ལྷ་ས་དྲན་པ།
གངས་རི་ཞུ་བའི་འགྱུར་རྡོ་མང་བོས
སེང་གེ་ཞིག་གྲུབ་པར་འཁྲུལ་ནས
རང་གི་གཤོག་པ་རྣག་ཁྲག་གི་དྲི་མ་ཅན་འདི་ཡིས
གནམ་ས་གཉིས་ཀྱི་ཁ་ཞེང་ཆོད་པར་སྙམ་ནས
ཁོག་གི་མ་ཞུ་བའི་སྡུག་བསྔལ་དེ
རྩ་ཆེ་བའི་རིན་པོ་ཆེ་ཞིག་ཏུ་སྒོམ་ནས
སེམས་པའི་སྟེང་གི་ཉོན་མོངས་ཀྱི་རྩ་མདུད་ཁྲི་ཕྲག་རང་སར་ཞིག་པའི་སྐད་ཅིག་མ་དེར
རྩིག་པ་ནག་པོའི་གསེང་ནས་གློག་གི་མེ་ཏོག་བཀད་པ་ལྟར
སྐྱ་མདོག་གི་རི་མོའི་གསེང་གི་ཉི་མ་ལྷ་ས་
ཝ་ལེར་ཡིད་ལ་ཐེངས་གཅིག་ཤར
༢༠༡༧.༨.༩
བར་དོའི་ཕྱི་དུམ།
ནད་དང་གྲིབ་ཀྱིས་ཟིན་པའི་ལུས་པོ་འདིས
རལ་གྲི་ལོ་མའི་ནགས་ཚལ་བརྒལ་ནས་འགྲོ
ཤལ་མ་ལི་ཡང་དཔག་བསམ་ཤིང་དུ་མཐོང་ནས་འགྲོ
མདག་མའི་མཚོན་ཆ་ཚ་ཞིང་རྣོ་བ་དག
མེ་ཏོག་གི་ཆར་བར་འཁྲུལ་ནས་འགྲོ
ཀླད་པ་སྟོང་བའི་ནང་གི་རྩྭ་ཡན་སྐམ་པོ་
རླུང་ལ་སྤུར་ནས་འགྲོ
མཆུ་ཡིས་པདྨོས་བརྩེ་བའི་ཟེའུ་འབྲུ་བསྐྱུགས་ནས་འགྲོ
རྔོན་ལས་མེ་འབུད་ཐིག་འདེབས་ལས་དག་
བསྐྱར་ནས་འགྲོ
སྒོམ་པའི་གླུ་དེ་གྲོ་གའམ རས་སམ
ཤིང་ཤུན་ལ་བྲིས་ཏེ་འགྲོ
འཆི་བའི་བཀའ་ལ་ཅི་མི་སྙམ་པར་གཟུར་ནས་འགྲོ
ལྟོ་ཕད་འདི་རུ་རྣམ་ཤེས་སྲེད་པ་ཅན་དེ་བཞག་ནས་འགྲོ
བེམ་ཀོག་འདི་ཉིད་སྐྱེན་པོའི་དབུགས་ཀྱིས་བཀྱགས་ནས་འགྲོ
རྒྱུངས་པ་མཁྲེགས་པོས་ཚེ་ཡི་བུ་ལོན་བཏེགས་ནས་འགྲོ
ལག་པའི་ཤེད་དང་མཉེས་པའི་རྩལ་གྱིས་འཕུར་ནས་འགྲོ
གཡུ་མཚོ་འཁྱག་པས་བསྡམས་པར་སྨྲེང་བ་མེད་དེ
ཟླ་བའི་བྲི་གང་ངག་ནས་སྐྱོར་བཞིན་འགྲོ
ནམ་མཁའི་མུན་དོང་རིང་མོར་
རྒྱུ་སྐར་དག་ནི་གཟེར་མ་མགོ་འཁོར་འདྲ
གཙུག་གི་སྐར་ཆེན་མིག་ལ་བཏགས་ནས་འགྲ
༢༠༡༧.༩.
