བོད་ཀྱི་བུད་མེད་སྙན་ངག་པའི་སྙན་ངག་ཆེད་བསྒྲིགས།

1522

__འཆི་མེད།  ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་ཨ་མདོ་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། རང་ལོ་བདུན་པ་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་རིམ་པར་བརྒྱུད་ཅིང་།  1987ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་དུ་ཕ་ཡུལ་ན་དགེ་རྒན་གྱི་ལས་ཀ་གཉེར་གྱི་ཡོད།  ལོ་རབས་དགུ་བཅུ་བའི་སྟོད་ཙམ་ནས་བཟུང་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་སྙན་རྩོམ་མི་ཉུང་བ་སྤེལ་ཅིང་། 1997ལོར《བརྩེ་དུངས་དང་ལས་དབང》ཞེས་པའི་སྙན་ངག་ལ་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།  2006ལོར་ཨ་རིའི་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གིས་གཙོ་སྒྲུབ་གནང་བའི་རྒྱལ་སྤྱིའི་བོད་མོའི་རྩོམ་རིག་ཚོགས་འདུར་གདན་འདྲེན་ཞུས།  2008ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ནས《བོད་རིགས་བུད་མེད་ཀྱི་ཐོབ་ཐང》ཞེས་པ་འཆད་ཁྲིད་བྱས།  2012ལོར་སྙན་ངག《འབྲོག་ཁྱི》ཞེས་པར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཅིང་།  ལོ་དེར་སྙན་དེབ་ཐོག་མ《ཟླ་བའི་རྨི་ལམ》( ཟླ་བའི་རྨི་ལམ་རྒྱ་འགྱུར་མ་འབྲོང་རྩོམ་རིག་དཔེ་ཚོགས་སུ་བདམས། )ཞེས་པ་དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བདམས་ཏེ་པར་དུ་བསྐྲུན། 2015ལོར་འབྲོང་རྩོམ་རིག་མིང་འདོན་བྱ་དགའ་ཐོབ་པ་དང་། 2016ལོར་སྙན་དེབ་གཉིས་པ《ཆུའི་ལང་ཚོ》འགྲེམས་སྤེལ་བྱས།

 

ང་ཡི་གཞས་ཆུང་ང་ལ་སྩོལ་ཅིག་ཀྱེ།

 

ཉི་ཟླའི་འགྲོས་ཀྱིས་འཁྱེར་པའི་ལོ་ཟླ་སེམས་པའི་ཟུར་ན་བརྣགས་ཏེ་ཡོད།།

ཤེས་དང་མ་ཤེས་འཇིག་རྟེན་ལོ་རྒྱུས་ཆུ་རིས་བཞིན་དུ་བཞུར་ཐབས་བྲལ།།

ལྗོན་བཟང་ཡལ་འདབ་རྒྱས་པའི་འོག་ཏུ་ཚ་གདུང་ངལ་བ་སེལ་གྱུར་ཅེས།།

བརྗོད་པ་གསལ་ལ་བརླིང་བའི་གཞས་ཤིག་ཆུ་ཁུར་ངལ་བའི་གསེབ་ནས་ཐོས།།

 

གཙང་བོ་བཞུར་པའི་འགྲམ་གྱི་གྲམ་པས་ཆད་མདོ་ག་ཙམ་འཇའ་རུ་བཏང་།།

གངས་འཁྱག་ཙག་རླུང་བུ་ཡུག་འཚུབ་མས་ཉམ་ཆུང་ལུས་སེམས་ག་ཚད་རྨས།།

བཞི་བཅུའི་ལོ་ཟླ་ལྟེབ་པའི་ཁུད་ནས་དེ་དག་ཡང་ཡང་དྲན་པས་གདུངས།།

གོས་དཀར་ཉི་མས་དྲོས་པའི་ངོགས་སུ་ལུས་སེམས་བདེ་བའི་གཞས་ཤིག་གནོངས།།

 

གཤོག་པ་མྱུར་བའི་གསེར་གྱི་ཉ་མོ་མཚོ་ལ་འཁྱུག་པའི་ཟློས་གར་གན།།

སྤུ་གྲི་གཅོད་པའི་རྒོད་པོ་ཁྱུ་ཞིག་མཁའ་ལ་འགྱུ་བའི་རོལ་རྩེད་གན།།

མཆེ་བ་རྣོ་བའི་སྟག་དང་གཟིག་གིས་ངར་སྒྲ་སྒྲོག་པའི་དཔའ་ཉམས་གན།།

བརྗིད་ལ་རྔམ་པའི་ལྷུན་པོ་ཁྱེད་ཡིན་ཁྱེད་ཀྱི་གཟི་དཔལ་ཉམས་མེད་ཡིན།།

 

སྐུད་པ་ཕྲ་མོ་འདར་བའི་སྟེང་ན་སོར་མོའི་རོལ་རྩེད་འཁྱུག་པའི་གཞས།།

དཀར་དམར་མེ་ཏོག་བཞད་པའི་ལྗོངས་ན་ཉི་ཟླའི་རང་ཚུགས་འཆོལ་པའི་གཞས།།

བར་སྣང་འཁོར་བའི་ཤེལ་ཕོར་གཏུགས་ཏེ་ཚོམས་ཆེན་འུར་མགོ་འཇོམས་པའི་གཞས།།

བཅོས་མིན་སེམས་ལ་བདེ་བ་སྩོལ་བའི་རང་གི་མྱོང་བ་རྗེན་མའི་གཞས།།

 

རི་ཆུ་མཛེས་ལ་ནགས་ཀླུང་ཕྱུག་པའི་ཡུལ་ཁམས་སྣ་ཚོགས་ཉུལ་བའི་གཞས།།

ས་གཞི་ཞིང་ལ་ཕྱུགས་ཀྱི་རྩྭ་ཐང་མུ་མཐའ་མེད་པ་བསྐོར་པའི་གཞས།།

ཁྲི་ཤོར་རྒྱལ་མོའི་འཛུམ་ལ་འཁྱིལ་བའི་གཤོག་ཡངས་ངང་མོ་རྐྱལ་བའི་གཞས།།

དར་ཅིག་གྲིམ་ལ་ཡུད་ཙམ་ལྷོད་པའི་དབྱངས་བདུན་ངེས་པ་རྫོགས་པའི་གཞས།།

 

རྡོ་བའི་ཁང་བ་བརྩེགས་མའི་རྩེ་ནས་སེམས་པས་རྒྱང་ལ་བལྟས་པའི་གཞས།།

སྣང་བའི་ན་བུན་ངང་གིས་ཡལ་བའི་ལུས་ལྷོད་སེམས་ལྷོད་ངལ་གསོའི་གཞས།།

དབྱར་དགུན་མེད་པར་སེམས་ཀྱིས་བསྐྱངས་པའི་མེ་ཏོག་འདབ་མར་འཕུར་བའི་གཞས།།

གནས་མལ་འདི་ནས་རེ་བས་མཉན་ན་མི་ཚེ་གཅིག་ལ་ཐོས་པའི་གཞས།།

 

