མདོ་སྨད་ཧེ་རུ་ཀའི་སྙན་ངག་ཆེད་འགོད།

606

 

ཁ་ལག་མ་བཀྲུས་གོང་གི་སྙན་ངག

 

ཞོགས་པར་ཁ་ལག་མ་བཀྲུས་གོང་།

ངས་བསམ་བློ་བཏང་བ་ཡིན།

མདང་ནུབ་ཆར་བ་དྲག་ཏུ་བབས་པས།

ད་ནངས་རྩྭ་ཐང་གི་ངོ་གདོང་ཡོངས་སུ་བཀྲུས་ཡོད་སྙམ་ནས།

ངས་ཁ་ལག་བཀྲུ་མ་འདོད།

ཞོགས་པའི་ཉི་རྩེ་དྲོན་མོས།

ངའི་འཛུམ་མདངས་བསྲེག་ཨེ་ཐུབ།

ངའི་ནང་སེམས་ཀྱི་ཆུ་ཕྲན་དྭངས་ཤིང་གཙང་པའང་།

ངའི་མགོ་ཐོག་གི་ནམ་མཁའ་གཡའ་དག་པ་ཁོ་ནས་མིན་ཏེ།

ང་ལ་དད་མོས་དང་བརྩེ་དུང་གི་གཞིས་ར་ཞིག་ཡོད་པས་ཡིན།

ངས་རྨི་ལམ་ལས་ས་གཞིའི་མངའ་ཐང་དང་རྒྱ་ཁྱོན་གཞལ་ནས།

འུ་གཉི་གར་དབང་ཆོག་པའི་ལྕགས་རི་དང་ཕོ་བྲང་བརྩིགས་ཆོག

དེ་ནས་ཆར་བ་དྲག་ཏུ་འབབ་པའི་མཚན་ལྗོངས་ལ་བསྒུག་སྟེ།

ཕོ་བྲང་དང་ལྕགས་རིའི་ཕྱི་ནང་བཀྲུ་ཆོག

ནམ་ལངས་དུས།

འུ་གཉི་གས་གདུགས་དང་རྒྱལ་མཚན་གྱི་རྔམ་ཟིལ་འོག་ནས།

རང་རང་གི་ངོ་གདོང་བཀྲུ་ཆོག

ཞོགས་པར་ཁ་ལག་མ་བཀྲུས་གོང་།

ངས་དེ་ལྟར་བསམ་བློ་བཏང་བ་ཡིན།

                            ༢༠༡༧/༨/༡༧ཉིན་མཚོ་ཁ་ནས།

 

ཆར་བའི་ཁྲོད་ཀྱི་སྐྱེལ་མ། 

 

ཉིན་གང་བོར་ཆར་བ་བབས།

ཆར་བའི་ཁྲོད་ནས་མཆོད་མེ་རྐོང་གང་ཡང་བསྒྲོན་མ་ནུས།

ཉིན་གང་བོར་བྲེལ་ཟིང་གི་ཀློང་ནས་འདུར་འདུར་རྗེས།

ད་ནི་ལྷོད་ལ་བབས་ཏེ།

དྲ་ཐོག་ནས་ཁྱོད་ཀྱི་སྐད་ངག་གི་འགྱུར་ཁུགས་ལ་ཡང་ཡང་ཉན།

ཁྱོད་རང་སོང་མེད་པར་སྔར་བཞིན་འཇིག་རྟེན་ན་གསོན་འདུག

ཉིན་གང་བོར་ཆར་བ་བབས།

ཆར་བ་ནི་ཁྱོད་ལ་ཞུས་པའི་སྐྱེལ་མ་དང་འདྲ་སྟེ།

སྙིང་ཉེ་བ་ཞིག་གི་མིག་ཆུ་དང་མཚུངས།

དོ་ནུབ་ཞག་གང་བོར་ཆར་བ་འབབ་ངེས།

དུས་སྐབས་འདིའི་གནམ་གཤིས་ཁོ་ན།

ངའི་ནང་སེམས་ཡོངས་སུ་སྦང་བའི་བརྩེ་དུང་གི་མིག་ཆུ་ཡིན།

ཁྱོད་ཀྱིས་སྐད་དང་ངག་མི་ཡུལ་དུ་བཞག་སྟེ།

ལུས་དང་རྣམ་ཤེས་ཁྱེར་ནས་བུད་སོང་།

          ༢༠༡༧/༧/༢༨མཚན་མོར་ཆར་བ་ཤག་ཤག་ཁྲོད་ནས།

 

ལྡུམ་བུ་ཞིག་དང་དཔེ་བླངས་པ།

 