རི་ཆུ་གྲངས་མེད་བརྒལ་བའི་ཟིན་ཐོ།
ཨུ་དུམ་ཝ་རས་ས་སྟེང་ཁྱབ་ཀྱང
དེ་ཡི་བསུང་ངད་ད་དུང་རྒྱང་ན་ལུས་འདུག
བོར་བའི་བྲག་ཅ་ཕྱིར་ཡོང་མེད་པས
ཤེ་མའི་ལག་གི་དུང་མདའ་ཐང་ལ་ལྷུང
དགྲ་གྲོགས་གཉིས་ཀ་རྡུལ་བཞིན་གཏིབ་པས
རྨི་ལམ་དྭངས་མོ་སྒྲ་དང་དོགས་པས་ཁེངས
༢༠༡༧.༩.༡༣
ཡུལ་ལྗོངས་འདིའི་གསང་བ།
དུས་ཚོད་ཀྱི་ཚ་འཁྲུལ་འཇགས་རྗེས་སུ་
གྲུབ་པའི་འཁོར་འབངས་ཀྱི་བཟོ་བཀོད
སྒྲུང་གི་རྟ་ཁྱུ་འདྲོགས་རྗེས་སུ་བྲིས་པའི་
གཟེབ་དང་ཉིན་ཐོ
ཆུ་བུར་མིག་གིས་དཀར་ཆ་འཚོས་འཚོས་ནས
སེམས་པའི་སྟེང་གི་སྒྲོག་གུ
སྣང་བས་ཚིག་སོང
རྣ་བས་བྲག་ཅ་བརྡར་བརྡར་ནས
སྨྲ་ལྕེའི་སྟེང་གི་མདུད་པ་འཁྱག་ལ་འབྱར
ངག་གི་ར་རི་མ་སངས་པར
ལོ་ཟླའི་ཆུ་མོ་རྙོག་པ་དྭངས་འཐའ་མེད
༢༠༡༧.༩.༡༥
སྡུག་བསྔལ་མང་བོའི་ནང་གི་གཅིག
དུས་ཚིགས་བཞི་བོ་ཚོན་མདངས་གཅིག་གིས་བྲིས
ང་ཡི་དཀར་ཡོལ་ནང་དུ་རྣམ་ཤེས་མེད་པའི་
གསེར་ཉ་འཁྱུག
སྤྱི་ལོ་སྔོན་གྱི་དུས་ཆད་ཅིག་ལ་
བཀྲག་མདངས་འཚེར
ང་ཡི་ཕྲག་སྟེང་དུ་བབ་པའི་རྡུལ་ཕྲ་རབ་གཅིག་གི་གནོད་ཤུགས་ཀྱིས
རི་སྐེད་འདི་ནས་ཕྱིར་མིག་བལྟས་ཚེ
སྐྱེས་པ་བརྒྱ་ཡི་རྣམ་སྨིན་མཐའ་དག་གསལ་ལེར་མཐོང
༢༠༡༧.༩.༡༧
རྨི་ལམ་སྒྱུ་མ་ལྟ་བུ།
རྨི་ལམ་སྒྱུ་མ་ལྟ་བུ་སྟེ
དེའི་ནང་དུ་དབུགས་མེད་པའི་མི་མང་བོས
དཀར་ཆ་མེད་པའི་ཉི་མ་ཞིག་འཕྲོག་རྩོད་བྱེད
སེང་གེ་གཤོག་པ་ཅན་དང་
ཡུགས་མོ་རྟ་མགོ་ཅན་སོགས་
དུས་ཚོད་ཀྱི་འདེགས་ཤིང་རིང་བོ་ཞིག་གིས་
བར་སྣང་ལ་ཁྱེར
གངས་རི་བསྔོགས་ཤུལ་ནས་རྙེད་པ་ནི
རིན་པོ་ཆེའི་གཏེར་ཁ་མ་ཡིན་པར
མིའི་ནང་ཁྲོལ་རློན་པ་ཞིག
མཐའ་མར་ཡུལ་ལྗོངས་འདི་ལ་
མདོག་མེད་པའི་འཇའ་མང་བོ་
དུས་གཅིག་ཏུ་ཤར་ཏེ
ཕ་ཡུལ་གྱི་ནམ་མཁའ་
གླུ་སྐད་དང་བཅས་ཏེ་ཚིག་སོང
གཉིད་ལས་སད་ཚེ་ད་དུང་སྣ་ལམ་
དུ་གཞོམ་དྲི་འཐུལ
༢༠༡༧.༩.༡༩
སུན་སྣང་།
མིག་མདུན་གྱི་མི་འདི་ཚོའི་གྲས་ན