སོར་མོས་སྨྱུ་གུ་སྐྱོར་པའི་ཚེ་ན་ངག་རིག་ལྷུན་གྱིས་གྲུབ་པའི་གཞས།།

རེ་དོགས་རྒྱུ་བའི་ཆུ་རྙོག་གྱ་གྱུ་སྐད་ཅིག་མི་སྡོད་སྐེམ་པའི་གཞས།།

སོ་སོར་གྱེས་ཤིང་ཐོར་པ་མ་ལུས་མུ་ཁྱུད་གཅིག་ལ་སྡུད་པའི་གཞས།།

ཤར་ནུབ་སྟེང་འོག་མཐའ་དབུས་མེད་པར་སྣོད་བཅུད་ཀུན་ལ་སྙོམས་པའི་གཞས།།

 

ང་ཡི་གཞས་དེ་ང་ལ་ཁྱེར་ཤོག་བརྩེ་བ་ཡལ་པའི་ལོ་ཟླ་ཨང་།།

བསིལ་རླུང་གྲོགས་སུ་བསྟེན་པའི་འདབ་ལྡན་ཆར་ཆུ་དཀོན་ཡང་སྐམ་མི་སྲིད།།

ང་ཡི་གཞས་དེ་ང་ལ་ཁྱེར་ཤོག་ཉི་འོད་ཟ་བའི་མུན་པ་ཨང་།།

སང་ཉིན་སྐྱ་རེངས་མཐའ་ནས་འགྱོག་དུས་ཁྱོད་རང་མཁའ་ཡི་འཇའ་ཚོན་ནོ།།

 

___ཁ་བ་ལྷ་མོ།  མཚོ་སྔོན་པོའི་བོང་སྟག་ཅེས་པའི་འབྲོག་སྡེ་ནས་སྐྱེས། ད་ལྟ་ཡུལ་བོང་སྟག་ན་དགེ་རྒན་གྱི་ལས་ཀ་གཉེར་གྱིན་ཡོད།   

 

འབྲོག་མོ། དབྱར་ཁ་ནི་ལྷ་སྒྲུང་ཚན་པ་ཞིག་ཡིན།

 

དབྱར་མགོ་མ་འདི་ལ་ལ་སྐེད་ནས་མཇལ་ཡོང་ན

དབྱར་མགོ་མ་འདི་རང་ལམ་སྐེད་ནས་རྙེད་ཡོང་ན  འབྲོག་མོ

སྦྲ་དབུབ   དོ་བརྩིག   བཞོན་རྡང་འཐེན

ཆུ་ལེན   ཐལ་འཕོ   མེ་ཁ་གསོ

འོ་ཇ་ཚ་མོ་བསྐོལ་ཅིང་སྙིང་ཉེ་བའི་མི་ལ་འདྲེན་ཨང

 

འབྲོག་མོ   དབྱར་མགོ་མ་འདི་ཡི་རུམ་ཁ་ནས

བྱ་ཁྱུས་གཤོག་རྡང་འཐེན་ཞིང་མཁའ་ནས་རྩེན

བྱེའུ་ཚོགས་གསུང་སྐད་སྒྲོག་ཅིང་ཆོན་མགོར་འབབ

མེ་ཏོག་གོས་གསར་གྱོན་ཞིང་མགོ་ལྕོག་ལྡེམ

 

ལག་ཟུང་ཐོད་པར་ཀེར་ནས་རྒྱང་ལ་ལྟ་དུས

མ་གིའི་སྤེན་མའི་ཚལ་ནས་ཡིད་འགུག་གི་གཟུགས་རིས་མངོན་ཡོང

ཉི་མའི་ཚ་ཟེར་དང་སྙིང་གི་འཕར་ལྡིང་གིས

འབྲོག་མོ    མཁུར་ཚོས་དམར་པོ་དམར་རྐྱང་བཟོས་མི་ཡོང་ངམ

 

སྔོ་རྩྭ་དང་ལྕི་བའི་དྲི་མ་སྣ་ལ་ཞིམ

ཆུ་བོ་དང་ཆར་བའི་སྐད་ཆ་རྣ་བར་འཇེབས

སྦྲ་རོག་རོག་ཅན་གྱི་སྒོ་ཕུགས་ནས

འབྲོག་མོ    བརྗེད་དུ་མི་བཏུབ་པའི་གཏམ་རྒྱུད་འབྲི་ཨང

                                       2017/6/30

 

___བོད་གཞུག་སྐྱིད།  ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ཁྲི་ཀའི་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་ན་ལས་ཀ་གཉེར། བརྩམས་ཆོས་ལ་སྙན་ངག་དེབ”སྐྱ་རེངས”ཡོད།

 

རྒྱབ་རོལ་གྱི་ཡུལ་ལྗོངས།

 

ཤེལ་སྒོའི་མེ་ལོང་ལས་འཆར་བའི་ལྡོག་གཟུགས་ཕྲ་མོ

མིག་གི་གཡས་གཡོན་ནས་སེམས་ལ་འཁྱིལ་ཡོང་

བསྐྱུར་ཟིན་པའི་རྒྱབ་ངོས་ཀྱི་ཡུལ་ལྗོངས

ཁ་སང་འཆར་ངོས་ལས་མཐོང་བའི་སུ་ཞིག་གི་འཛུམ་མདངས་དང་འདྲ

 

ཚོར་བས་མ་ཟིན་པའི་ཡིད་ཀྱི་སྣང་བ

བརྡ་ཡིས་མི་འཁྲོལ་བའི་ཞེ་འདང་གི་རི་མོ

ད་དུང་ལོ་ཟླས་མ་གསུབ་པའི་རབ་རིབ་མག་མོག

འཁོར་འགྲོས་དང་བསྟུན་ནས་ཇེ་གསལ་ནས་ཇེ་གསལ

བསྒགས་ཟྭ་དང་མཉམ་དུ་ཇེ་ཆུང་ནས་ཇེ་ཆུང

 

རྒྱབ་རོལ་ནས་སྤྲིན་དང་ནམ་མཁའ་མཐོང་ཡོང་

རྒྱབ་རོལ་ནས་ཁྱོད་དང་ཁྱོད་ཀྱི་ལོ་ཟླ་འཆར་ཡོང

མདུན་ཕྱོགས་ནི་ངས་ཅེར་སའི་དམིགས་འབེན་ཁོ་ན

རྒྱབ་རོལ་ནི་ངས་བརྗེད་མི་སྲིད་པའི་ལམ་ཕྲན་ཀྱག་ཀྱོག

 

ཡིད་དུ་འོང་བའི་ཨ་གར་གྱི་ལྗོན་པ

རྣ་ལ་སྙན་པའི་བྱེའུ་ཆུང་གི་འབོད་སྒྲ

ལན་རེར་ངས་ཁྱོད་བསྐྱུར་ལ་ལན་རེར་ཁྱོད་ཀྱིས་ངའངབསྐྱུར་འགྲོ

 

ལམ་བར་ནས་སེམས་པ་འཆོལ་མི་ཉན་པའི་བརྡ་རྟགས་ཡང་ཡང་མཐོང

རྒྱབ་རོལ་ནས་ཡུལ་ལྗོངས་བརྗེད་མི་ཉན་པའི་དྲན་ཤིང་ཡང་ཡང་འཇོག

 