འཇིག་རྟེན་འདིར་སྐྱེས་པ་ཞིག་ཏུ་སྐྱེས་པ་ནི།

ལྡུམ་བུ་ཞིག་དང་འདྲ་སྟེ། 

ཡར་འབྱར་མར་འབྱར་ཞིག་བྱེད་དགོས།

མཐའ་མར་ར་མ་ཞིག་གི་ཁ་ཟས་སུ་འགྱུར་ངེས།

མྱི་ཁ་ནི་བྱེ་མའི་ནང་གི་རླུང་བུ་དང་འདྲ་ཞིང་།

ནམ་མཁའ་སྟོང་བའི་ངོས་སུ།

རང་གི་མིང་ཙམ་བསྐྱུར་ཏེ་འགྲོ་དགོས།

འཇིག་རྟེན་འདིར་སྐྱེས་པ་ཞིག་ཏུ་སྐྱེས་པ་ནི།

རྩྭ་འཇག་མ་རྐང་གཅིག་དང་མཚུངས་ཏེ།

རླུང་བུས་གདབ་ཅིང་ཆར་བས་གཙེས་རྗེས།

ཉི་མས་ངོགས་སུ་འགྱེལ་དགོས།

བྱེ་མ་སྐམ་པོའི་ནང་དུ།

རང་གི་བང་སོ་ལྟ་བུའི་ཞབས་རྗེས་བཞག་སྟེ་འགྲོ་དགོས།

རྣམ་ཤེས་བྱེའུ་ཆུང་འདྲ་བོའི་ཡང་དཀའ་ལས་བརྒྱབ་སྟེ།

ཆུ་མགོ་མིག་ཆུ་ཙམ་ཞིག་འཚོལ་གྱིན།

དཀའ་ཚེགས་ཀྱིས་འཕུར་ནས་སྒྲོ་གཤོག་ཟད་དགོས།

འཇིག་རྟེན་འདིར་སྐྱེས་པ་ཞིག་ཏུ་སྐྱེས་པ་ནི།

དངོས་ནས་ལྡུམ་བུ་ཞིག་དང་འདྲ།

                              ༢༠༡༧/༨/༡༣ཉིན།

 

 

ནམ་མཁའ་ཐེད་པོ།

 

ཨ་མའི་ཁབ་སྐུད་ཀྱིས་འཚེམ་མ་ཐུབ་པའི།

ངའི་ཨམ་ཕྲག་གི་ལྷན་པ།

ཉི་ཟླ་གཉིས་བོར་ནས།

འཇའ་ཚོན་གྱི་རྨི་ལམ་མཐའ་མེད་པ་རྨིས་ཏེ་ལུས།

སྤྲིན་པ་ལྟ་བུའི་ལུག་ཁྱུ་འཚོ་སའི་རྩྭ་ཐང་གི་ཁྱོན།

མཐའ་མེད་པ་བདེན།

སྟོང་བ་ཡིན་པའང་བདེན།

སྤྲིན་པའི་སྐ་རགས་བཤིག་ནས་བལྟས་ཚེ།

དུས་ཚིགས་གཉིས་ཀྱི་སྣེ་མོ་མཐོང་སླ་སྟེ།

གཅིག་ནི་དབྱར་ཁ་དང་།

ཅིག་ཤོས་ནི་དགུན་ཁའོ།

དྲན་གདུང་གི་མཆི་མ་རྟག་ཏུ་ཉིལ་བའི།

ནམ་མཁའ་ཐེད་པོ།

ཨ་མའི་ཁབ་སྐུད་ཀྱིས་གཏན་དུ་འཚེམ་མ་ཐུབ་པའི།

ངའི་ཨམ་ཕྲག་གི་ལྷན་པ།

                                    2017/8/29ཉིན།

 

སྟོན་འགོ་གུག་པ།

 

མཚོ་ཁ་བ།

ཆུ་སྤྲིན་ལངས་སླ་བའི།

སྟོན་འགོ་ཚེས་སོང་།

སྟར་བུ་དམར་སེར་རི་ལུང་ནས་བཏུས་ཏེ།

བུད་མེད་ཚོས།

འགྱིག་གི་དམ་བུར་འཇལ་ནས།

སྲང་ལམ་ན་འཚོང་བཞིན་འདུག

སྐྱོ་ལྷང་ལྷང་གི་སྟོན་ཟླ་ལྗང་སེར།

སྐྱུར་སིལ་སིལ་གྱི་སྟར་བུའི་བྲོ་བ་དང་འདྲ་བྱུང་།

                       ༢༠༡༧/༨/༢༨ཉིན་གཙོས་གྲོང་ནས།

9.jpg

 

འཇམ་དབྱངས་དཀར་པོ།

 

རྡོ་དང་གཡའ་མའི་འཁྲིགས་ལམ་མ་ནོར་བར་ཕྱིན་ཚེ།

སྦོམ་ཞིང་རིང་བའི་ལྗོན་པ་ཞིག་དང་འཕྲད་ཡོང་།

ལྗོན་པའི་བསིལ་གྲིབ་འོག་ལ་གཟི་ཡི་ཆུ་མིག་ཅིག་འཁྱིལ་འདུག

ན་སོ་དར་ལ་བབས་པའི་བུད་མེད་ཅིག་གིས།

འོ་མ་ཟོ་གང་ཁུར་ནས་ང་ཡི་ཕྱོགས་སུ་བལྟ།

ང་ཡིས་ཉི་རྩེ་དང་འགྲོགས་ནས་ག་ལེར་ཉན་པས།

ལྗོན་པའི་ཡལ་འདབས་འཁྲིགས་པའི་ཀློང་ན།

བྱ་དང་བྱེའུས་སྐད་སྙན་སྒྲོག་གིན་པ་ཐོས།

༢༠༡༧/༨/༢༥ཉིན་ཞོགས་པར།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།