ཟླ་ཚེས་བཀུག་སྟེ་ཤིང་གཞོག་པ་ལས
ཆུ་མོའི་བྱུང་རབས་བློ་ལ་ཉར་མཁན་མི་འདུག
མ་རིག་པ་བསགས་ཏེ་ཡིག་ཚང་བཟོས་པ་ལས
དཔེ་ཅན་གྱི་སྒྱུ་མ་འཁྲབ་མཁན་མི་འདུག
ཚུར་སྣང་གི་ལྟད་མོར་ཁ་གཏོང་བ་ལས
ལས་འཕྲོ་བསྒྱུར་ཏེ་མདའ་གཞུ་འཛིན་མཁན་མི་འདུག
༢༠༡༧.༩.༢༢
སྟོན་ནམ་རིང་མོ།
འཁྲབ་གཞུང་ཁ་ཤས་ལ་དྲོད་མི་འདུག
ཀླད་ཕོར་ནང་གི་སྐྱུར་ཁུ་སོར་རྩེ་ལ་
འཕྱུར་བྱུང
གཅེར་བུར་ལུས་པའི་བེམ་པོ་མཚོན་བྱེད་ནི
ལག་པ་བསྲིངས་པས་མ་རྙེད་དེ
བྲང་ལ་གླན་ཚེ་སྲ་མོ་རྡོ་དང་འདྲ་བ་ཞིག
འབྲི་ཤོག་འཁྱག་པའི་སྟེང་དུ་སྨྱུ་གུ་ཅི་ཙམ་བརྡར་ཀྱང
སེམས་ནས་འབར་བའི་སྙིང་རྗེའི་དྲོད་དེ་སྟོན་མི་ཐུབ
བཅོས་མས་མ་བསྒྲིབ་པའི་མིང་གི་དག་གཙང
ཉན་གྱིན་ཉན་གྱིན་ཇེ་གསལ་ཡིན་པའི་
མི་ཚེ་ཐུང་ངུའི་སྒྲ་བཤད
སྤྲིན་པ་གཏུབ་སྟེ་ཚང་བཟོ་མཁན་ནི
ནགས་ཚལ་མེད་པའི་བྱ་རྒོད་ཅིག་རེད
མི་རེ་རེའི་སེམས་སུ་ལན་མེད་པའི་
སྒྲུང་རེ་སྦྲུམ་ནས་གཟིམ་དགོས
ལྐོག་གྱུར་གྱི་སྒྲ་ཟ་ཟི་དེའི་གསེང་དུ
བག་ཚ་བའི་འབྲུ་རྡོག་རེ་རེ་ལྷག་འདུག
འོད་སྣང་སད་ཀྱིས་ཁྱེར་བའི་མར་མེ་ཞིག་
ལྷག་འདུག
ཤེད་ཤུགས་ཡོངས་སུ་ཟད་པའི་
སྒོ་མོ་ཞིག་ལྷག་འདུག
མཆོད་རྟེན་གྱི་བང་རིམ་མཐའ་མའི་སྟེང་འཚེར་བའི་ཟླ་ཚེས་ཤིག་ལྷག་འདུག
འཕུར་ནས་གཤོག་པ་ལས་མེད་པའི་
ཁྲུང་ཁྲུང་ཞིག་ལྷག་འདུག
ཆེས་བཟོད་པར་དཀའ་བ་ནི
དངོས་པོའི་རང་བཞིན་དག་ལ་གཤིས་ཀ་
ཧ་ཅང་ཉེ་བའི་གྲིབ་མ་དེ་རེད
མཚར་སྣང་གཞོག་པའི་ཁེ་གྲི་དེ་རེད
འཕུར་མ་བདས་པའི་ནུབ་རླུང་དེ་རེད
དམིགས་བསལ་གྱི་འགྲོ་འོང་དེ་རེད
རྟོག་གེ་བས་འཇོ་གླུ་འཐེན་པ་དེ་རེད
ཆར་ཆུས་མི་འཇིག་པའི་ཉི་ཟླའི་དོས་ཐག་དེ་རེད
ཉི་ཟླ་གཉིས་ལ་མིང་ཙམ་ལས་དབུགས་མེད་པ་དེ་རེད
མཚན་ལས་ཉིན་མོ་རིང་བ་དེ་རེད
སྐྱེ་བ་ཇི་སྙིད་ཅིག་བརྗེས་ཀྱང་
ད་དུང་གཉའ་བར་འཁུར་དགོས་པའི་ཤ་རྨེན་དེ་རེད