ལོ་ཟླ་ཡིས་དྲན་རྟེན་བཞག་པ་ཁྱོད་ཀྱི་ངག་ལས་ཤོར་མ་སོང

འཁོར་བ་ཡི་ལྕགས་ཀྱུས་ཐེབས་པ་ཁྱོད་ཀྱི་གདོང་ལས་མངོན་མ་སོང

གང་ལྟར

རྒྱབ་རོལ་ན་ཁྱོད་རང་ཆུ་མོ་བཞིན་འཁྱིལ་འདུག

ཁྱོད་རང་རི་བོ་བཞིན་བརྟན་འདུག

 

རྒྱབ་ལྗོངས་ལ་རོལ་བ་ནི་གློ་བུར་བའི་སེམས་འགྱུ་ཞིག་སྟེ

མི་ཚེ་ཡི་ཐིག་སྣེ་གང་སར་ཐོན་པ་ངེས་མེད་ཡིན་ཡང་

ལམ་བར་གྱི་ཡུལ་ལྗོངས་ཁྲོད་ནས་

སྐབས་རེར་ཁྱོད་དང་འཕྲད་ཅིང་སྐབས་རེར་ཁྱོད་དང་བྲལ་ཡོང

 

མིག་མདུན་གྱི་ཨ་སྔོན་དྭངས་ཤིང་གསལ

རྒྱབ་ངོས་ཀྱི་ལྗོན་པ་སྔོ་ཞིང་ལྗང་

དུས་ཚོད་ཀྱི་འདུར་རྒྱུག་བར་ནས

ངས་བདེན་ཅོག་ཅོག་གི་ཁ་དན་ཞིག་ཁྱོད་ལ་སྐྱུར་མ་ཐུབ་ཡང

ངས་གསལ་ཐིང་ཐིང་གི་དྲན་པ་ཞིག་ཁྱོད་ལ་བཞག་ཡོད

 

རྒྱབ་རོལ་གྱི་ཐོག་བརྩེགས་དེས་ངའི་ས་སྲོད་སྒྲིབ་ཡོང་

རྒྱབ་རོལ་གྱི་འུར་ཟིང་གིས་ངའི་ལྷིང་འཇགས་དཀྲོགས་ཡོང་

ང་ལ་ཁ་ཁུ་སིམ་མེར་གྱི་དུས་ཡུན་ཤིག་ཡོད་ན

ང་ལ་བག་ཡངས་ལྷོད་ལྷོད་ཀྱི་བསྟི་གནས་ཤིག་ཡོད་ན

 

རྒྱབ་རོལ་གྱི་ཡུལ་ལྗོངས་ངས་སྣུམ་ཚོན་གྱི་རི་མོར་འབྲི་ངེས

རྒྱབ་རོལ་གྱི་གཏམ་རྒྱུད་ངས་མི་ཚེ་ཡི་སྒྲུང་ལ་འགོད་ངེས

                                                2017•07•06

__མཚོ།  ལོ་རབས་བརྒྱད་ཅུ་བར་མདོ་སྨད་མང་རྫོང་ནས་སྐྱེས། ད་ཆ་མང་རྫོང་གི་མཁར་གྲོང་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད།  བྱ་བའི་ཞོར་དུ་རྩོམ་འབྲི་ལའང་འཇུ་བཞིན།  

 

ཕྱི་མིག

 

ངས་ཕ་ཡུལ་དྲན་སྲིད།

ཕ་ཡུལ་གྱི་ས་དང་རྡོ་གཉིས་ཀ་དྲན་སྲིད།

ཕ་ཡུལ་གྱི་མི་དང་འདྲེ་གཉིས་ཀ་དྲན་སྲིད།

བུ་ཆུང་གི་མིག་ཟུང་ལྟ་བུའི།

ཕ་ཡུལ་གྱི་ནམ་མཁའི་སྐར་མའང་དྲན་སྲིད།

བདག་གི་སེམས་པ་ལྟ་བུའི།

ཕ་ཡུལ་གྱི་ས་གཞི་དང་གཙང་བོའང་དྲན་སྲིད།

 

ངས་ཕ་ཡུལ་དྲན་སྲིད།

ཕ་ཡུལ་གྱི་རི་སུལ་དྲན་སྲིད།

རི་སུལ་ན་བཀྲེས་སྐོམ་གྱིས་འདུར་བའི་སྤྱང་ཀི་དྲན་སྲིད།

རྔོན་པ་དྲན་སྲིད།   རྔོན་པའི་ཆུང་མ་དང་བུ་ཕྲུག་ཀྱང་དྲན་སྲིད།

ཁོའི་ཁང་ཁྱིམ་དང་སྒྲོན་འོད་ཀྱང་དྲན་སྲིད།

 

ངས་ཕ་ཡུལ་དྲན་སྲིད།

ཕ་ཡུལ་གྱི་བྲང་གཞུང་བརླན་སྲིད་པའི།

བུ་ཆུང་གི་དྲན་གདུང་དང་ཁེར་རྐྱང་དྲན་སྲིད།

ཕ་མའི་ཐོབ་ཤོར་དང་དགའ་སྐྱོ་དྲན་སྲིད།

རླུང་གིས་བསྐྱོད་སྲིད་པའི།

ཁོང་ཚོའི་དངུལ་མདོག་གི་སྐྲ་ལོ་དྲན་སྲིད།

ངས་ད་དུང་།  ཕ་ཡུལ་གྱི་བྲང་ལ་འབྱར་བའི།

ཨ་ཅེའང་དྲན་སྲིད།

  ___རྟོགས་སད་ལྷ་མོའམ་ཚེ་སྐྱིད་ལྷ་མོ། སྔ་ཕྱིར”མི་རིགས་རྩོམ་རིག”དང”ཟླ་ཟེར”དང”ལྷོ་ཁའི་རྩོམ་རིག་སྒྱུ་རྩལ”  “གངས་རྒྱན་མེ་ཏོག” “ལྷ་སའི་དགོང་གྲོའི་ཚགས་པར”  “ནག་ཆུའི་ཚགས་པར”བཅས་ཀྱི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་མྱོང་། ༢༠༡༤ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ》ཞེས་པའི་སྙན་དེབ་དཔར་དུ་བསྐྲུན།

 

དུས་ཚོད་འདི་དང་སེམས་རིས་འདི། 

 

དུས་ཚོད་འདི་གཤོག་པ་ཐོགས་པའི་བྱིའུ་ཆུང་བཞིན

མགྱོགས་ནས་མྱུར་དུ་ངའི་མཁའ་དབྱིངས་བརྒལ་ནས་འགྲོ་གིས

མགྱོགས་ནས་མྱུར་དུ་ངའི་ལོ་ཟླ་དྲུད་ནས་འགྲོ་གིས

མགྱོགས་ནས་མྱུར་དུ་ངའི་ལང་ཚོ་འཁུར་ནས་འགྲོ་གིས

མགྱོགས་ནས་མྱུར་དུ་་་་་་་་་་མགྱོགས་ནས་མྱུར་དུ 

འདི་ལྟར་འགྲོ་གིས

ཡིན་ན་ཡང་

ཁྱེད་དང་ཁྱེད་ཀྱི་ཟླ་བ་བདུན་པ་འཁྲུལ་སྣང་གི་རྒྱ་སེ་རྐང་གཅིག་དང་འདྲ་བར

ངས་ཤིན་ཏུ་ནས་གཅེས་པར་བྱ་གི་ཡོད

 

