་ཅེ་དང་ཁྱོད་ལ་མཉམ་བགོས་བྱོས

མཐའ་མར་ཁྱོས་བདག་ཏུ་བཟུང

ངས་མཉམ་རོལ་དགོས་པའི་གནས་ལུགས་བཤད

ཁྱོད་ཀྱིས་ཨུ་ཚུགས་ཀྱི་མགོ་བོ་ཌ་རུ་ལྟར་གཡུག

ངས་བག་ལྷོད་ཀྱི་རྟ་ཁ་ཅུང་ཙམ་འཐེན


ང་ཁ་ཕྱིར་འཁོར་དུས

ཁྱོད་ཀྱིས་ཞེ་སྡང་གི་ཀ་ར་གོ་རེ་ཀྲུག་ནས་ཐང་ལ་བརྡལ


མི་ཆུང་ཆུང་གི་བདག་འཛིན་ཆེ་ཆེ་ལ་ཁྲག་འཁོལ

མི་ཆུང་ཆུང་གི་ཨུ་ཚུགས་ཆེ་ཆེ་ལ་སེམས་འཚབ

མི་ཆུང་ཆུང་གི་ཞེ་སྡང་ཆེ་ཆེ་ལ་སྙིང་འཕར

ཁྱོད་རང་གཡུལ་སར་དྲུད་ནས་བདེན་དཔང་བསྟན

འཕོངས་མགོར་ཐལ་ལྕག་ཚ་ཐག་ཆོད་པ་འགའ་བྱིན

ངག་ལས་གནས་ལུགས་ཡིན་མིན་མང་པོའང་ཤོར

ད་ནས་འདི་ལྟར་བྱེད་དམ་ཟེར་ནས་དྲི་བའང་དྲིས

མི་བྱེད་ཟེར་ཞོར་མིག་ཆུ་ཤར་མར་བརྡོལ

ང་ཡི་དྲག་རྩལ་འདི་ཙམ་ཁྱོད་ཀྱི་རྨི་ལམ་དུའང་ཤར་མེད།

ང་རང་སར་ལོག་ནས་གུང་ཟས་བཟོས

ཁྱོད་ངུ་ཞོར་མལ་ནས་ཁ་སྦུབས་སུ་ཉལ

ངག་ནས་ད་དུང་ཨ་ཕ་ཡོང་ན་བཤད་རྒྱུ་ཡིན་ཟེར

ཁ་ལག་བཟོ་དུས

ང་རང་གི་ལག་པ་འདི་ལ་འཚིག་པ་འདྲ་སྐྱེས

ཀ་ར་གོ་རེ་ཉོས་པར་འགྱོད་པ་འདྲའང་སྐྱེས

ཁོ་མོ་དྲན་པ་མིན་ནམ་ཟེར་ནས་དྲི་བའང་དྲིས

ལན་དུ་བདེན་ཏེ་ངས་ནི་ཁོ་མོ་དྲན་ནས་ཡོང་ཟེར

གང་ལྟར་ཐལ་ལྕག་ནི་བྱིན་ཚར

སྨན་ཡིན་པར་སྨོན་ལམ་བཏབ

གུང་ཟས་གྲུབ་རྗེས

དྲག་རྩལ་ལ་བལྟས་པའི་ཨ་ཅེ་སྐར་གཅིག་ཡུན་ལ་ཟས་ཅོག་ཏུ་ཐོན

མི་ཆུང་ཆུང་བོས་ཀྱང་ཨུ་ཚུགས་ཀྱིས་ཉལ་འདུག

ཐེངས་གཉིས་པར་སྐད་གདངས་ཅུང་དྲག་པོ་བྱས


ཕ་རོལ་གྱིས་ཁོ་མོ་སྐྲག་མདངས་ཀྱིས་ཐོན་ཡོང་

གམ་ལ་ཐོན་དུས་ཨ་མ་ཟེར་ནས་སྐེར་འཐམས

ངུ་ངག་དྲག་ཏུ་བྱས

འོ་ན་ཁྱོད་ཀྱིས་ང་ལ་རྡེག་གི་མོ་ཟེར་ནས་དྲི་བ་བཏོན

ངས་ཀྱང་ལོ་ལོ་ཟེར་ནས་མོར་འཐམས

མོས་མིག་ཆུ་ཤྭ་འོད་བཞིན་བརྡོལ

ངའི་མིག་ཆུ་ཕྱིར་མིག་ནང་དུ་བསྡུ་ཐབས་བྱས

ཐར་ཐོར་འགའ་མི་ཆུང་ཆུང་གི་སྐྲ་གསེང་དུ་ཟགས


མོའི་སྐྱོ་གདོང་གི་ངོ་ལ་བལྟས་ནས

ཁྱོད་ཀྱིས་གནས་ལུགས་ལ་མ་ཉན་པས་ལན་ཚུལ་བཤད

མོས་ངའི་འུ་ཐུག་གི་གདོང་ལས

གནས་ལུགས་ཟེར་བ་མཁྲེགས་པོ་ཞིག་ཡིན་པ་ད་དུང་ཤེས་མི་སྲིད


མཐའ་མར་འོ་ཞིག་བྱིན

ཡོད་ཚད་འདི་ཡིས་འཐུས་པར་བྱས

ཁ་ལག་ཡག་པོ་བྱུང་སོང

ཞིམ་གི་ཟེར་ནས་སླར་ཡང་འཛུམ་ཆུང་མངོན


འཁྲབ་ཚན་རེ་ཞིག་རྫོགས

འཁྲབ་ཡོལ་དལ་གྱིས་བརྒྱབ

ཟློས་གར་གྱི་ལེའུ་ད་དུང་ཤིན་ཏུ་རིང

                                 2016.11.26ཉིན་གུང་ཙོང་ཆུའི་འགྲམ།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།