ཕྱོགས་མཚམས་གང་ན་
ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་
འབའ་སྒྲ་མེད་པས
དུས་ཚོད་ཀྱི་ནལ་བུ་འཁྱམས་པོ་འདིའི་
འབྱུང་ཁུངས་རང་བྱུང་ཁམས་དང་
ཅི་ལྟར་འབྲེལ
གཟི་དེ་འཇམ་པོའི་མལ་ནས་ཐེངས་གཅིག་བརྒྱལ
གཟི་དེས་རྟོག་བཟོ་བྱས་པའི་རང་གི་རྨ་ཁར་
བལྟས་ཏེ་ཐེངས་གཅིག་བརྒྱལ
གངས་ཐང་གི་ཡུ་མོ་དེ་ལ་རྨིག་རྗེས་མི་འདུག
དུས་ཚོད་ཀྱི་གཅོང་རོང་དུ་བཙས་པའི་
གཉིད་མ་སད་ཀྱི་རྒྱུག་ཆུ་དེ་ལ་མཆེ་སྡེར་མི་འདུག
བཀྲུ་ཤད་མ་བརྒྱབ་པའི་སྟག་དེ
མིག་གི་ཚང་ཚིང་ལ་མཆོངས
བདེན་པར་མ་གྲུབ་པའི་དཔེ་དེ་
རྣ་བའི་བུ་རམ་དུ་གྱུར
ལག་མཐིལ་གྱི་སྤྱན་དེས་
མ་རིག་པའི་གཏིང་གི་མུན་པར་གཟིགས
ཁྲག་གིས་གྲུབ་པའི་མེ་ལྕེར་གཟིགས
སྣང་བས་བཏགས་ཙམ་གྱི་མཐའ་ལ་གཟིགས
ཀུན་རྫོབ་ཀྱི་ཕྱི་མོར་གཟིགས
མ་དྲན་ཐབས་མེད་ཀྱི་མཚོ་དང་མཚེའུ
བཏགས་མིང་གི་ཤུབས་སུ་འཛུལ་བའི་
སྐྱོ་སྡུག་གི་སྒྲུང་རབས་ཆེན་མོ
གནམ་ས་གཉིས་ཀྱི་གས་ཁ་ནས་
སྐར་མདའ་ཁོ་ན་ཁ་ཕྱོགས་མེད་པར་
ཁྱོད་ཀྱི་རུམ་དུ་ལྷུང
མིག་བཙུམ་ཀྱང་མགོ་ནང་དུ་མིང་མེད་པའི་
མདུད་པ་མང་བོས་ཁེངས
ག་ས་གང་དུ་ཟ་འཕྲུག་དང་མུ་ཅོར་བརྡོལ
གློ་བུར་གློ་བུར་བའི་འཛེར་སྐད་དང་
ཕྱོགས་ལྷུང་གིས་ཁྱབ
དར་ཤིང་རྩེ་ཡི་འུག་སྒྲོ་འདི
ཉམས་ལེན་ལ་མི་བརྗེ
རང་དབང་ལ་མི་བརྗེ
ཐ་སྙད་ལ་མི་བརྗེ
འུད་ཤོབ་ལ་མི་བརྗེ
བྱ་འདབ་ལ་དེ་བས་མི་བརྗེ
འདི་ནས་གངས་རི་འཇལ་བྱེད་ཀྱི་རྒྱུ་ཆ་དག་ལ་
ཐག་མི་རིང
གཟུགས་བཞི་རླུང་གིས་སྒུལ་ཀྱང
ཁ་དན་ཚིག་ལ་གནས་དགོས
ང་ཡི་སྐར་མ་པ་སངས
གར་མའི་སྨྲ་སྒོར་འཁྱུག་པའི་འཇའ་དེས
སེམས་ཀྱི་ནོར་བུ་བསུབས་ནས་སེར་ཁ་བཙེམས
རྒྱུ་མའི་ནང་གི་ནད་དེ་རྒྱུ་མ་རང་གི་
དཀྲུ་མདུད་ཡིན་པས
བ་སྤུའི་བུ་ག་རེ་ནས་སྐྱ་རེངས་ལ་
ལམ་བཤངས་དགོས
༢༠༡༧.༩.༢༣
རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།