ཁྱེད་ཀྱིས་ཧ་ཅང་མཛེས་པའི་ཟླ་བ་བདུན་པར་སྨོན་ལམ་ཅི་ཞིག་བརྒྱབ་ཡོད 

དམ་བཅའ་ཅི་ཞིག་བཞག་ཡོད

ཡང་ན་འདི་དག་གང་ཡང་མིན་པ་ཞིག་ཡིན་ནམ 

གང་ལྟར་ཁྱེད་རང་ཁྱེད་ཁོ་ནར་དབང་བས 

ད་ནས་བཟུང་ངས་རང་ཉིད་སྤྲིན་པར་སྤྲུལ་ནས

ག་དུས་ཤིག་ལ་ནམ་མཁར་འཐིམ་ནས་འགྲོ་ཆོག

 

བཞུད་སྟངས་མགྱོགས་པའི་མི་ལོ་རེ་རེ་ནི

ང་ལ་གསལ་ཆ་མེད་པར་བཞུད་འགྲོ་གིས 

མིག་གིས་མཐོང་རྒྱུ་མེད་པར་བཞུད་འགྲོ་གིས

སེམས་ཀྱིས་འཛིན་རྒྱུ་མེད་པར་བཞུད་འགྲོ་གིས 

འདི་ནི་ཅི་ཞིག་གི་ལས་འབྲས་ཡིན་ནམ 

 

འོ་རེད

ད་ལྟ་ཁྱེད་དང་ཁྱེད་ཀྱི་ཟླ་བ་བདུན་པ

ང་དང་ངའི་བརྩེ་བས་འཚོས་ནས་ཡོད། 

        2017/7/2ཐོ་རེངས། 

___མར་བཟའ་བློ་སྒྲོལ། ཕ་ཡུལ་སི་ཁྲོན་མཛོད་དགེ། ད་ལྟ་བོད་ལྗོངས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད།

 

བཙོན་དུ་ལུས་པའི་རྒྱ་སེ་དམར་པོ།

 

ཁྱོད་ཀྱི་ཤ་རུས་ལ་འཐིམ་པའི་སྐྱོ་གདུང་གི་རི་དང་ལྗོན་པས།

བདག་གི་འཁྲེང་ཞེན་གྱི་མཚོ་མོ་དྲག་ཏུ་བསྐྱོམས་ཤིང་། 

མི་སེམས་འཁྲུག་ལོང་གི་སྨྲ་ཁ་དག་ཀྱང་གཤགས་པར་བྱས་ལ།

ལོ་ཟླས་བྲན་པའི་སྲེད་པའི་ཕུང་བོ་དག་ལ་ཡང་།

ཆེས་མཐའ་མཇུག་གི་ཞབས་ཁྲུས་ཤིག་ཀྱང་མེད་པར།

མུན་པའི་འཇིངས་ཀྱི་འཆི་བའི་ལ་མོ་དག་བརྒལ་བར་བཏང་།

 

འབྱུང་བའི་རླུང་སྲེག་པའི་ནམ་ཚ་ག་ཚོད་རིང་ན།

བདག་གི་ཕྲག་པ་གློད་ཡུན་དེ་ཙམ་རིང་ལ།

ཞེ་འགྲས་པའི་སྲོག་ཆགས་ཀྱང་དེ་ཙམ་མང་སྲིད།

 

འཇའ་ཚོན་གྱི་ལག་པར་ཟླ་བའི་གློ་ཆ་གདགས་དོན་མི་འདུག་ལ། 

མེ་རྡུལ་གྱི་འོད་རྩུབ་པའི་འབྱུང་བའི་བུ་ག་དག་ནས་ཀྱང་།

རྣམ་ཤེས་ཀྱི་ཚེར་ལོ་སྒུལ་དོན་མི་འདུག་པས།

སེམས་པ་ས་ལ་ལྷུང་བའི་རྡུལ་ཕྲ་མོ་དག་སྐྱོར་རྗེས།

རྣམ་ཤེས་ཀྱི་དིང་རུ་དངུལ་གྱིས་བཤན་ཏེ། 

སེམས་ངལ་མཐའ་དག་བཞག་ཆོག་པའི།

རོལ་དབྱངས་ལྷོད་མོ་དེའི་མངའ་ཐང་ལ་སིམ་འགྲོ་ཨང་། 

 

___བྱ་མདོ་བདེ་སྐྱིད་སྒྲོལ་མ། ལོ་རབས་དགུ་བཅུའི་ནང་མཚོ་ལྷོ་མང་རྫོང་བྱ་མདོ་ས་ཆར་སྐྱེས། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕྱི་སྐད་སྡེ་ཁག་ཏུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཅིང་། ཕྱི་ཡིག་སྦྱོང་བའི་ཞོར་ལ་རྩོམ་ཡིག་རེ་འབྲི་བའི་དགའ་ཕྱོགས་རྒྱུན་སྐྱོང་བཞིན་ཡོད།

 

ཡུགས་མོ།

 

ལོ་ཞིག་ལ

རླུང་བུ་ཁྱོད་ཀྱི་ནང་ཁོག་ནས་ཕྱིའི་འཇིག་རྟེན་ལ་གཡུགས

ཁྱོད་ཀྱི་ནང་ཁོག་ནས་ལྡང་བའི་རླུང་བུས

ཁྱོད་ཀྱི་ཁྱོ་ག་ཁུར་བ་བཞིན་དུ་འཇིག་རྟེན་གྱི་ཁྱོ་ག་གཞན་དག་ཀྱང་ཁུར་སོང

དེ་ལྟར་ཁྱོད་ཀྱི་མིང་ལ་ཡུགས་མོ་ཐོགས་ཤིང

ཁྱོ་ག་བོར་སོང་བའི་སྐྱེས་མ་གཞན་དག་ཀྱང་ཡུགས་མོར་གྱུར

 

རུམ་ཁ་ནས་བོར་སོང་བའི་སྐྱེས་པ་དེའི་ངོ་གདོང་དྲན་དུས

ཁྱོད་ཀྱིས་རང་ཉིད་ཀྱི་བླ་སྲོག་ཀྱང་གསོན་སྦས་བྱ་འདོད་ཀྱང

ཁྱོད་ཀྱི་དུར་བྱང་མདུན་ན་མྱ་ངན་གྱི་ཞུ་ཚིག་ཡོད་མི་འོས

རྒྱུ་མཚན་ཁྱོད་རང་འཆི་རན་མེད་པས

རྣམ་ཤེས་ལ་བསྟི་གནས་མེད

 

