
སྟོང་ཁམས།
འགུལ་བའི་ལྗོན་པ་གྲིབ་མས་གནོན་པ་དང་འདྲ་བའི།།
སྣང་བ་དེ་ཀོ་རླུང་དང་ལྷན་ཅིག་འཁྲིགས་པ་དེས།།
འདུ་བྱེ་མ་ལུས་དེང་ཡང་རྨི་ལམ་དུ་གྱུར་ཚེ།།
བྱེད་པོ་ཁྱེད་ནི་ས་དང་ཆུ་ལ་སྤྲུལ་ནས་ཤོག།
འཛིངས་པའི་ཡལ་ག་དེ་ན་བྱི་འུ་དག་གིས་ཅ་ཅོ་འདོན།།
ལོ་མའི་ཚོགས་ཀྱིས་ཟིལ་བ་འཐུ་བཞིན་དཔྱིད་ཀྱི་དུས་ལ་སྒུག།
ཁྱེད་ནི་འབྱམས་སུ་ཀླས་པའི་འཆར་ཡན་ལམ་དུ་ཕྱིན་ནས་ནི།།
གླེགས་བམ་དེ་ལ་ཡི་གེ་སྟོག་ཕྲག་བྲིས་ནས་རྒས་པར་གྱུར།།
མཚན་མོར་འཁྱག་པའི་གྲིབ་མ་དེ།།
མེ་ལོང་ངོས་སུ་ཆག་པ་ན།།
སོར་མོའི་ཚོགས་ཀྱིས་རུབ་བརྒྱབ་ནས།།
རང་གི་གདོང་ལ་མེ་ཏོག་འབྲི།།

དད་པ།
དུད་པའི་གདོང་ལ་མིག་དེ་ཅིའི་ཕྱིར་གཡོ།།
དབྱངས་ཀྱི་རས་པ་དེ་འང་འཕྲད་དམ་ཅི།།
སྨུག་པའི་ནང་ནས་སྒྲ་སྒྲོག་མཁན་དེ་ཡིས།།
ཁྱེད་དྲུང་སྙེགས་པ་དེ་ལ་རྣ་བ་གཡོར།།
ས་འང་མ་ལགས་རླུང་ཡང་མ་ལགས་པའི།།
སྤྲུལ་བའི་སེམས་ཀྱི་ནགས་ཀློང་དུས་རྟག་ཏུ།།
འདྲེན་པ་ཁྱེད་ཀྱི་ཞབས་རྡུལ་ལ་བཏུད་ནས།།
དངོས་གྲུབ་ཡུར་བ་ལས་ནི་འཐོབ་པར་རེ།།
རྙེད་པའི་གྲིབ་མ་འདི་འང་བོར་འགྲོ་དུས།།
ཁྱེད་ནི་སྲིད་པའི་རྩེ་ནས་ངུ་བར་བྱེད།།
ཅི་ཞིག་དང་འདྲོགས་མིག་ཟུང་ཡིབ་པའི་ཚེ།།
དྲུང་སྲོང་བ་རྣམས་དཀའ་ཐུབ་ལས་ཀྱིས་ངལ།།
ཟགས་པའི་ཆོས་ཀྱིས་རབ་གདུང་བའི།།
ང་ནི་གནས་མེད་ཤིང་དྲུང་བ།།
བསྒོ་བའི་བཀའ་ལ་ཉམས་བྱས་ཏེ།།
འདུ་བྱེད་ཇི་སྙེད་ཉོན་མོངས་སོ།།
ཁྱེད་ནི་ཏིང་འཛིན་མ་ལུས་སྒུལ་བའི་སྤྲིན་པའི་ནང་གི་གླང་བོ་སྟེ།།
མིག་འོད་འཚེར་འཚེར་རྐང་གདུབ་སིལ་སིལ་གང་ལ་རྒྱུ་བའི་ས་དེ་ན།།
དབྱིངས་ལ་ཞུཊ་པའི་རྣམ་པར་ཤེས་དག་གྱེས་བྲལ་ཁུར་གྱིས་རབ་མནར་ནས།།
རང་གི་འདུ་བྱེད་རྩོལ་བ་དང་བཅས་ཡན་པོར་བོར་ལ་བག་མི་ཚ།།
ལྷ་ཡི་ལྷ་དེས་ཁྱེད་ཉིད་དང་།།
དབྱེར་མི་ཕྱེད་པའི་བསམ་གཏན་པ།།
བརྒྱ་ཕྲག་མ་ལུས་ཅིག་ཅར་དུ།།
བཀྱེ་བ་མ་ལགས་ཁྱེད་གཅིག་བུ།།
མཁའ་ལ་སྤྲུལ་བའི་ཉི་ཟླ་དང་།།