དུས་ཆེན་རེ་རེར

མི་རྣམས་ཀྱིས་གཟབ་འཆོར་སྤྲས་ནས་ལོངས་སྤྱོད་ལ་ཆགས་སྐབས

ཁྱོད་ཀྱིས་སྡུག་བསྔལ་གྱི་མཆོད་པ་བཤམས་ནས་ཤི་བོར་མྱ་ངན་ཞུས

སྙིང་ཁྲག་མེ་རུ་སྦར་ནས་འདས་པོར་བསྔོ་བ་བཏང

གྲོ་ནས་སྲན་གསུམ་གྱི་རྩད་པ་བྲད་ནས

དུར་ཁྲོད་ལ་རབ་གནས་གནངས་པ

སྐྱེས་པ་དེ་སླར་གསོན་པར་སྒུག་གམ

གལ་ཏེ་དེ་ལྟར་ཡིན་ཚེ

ཁྱོད་ནི་ཡུགས་མོ་ཞིག་ཡིན་པ་ཕར་ཞོག

འཆི་བ་ཁས་མི་ལེན་པའི་ལོག་ལྟ་བ་ཞིག་ཀྱང་ངོ

 

ཁྱོད་རང་ཕམ་ཉེས་ཁུར་བའི་བུད་མེད་ཅིག་ཡིན་རུང

བྲང་གཞུང་གི་རླུང་བུ་དང་མཆི་མར་དབང་བསྒྱུར་གཏོང་ཕོད་པའི་སྐྱེས་མ་ཞིག་ཡིན་འོས་ཏེ

མིག་མཐར་འཁྱིལ་བའི་མཆི་མ་དག་ནི

ཁྱོད་ཀྱི་ནང་ཁོག་ནས་ཕྱིར་ལྡང་བའི་རླུང་བུ་ནས་མགོ་བརྩམས་པས་ཡིན

རླུང་བུས་ཁྱོད་ཀྱི་ཚེ་གཅིག་གི་སྐྱ་ཡ་བཞབས་སོང་བས་ཡིན

 

ལོ་ངོ་ག་ཚོད་ཅིག་ཀྱང་ཁྱོད་ཀྱི་རླུང་བུས་ཁུར་སོང་མོད

འགྲམ་རྩར་འཁྱིལ་བའི་མིག་ཆུ་དེ

ལག་མཐིལ་ན་མེ་ཏོག་ལྟར་བཞད་པའི་ལས་དབང་གི་རི་མོར་ཐིམ

ནམ་ཞིག་ལག་མཐིལ་གྱི་རི་མོ་དེའང་གཏན་ཏུ་ཐོར་ཞིག་ཏུ་གྱུར་ཚེ

ཁྱོད་ལ་དཀར་སང་སང་གི་རུས་སྒྲོམ་མ་གཏོགས་གང་ཡང་ལྷགས་མི་སྲིད

ཐ་ན་ཡུགས་མོ་ཞེས་པའི་མིང་བྱང་དེའང་དབང་མི་སྲིད

 

___ཆབ་གཡུ་མེ། མིང་དངོས། ཀུན་བཟང་ལྷ་མོ།  ཕ་ཡུལ། བོད་ལྗོངས་ཆབ་མདོ། སློབ་གཉེར་བྱེད་ས། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་གྲྭ་ཆེན་མོ། བརྩམས་ཆོས་དེབ། སྐུད་པ། 2016ལོར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཁང་ནས་དཔར་དུ་བསྐྲུན། སེམས་ཀྱི་སྐད་ཆ། ང་རང་སྙན་ངག་ལ་དགའ་དོན་ནི་སྙན་ངག་གིས་ངའི་ཁེར་རྐྱང་གི་གདུང་བ་སེལ་ནུས་པས་མ་ཡིན་པར། སྙན་ངག་གིས་ང་ལ་ལྷིང་འཇགས་ཤིག་སྐྲུན་ཐུབ་པས་ཡིན། 

 

རྨི་ལམ་ནང་གི་གྲིབ་མ།

 

རླུང་དང་འཐབས་པའི་དྲན་པ་འདི་ཉིད་ཀྱིས།།

རི་རྒྱབ་སྨུག་པའི་མཐའ་ནས་རྨི་ལམ་བྲིས།། 

འཕྲེད་གླིང་འབུད་པའི་སེམས་ཀྱི་གྲུ་མཁན་ཡང་།།

འཁོར་འདས་གསལ་བའི་མེ་ལོང་ནང་དུ་མཐོང་།།

འཚོ་བའི་དབྱངས་ཀྱི་ཟླ་བ་དཀར་པོའི་གཟུགས།།

མི་ཚེའི་སྤང་ལ་འཁོར་བའི་ཕྱེ་ལེབ་ཡིན།།

དྲན་པའི་རྒྱུ་བར་རླུང་གིས་རྡེག་ཐེངས་རེར།།

སེམས་ཀྱི་དམིགས་པ་སྟོང་བའི་མཐའ་ལ་ཡན།།

དཔྱིད་ཀའི་རླུང་བུ་འཚུབ་པའི་བར་གསེང་ནས།།

རྨི་ལམ་འབུམ་ཕྲག་ཉུལ་བའི་འགྲུལ་བཞུད་ཀྱང་།།

ཆུང་དང་རླུང་གིས་མ་འཇིགས་དེ་གར་གནས།།

ལས་ཀྱིས་བྱིན་པའི་ཀུ་ཤུ་དཀར་པོ་ཡང་།།

དྲན་པའི་རླབས་ཀྱིས་ང་ཡི་བྲང་ལ་ལྷུང་།།

2017  5  26

              __སྒྲ་དབྱངས་སྲས་མོ།  ང་ནི་ཕ་ཡུལ་ཁམས་བྲག་མགོ་དགུ་འབྲོག་སྡེ་བ་ནས་ཡིན།དངོས་མིང་ལ་ནོར་འཛིན་དང་དྲྭ་མིང་ལ་སྒྲ་དབྱངས་སྲས་མོ་ཟེར།ད་ལྟ་གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ནང་ཚན་པདྨ་མཁའ་འགྲོའི་འདུ་གླིང་ན་སློབ་སྦྱོང་བྱེད་ཀྱིན་ཡོད།

 

རང་སྐད་བཤད་རང་ཡིག་སློབ།

 

འཛམ་གླིང་ཡང་རྩེ་གངས་རིའི་ཞིང་ཁམས་ནས།།

སྤུར་རྒྱལ་བཙན་པོའི་དཔའ་མཛངས་སྟོབས་ཤུགས་ཀྱིས།།

གོ་ལའི་སུམ་གཉིས་ཁྱོན་ལ་དབང་བསྒྱུར་བའི།།

བོད་ཀྱི་བླ་སྲོག་སྐད་ཡིག་ཁྲི་ལོར་ཤོག།

 

སངས་རྒྱས་བསྟན་པའི་འགོ་ཁུངས་འཕགས་ཡུལ་དུ།།

བགྲོད་དཀའི་འཕྲང་ལམ་དུ་མ་རབ་བརྒལ་ཏེ།།

གདོང་དམར་མི་རིགས་ཆེད་དུ་བསྐྲུན་པའི་ནོར།།

དབྱངས་གསལ་མུན་སེལ་སྒྲོན་མེ་འུ་ཚོས་སློབ།།

 

ཕ་རྒྱུད་བྱང་སེམས་སྤྲེའུའི་རིགས་ཀྱི་སྲས།།

མ་ཡུམ་བྲག་སྲིན་དཔའ་མོའི་གདུང་འཛིན་པ།།

བྱམས་བརྩེ་སྙིང་སྟོབས་ལྡན་པའི་རིགས་གཅིག་སྤུན།།

ཕ་སྐད་གཙང་མའི་གདངས་སྒྲ་འུ་ཚོས་སྨྲ།།

 

ཡིག་རིགས་ཁྲི་མ་འབུམ་གྱི་གྲུ་ཟུར་ན།།

ཨང་རིམ་མངོན་པར་མཐོ་བའི་སྟེགས་བུ་ཅན།།

སྦྱོར་དང་ཀློག་ལ་ངལ་མེད་ཁྱད་འཕགས་ཀྱི།།

ལེགས་པའི་སྟབས་བདེ་བོད་ཡིག་ཅིས་མི་སློབ།།

 

འགྲོ་བ་མི་ནས་སྲོག་ཆགས་བྱ་བྱེའུའི་བར།།

སོ་སོའི་ཁ་ན་མགྲིན་པའི་ངག་སྒོ་རེ།།

ཐུན་མིན་མི་རིགས་རང་གི་བརྡ་སྦྱོར་གྱི།།

བོད་ཀྱི་ཡུམ་སྐད་དག་མ་འུ་ཚོས་བཤད།།

 

གཟབ་གཤར་དབྱིབས་ཀྱི་གཟུགས་རིས་མིག་ལ་མཛེས།།

གདངས་ཀྱི་དབྱངས་རྟ་ཐོས་འཛིན་བུ་གར་སྙན།།

གཙུག་ལག་ཤེས་བྱའི་འཇུག་ངོགས་སེམས་སུ་སྦྲུམ།།

ཕུལ་བྱུང་བོད་ཀྱི་ཡི་གེ་ང་ཚོས་སྦྱོང་།།

 

རིན་ཐང་ལྟ་བའི་འདུ་ཤེས་རྫོབ་པའི་ཀློང་།།

ནགས་མཐའ་མེ་ཡིས་འཁྱུད་པའི་སྤྲེའུ་བཞིན།།

མི་སེམས་ཕྱི་རོལ་རྫས་ཀྱིས་བཀུག་དུས་འདིར།།

རིགས་ཀྱི་ཚེ་སྲོག་ཕ་སྐད་ངག་ནས་སྐྱོར།།

 

དུས་འགྱུར་རྦ་རླབས་གཡོ་བའི་ཁོར་ཡུག་ཁྲོད།།

རང་གི་ཡི་གེའི་རིན་ཐང་རྟོགས་བྱས་ཏེ།།

གཞན་གྱི་ཡིག་རིགས་དཔལ་ཡང་མཁོ་མོད་ཀྱང་།།

ཐོན་མིས་གནང་བའི་བོད་ཡིག་གཙིགས་སུ་བྱ།།

 

ཆོས་རིག་གྲུབ་མཐའ་དར་བའི་ལྷ་ལྡན་ཞིང་།།

སྟོད་ཕྱོགས་སྐོར་གསུམ་རུ་བཞིའི་ཡུལ་གྲུ་ན།།

ཞི་འཇམ་གུས་ཚིག་གཏམ་གྱི་ཁྱད་ཆོས་མཁན།།

དབུས་གཙང་སྤུན་ཟླ་ང་ཚོས་སྐད་ཡིག་འཛི༵ན།།

 

གདོང་དམར་ཚང་གི་རུས་རྐང་མ་ཉམས་པའི།།

དཔའ་བོའི་བུ་རྒྱུད་རྒོད་པོ་གཤོག་ཐོགས་ཅན།།

ཡ་རབས་བློ་ཁོག་དྲང་བའི་མི་བུའི་རིགས།།

ཁམས་པའི་ནང་མི་ང་ཚོས་སྐད་ཡིག་སྐྱོ༵ངས།།

 

དགེ་ཆོས་མཁས་པའི་གཟུགས་སྐུ་བལྟམས་པའི་ཡུལ།།

ཤེས་རིག་མཚོ་མོ་རྒྱས་པའི་གཞིས་ཀ་རུ།།

བརྩོན་ལྡན་གསེར་མིག་སྟོང་གིས་འཁྱུག་རྩལ་ངོམ།།

ཨ་མདོའི་གྲོགས་པོ་ང་ཚོས་སྐད་ཡིག་སྤེ༵ལ།།

 

རིགས་ལ་ཞེན་པ་ཕྲ་བའི་མི་ཚོགས་དབུས།།

ནད་ཡམས་ལྟ་བུའི་འདྲེས་མའི་སྐད་རིགས་ཀྱིས།།

ཕ་སྐད་སྲོག་ལ་གཟན་པའི་དུས་རབས་འདིར།།

བོད་སྐད་བཤད་པར་ང་ཚོས་ནུས་ཤུགས་བསྐྱེད།།

 

ཤ་ཁྲག་རུས་གསུམ་བོད་ལས་ཆད་ན་ཡང་།།

མེས་པོས་བསླབ་པའི་སྨྲ་ལྕེ་མ་འཁྱོངས་ན།།

བོད་མི་རྣལ་མའི་གྲལ་དུ་མི་གཏོགས་པས།།

ཕ་སྐད་མགྲིན་པའི་ནང་ནས་གསོང་པོར་བརྗོད།།

 

ཤེས་བརྩོན་ཟུང་དུ་ཚོགས་ན་རིག་པའི་གནས།།

རྣམ་མང་བསླབ་གཞི་མཐའ་དག་ཤེས་པ་གལ།།

ཡིན་ཡང་སློབ་པ་རབ་ལྟར་མ་ནུས་ན།།

རང་སྐད་ཤོད་པ་མ་མཐའི་འགན་འཁྲི་ཡིན།།

 

བྱང་སེམས་བདག་ཉིད་མཁན་ཆེན་དམ་པ་དང་།།

བསིལ་ལྗོངས་མཁས་བརྒྱས་གཏན་ལ་ཕབས་པ་ཡི།།

གསར་བྱུང་རྒྱུན་བཀོལ་ཐ་སྙད་དེབ་ཚོགས་ལ།།

འབད་དེ་ཨ་མའི་ངག་གི་དབུགས་རྒྱུན་བསྲིངས།།

 

ཚེ་སྲོག་ལུས་ཀྱི་ལང་ཚོ་སྨིན་པའི་ས།།

གཞིས་ཡུལ་རི་ཆུ་ནགས་ཀྱིས་བརྒྱན་པ་ཡི།།

ཕ་ས་གངས་ལྗོངས་ཕྱུག་མོའི་ཕང་བ་ནས།།

བོད་ཕྲུག་བོད་ལ་ཞེན་པའི་དྲན་སྐུལ་ཡིན།།

 

2016  12  /22བོད་ཟླ་༡༠ཚེས༢༤ཉིན་སྒྲ་དབྱངས་སྲས་མོ་འམ་ནོར་འཛིན་གྱིས་གསེར་ལྗོངས་བླ་རུང་ལྔ་རིག་པདྨ་མཁའ་འགྲོའི་འདུ་གླིང་ནས།

 