ས་ལ་འགྱུ་བའི་སྤྲིན་ཉིད་དུ།།
མ་བཅོས་པ་ཡི་ཚུལ་གྱིས་སུ།།
བདག་གི་སྐྱབས་སུ་མངགས་པར་མཐོང་།།

དགོན་མཐའི་ཀ་ཕྲེང་།
ཀ་བ་གདུང་མ་ཚོན་གྱིས་བྱུགས་ཤིང་།།
ཁ་དོག་ལེགས་པའི་བླ་རས་བྲེས་པའི།།
ག་བུར་སྤོས་དྲི་མཆེད་པའི་དགོན་པ།།
ང་ཅག་སྐྱབས་གནས་དགེ་འདུན་བཞུགས་ས།།
ཅ་ཅོའི་ཆོས་སྐད་ཅུང་ཟད་ཐོན་ཞིང་།།
ཆ་ལུགས་ཆ་མ་ཆོ་རིགས་སྟོན་པའི།།
ཇ་རོ་སྙིགས་མ་ལྟ་བུ་རེ་འགའ།།
ཉ་གང་ཉིན་(1)ལ་ཕེབས་འདི་མཚར་བ།།
ཏ་རིན་མི་དྲག་མགོ་མཐོ་འགའ་ཞིག།
ཐ་ཤལ་ལས་པའི་ཚོང་བ་འགའ་ཞིག།
ད་རུང་མགོ་བོ་ཀྲོག་ཀྲོག་བྱེད་བཞིན།།
ན་སོ་རྒས་རུང་སྒར་མཐར་བསླེབས་འདུག།
པ་ཊ་བཞིན་དུ་ཁོག་པ་འཁྱོག་ཅིང་།།
ཕ་རོལ་ཚུར་རོལ་གཉིས་ཀ་བྱེད་པའི།།
བ་མིན་བོད་མིན་ལྕེ་གཉིས་འདི་ཚོ།།
མ་རུང་མ་དག་ཀུན་ཀྱི་གཞི་རྩ།།
ཙ་གི་ཙིག་གེ་ཙམ་ཞིག་མ་རེད།།
ཚ་རྒྱུ་ན་རྒྱུ་མེད་པ་འདི་ཚོས།།
ཛ་དྲག་དོན་ཞིག་ཡོད་ཁུལ་བྱས་ནས།།
ཝ་ལྟར་ཁ་ཟས་ཁོ་ན་བསམས་འདུག།
ཞྭ་བཞིན་བཀུར་འོས་དགེ་འདུན་འདི་རྣམས།།
ཟ་མ་ཏོག་ལྟར་རིན་ཆེན་སྣོད་ཡིན།།
འ་བུ་ཁྱོད་ཚོས་དགྲ་ལ་མ་བརྩི།།
ཡ་མཚན་གཤིས་ཀ་དྲང་མོ་ཏག་ཏག།
རྭ་ཅོ་བཞིན་དུ་རང་སེམས་འཁྱོག་ན།།
ལ་དགུར་བརྒྱབ་ཀྱང་ཀུན་མཐུན་རྙེད་དཀའ།།
ཤ་ཚའི་དོན་ཞིག་ངེས་ངེས་འདོད་ན།།
ས་འདིའི་འགྲོ་ལུགས་བཞིན་དུ་རྩིས་ཤིག།
ཧ་ནས་ཨའི་བར་བསྒྲིགས་པའི་རྩོམ་འདི།།
ཨ་དོན་ཟབ་མོའི་དོན་ཞིག་མ་ལགས།།
ཧ་ཧ་དེ་རིང་མཐོང་ཚུལ་འགའ་རེ།།
ཨ་ཁུ་ང་ཡིས་བཀབ་ནས་བྲིས་ཡོད།།
(1)བཅོ་ལྔའི་ཉིན།
གསལ་བཤད། སྙན་ཚོམས་ཀྱི་བར་བཅུག་ལ་ཆེད་དུ་བདམས་པའི་པར་རིས་འདི་དག་ནི། ཧི་མ་ལ་ཡའི་རི་འདབ་ཀྱི་འཚོ་བ་བྲིས་པའི་རི་མོ་ལེགས་པོ་འགའ་ཡིན་ལ། རི་མོ་པBalami shresthaསོགས་ཀྱིས་བྲིས་པ་རེད། ངེད་དྲ་བའི་རྩོམ་སྒྲིག་ཁང་གི་བར་བཅུག་ཏུ་བཀོལ་ཆོག་པའི་བདག་དབང་སྤྲད་ཡོད་སྟབས། གང་འདོད་བཤུ་སྤེལ་བྱ་མི་རུང་།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།