___ཀླུ་མོ་སྐྱིད།  སྨན་པ་རབ་འབྱམས་པ།ལོ་རབས་བདུན་ཅུའི་མཇུག་ཏུ་མདོ་སྨད་ཀླུ་ཆུའི་དཔོན་འཁོར་སྡེ་བ་རུ་སྐྱེ།ལས་ཞོར་དུ་《བོད་ལྗོངས་ཞིབ་འཇུག་》དང་《བོད་ཀྱི་གསོ་རིག་དུས་དེབ》།《ཟླ་ཟེར》།《རླབས་ཕྲེང》《ཀན་ལྷོའི་ཉིན་རེ་ཚགས་པར་》སོགས་སྟེང་དུ་དཔྱད་རྩོམ་དང་སྒྲུང་ཐུང་།སྙན་ངག་སོགས་སྤེལ་མྱོང་།ད་ལྟ་ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་དུ་ལས་ཀ་བྱེད་མུས་ཡིན།

 

ལྷ་ས།

 

ངའི་མི་ཚེའི་ཚིག་མཛོད་དུ་བབས་པའི་ཆེས་ཐོག་མའི་ས་མིང་དེ་ཁྱོད་ཡིན་ལ།

ངའི་རེ་སྨོན་གྱི་གཤོག་པ་རྐྱོང་སའི་ཆེས་ཐོག་མའི་ཁ་ཕྱོགས་ཀྱང་ཁྱོད་ཡིན།

ས་མིང་དེ་དང་ཁ་ཕྱོགས་དེའི་རྐྱེན་གྱིས།

ཡུན་དང་ཤེད་ཀྱིས་ང་རང་གནས་དེར་འདྲེན་གྱིན་འདུག

 

གནས་དེ་རུ་སྡུག་བསྔལ་མེད་ལ་མིག་ཆུ་མེད།

གནས་དེ་རུ་ཆོས་སྐད་ལྷང་ལྷང་སྒྲོག་ཅིང་དྲིལ་བུ་སིང་སིང་ཁྲོལ།

གནས་དེ་ནི་རང་སེམས་མཐར་ཐུག་གི་ལོག་མལ་ཡིན།

 

ཡིན་ཡང་། ང་ནི་དཀའ་བ་ཁྱད་སད་ཀྱིས་གོམ་པ་རེ་རེ་སྤོ་བཞིན། ངལ་དུབ་ཀྱི་ལུས་པོ་དྲུད་དེ་ཁྱེད་ལ་བཅར་མཁན་དེ་མིན་ལ།

ཁྱོད་ཀྱི་ངོ་གདོང་ཁོ་ན་པར་མིག་ཏུ་བསྡུ་བའི་ཕྱོགས་ཡོང་མགྲོན་པོ་དེའང་མ་ཡིན།

 

ང་ནི་ཡུན་རིང་ཡུནརིང་ཞིག་ལ།

རྒྱང་རིང་རྒྱང་རིང་དུ་ལུས་པའི།

ཉམ་ཐག་གི  རྣམ་དག་གི

ཁྱོད་ཀྱི་ཆགས་རབས་དང་འཕེལ་འགྱུར།

ཁྱོད་ཀྱི་དར་རྒུད་དང་གཟི་བྱིན།

ཁྱོད་ཀྱི་གདུག་རྩུབ་དང་ནག་ཉེས།

གང་ཞིག་གིས་ཀྱང་སེམས་པ་གཡོས་སླ་ཞིང་།

ཆགས་སྡང་གི་རླབས་རྩེར་སྐྱོམ་བཞིན་པ་དེ་ཡིན།

 

ཕོ་བྲང་པོ་ཏ་ལའི་ཁོད་ཡངས་པའི་རྡོ་སྐས་སྟེང་འཛེགས་ཐེངས་རེར།

ངའི་རྟོག་བཟོའི་བརྙན་ཡོལ་ངོས་སུ།

སག་སག་འགུལ་གྱིན་པ་ནི།

དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པའི།

འཛུགས་སྐྲུན་མཁན་གྱི་གཟུགས་རིས་དེ་དག་ཡིན།

 

དེ་དག་ནི་ཅི་འདྲའི་སྙིང་དུ་སྡུག་ཨང་།

ཅི་འདྲའི་ཡིད་དུ་འོངས་ཨང་།

ང་ཚོས་མྱོང་གིན་པའི་བདེ་སྐྱིད་ནི་ཁོང་ཚོའི་རྔུལ་ཁྲག་གིས་བསྐྲུན་པ་མ་ཡིན་ནམ།

ཁོང་ཚོའི་བཀའ་དྲིན་ཀྱིས་བསྐྱིལ་བ་མ་ཡིན་ནམ།

 

ངའི་རྣ་ལམ་དུའང་ད་དུང་འགེངས་བཞིན་པ་ནི་གོ་ལའི་ཡང་རྩེ་གཡོ་སྐྱོམ་བཏང་མྱོང་བའི་རྟ་ཕོའི་རྨིག་སྒྲ་རེད།

རེད་དེ།དེ་ནི་ལོ་རྒྱུས་རེད།དེ་ནི་ཁ་སང་རེད།

ཁ་སང་གིས་ང་ཚོར་སུ་དང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ལོ་རྒྱུས་ཤིག་བསྐྲུན་ཡོད།

 

མེས་པོ་དག་སྔ་ས་ནས་བཞུད་ཟིན།

བཞུད་ཤུལ་གྱི་གཞིས་ཁྱིམ་འདིར།

ད་དུང་ཁོ་ཚོའི་དཔག་དཀའ་བའི་ཐུགས་དགོངས་འཁྱིལ་ཡོད་ལ་ཡལ་མེད་པའི་དྲོད་ཤའང་ལུས་ཡོད།

 

ངས་པོ་ཏ་ལར་བཞུགས་པའི་མེས་པོའི་ཚོགས་ཀྱི་ཞལ་རས་ཡིད་ལ་སྒོམ། སྒོམ་གྱིན་སྒོམ་གྱིན་དུ།  ངས་ཁོང་ཚོ་དཀའ་སྡུག་གིས་བསྐྱོད་པའི་ལོ་ཟླ་ཡིད་ལ་དྲན།. དྲན་གྱིན་དྲན་གྱིན་དུ།

གར་ཡོང་མི་ཤེས་པའི་སྨྲེང་སེམས་ཤིག་གིས་ང་རང་དམ་དུ་བཅིངས།

ལྷག་ཏུ།ཕོ་བྲང་དཀར་དམར་སྒྲིལ་མཚམས་ནས་དོན་རྗེས།

ཡིག་དྲུག་གི་འོད་ཟེར་སྤྲོ་ས།

དབྱངས་གསལ་གྱི་ས་བོན་གཏོར་ས།

ཕ་བོང་ཁའི་ཕྱོགས་ལ་བལྟ་བཞིན།

མཁས་མཆོག་ཅིག་གི་རྣམ་དཔྱོད་དྲན་ཡོང་།

 

རྫོང་རྒྱབ་ཀླུ་ཁང་དུ་འདུས་པའི་མི་རྣམས་ཀྱི་སོས་དལ་མཐོང་དུས།

དཔའ་བོ་ཞིག་གི་བློ་ཁོག་དྲན་ཡོང་།

རྒྱལ་སྲས་ཤིག་གི་བརྩེ་བ་དྲན་ཡོང་།

 

ཟུངས་ཁྲག་གིས་ལོ་རྒྱུས་བྲིས་མྱོང་བའི་ང་ཡི་དཔའ་བོ་གང་ལ་བཞུད་སོང་།

བརྩེ་བས་ས་གཞི་སྒུལ་མྱོང་བའི་ང་ཡི་རྒྱལ་སྲས་གང་ལ་ཕེབས་སོང་།

 

ནམ་རྒྱུན་བར་སྐོར་གྱི་བསང་དུ་ཀློང་ན།

དད་པའི་སྟོབས་ཀྱིས་འཁྲུག་པའི་མི་ཚོགས་ཁྲོད་དུ།

འོད་མདངས་ལམ་ལམ་འཚེར་བའི་མཆོད་མེའི་ངོགས་སུ།

ང་ནི་ཡིད་འགྱུར་གྱི་མཆི་མ་བསྲུབས་བཞིན་དུ།

མ་ཎི་དང་དམིགས་རྩེའི་དབྱངས་ལ་སིམ་པའི།

རྣམ་ཤེས་སྡོམ་པོ་ཞིག་ཡིན།

 

ཤ་ཁྲག་རུས་གསུམ་དྲོད་ལ་ལྡེ་སའི་ཉི་མའི་གྲོང་ཁྱེར་ཨ།

ལུས་ངག་ཡིད་གསུམ་ཁྲུས་ལ་རོལ་སའི་ཆོས་འཁོར་ལྷ་ས་ཨ།

ཁྱེད་ཀྱི་བྱུང་བ་གཙང་ཆུས་ཁྱེར་ཏེ་གང་ལ་རྒྱུག

 

ང་ལ་ཐེ་ཚོམ་དང་གནོང་བ་མེད་པར་ལུས་པོ་ཁྱོད་ལ་སྦྱོར་གྱིན་ཡོད།

ང་ཡིས་སྦ་གསང་དང་ཚམ་ཚོམ་དོར་ནས་སེམས་པ་ཁྱོད་ལ་གླན་གྱིན་ཡོད།

 

ད་ནི་ང་ལ་སྙིང་ཉེ་བའི་བྱིལ་བྱིལ་ཐེངས་ཤིག་བྱེད་རོགས།

ད་ནི་ང་ལ་ཡིད་དུངས་པའི་འཛུམ་མདངས་ལན་གཅིག་སྟོན་རོགས།

 2017.07.14

  _ __ཆར་ཟིམ་ཟིམ  1980ལོར་རྫ་སྟོད་དུ་སྐྱེས་ཤིང་། 2004ལོར་མཚོ་སྔོན་སློབ་ཆེན་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན། ད་ལྟ་རྫ་སྟོད་རྫོང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།

 

  རྒོད། (1)        

 

  ལྗོན་ཤིང་གི་དབང་བོ་གནམ་ལ་ཟུག་འདྲའི་ཨར་འདམ་གྱི་ཁང་བརྩེགས་མཐོ་པོའི་གསེབ་ཁ་ནས།  དབུགས་ཀྱི་འབྱིན་རྔུབ་དཀའ་བའི་སྐྱོ་གདུང་དང་མནར་གཅོད་དུ་མས།  ངའི་ཡི་མུག་སེམས་སུ་མེས་པོའི་ཕ་གཞིས་དྲན་ལ།  ཡངས་པའི་རྩྭ་ཐང་འཁོར་སོང་།  ལོ་ངོ་བཅུ་གྲངས་ཀྱི་སྔ་རོལ་ལ།  གནས་འདི་རུ།  འདོ་བ་རྟ་ཡི་འཚེར་སྐད་སྙན་ཞིང་གཡང་མོ་ལུག་གི་འབའ་སྒྲ་འཇེབས།  གནག་ཆུང་ནོར་གྱི་ངུར་སྒྲ་དེ་བས་ཀྱང་རྒྱུན་མི་ཆད།  མར་ཕྱུར་རྩམ་པ།  དཀར་དམར་ཟས་སྣ་བཅུད་ལྡན་དག་གཙང་དྲི་མ་མེད།  ལོངས་སུ་སྤྱོད།  མཚམས་འདི་རུ།  ངེད་ཅག་ལ་དབང་བ་ཅི། བདག་ཉིད་ཀྱི་རྩོལ་བ་གང་། 

གདུག་རྩུབ་ཕྲག་དོག་རང་གཤིས་ཀོ་གྱོང་དང་།།

ཁ་ཟས་གཙང་མ་གཅིག་ཀྱང་ཁ་ཐུག་དཀའ།།

ཉོན་མོངས་དགྲ་རུ་ལངས་ནས་སྒེར་སེམས་བྲེལ།།

ཕ་སྐད་མ་ཡིག་བསྐྱུར་ནས་གཞན་རྗེས་འདེད།།

རང་གཤིས་མི་བརྟན་གྱང་གི་རྩྭ་སྐྱ་བཞིན།།

བུ་ཚ་རིགས་རྒྱུད་བོད་ཀྱི་དྲི་ཙམ་དབེན།།

དེ་འདྲ་འདི་བྱེད་གཅེས་ནོར་བརླག་སོང་བ།།

ཧ་ཅང་འཇིགས་སུ་རུང་བ་ཨེ་སེམས་ལགས།།

      དེ་བས།  རང་སེམས་རྒོད་པོའི།  བསམ་གཤིས་བརྟན་པོས།  མདུན་སྐྱོད་ཀྱི་གོམས་ཁ་ཡངས་པོས་སྟངས་སྟབས་བསྒྱུར་ནས།བློ་གྲོས་ཀྱི་སྤོབས་པ་སྐྱེད་བཞིན།  གོང་ནས་གོང་དུ།  ཡར་ནས་ཡར་ལ།རྒྱུགས་དང་།  འཕུར་ཤོག ལྡིང་དགོས།  ཕ་མེས་ཀྱི་གཤིས་བཟང་།  འགྲན་མེད་ཀྱི་སྐད་ཡིག ཡངས་པའི་ཕ་ཁྱིམ།  ངེད་ཅག་ལ་དབང་བ།  ངེད་ཅག་ལ་མཆིས་པ།  དེ་བཞིན་ཡོད་ཚད་ཀྱི་ཆེད་དུ།  རྩོལ་བ་རྒྱུན་བསྐྱང་དགོས་ཤིང་། དཀའ་སྡུག་འཛད་མེད་ཁྲོད་དུ་འཕག་འཚག་རྒྱག་དགོས།  ཞུམ་མེད་ཀྱིས་སྙིང་སྟོབས།ཉམས་མེད་ཀྱི་བློ་སྤོབས།  འགྱུར་མེད་ཀྱི་འདུན་མས།   བྲག་ངོས་ལ་རྡེག་པའི་ཆལ་ཆིལ་གྱི་རྦ་རླབས་བཞིན།  རླབས་སྒྲ་སྒྲོགས་ཤིགསེམས་འདུན་དྲག་པོས།  རྒྱལ་ཁའི་བ་དན་རི་བོ་ཧི་མ་ལ་ཡའི་རྩེ་ཁ་རུ་བསྒྲེངས་པ་རྒོད།

 

(1)རྩོམ་འདི་སྙ་ངག་གི་རྩོམ་ལུས་སུ་མི་གཏོགས་ཀྱང་དམིགས་བསལ་གྱིས་བཀོད་པ་ཡིན།

 


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།