
ཁྱེད་ནི་སྙན་ཚིག་གི་གླིང་བུའི་ནང་ན་ཡོད།
ནམ་མཁའི་དབྱིངས་ན་ས་གཞི་ནག་རོབ་རོབ། །
རླུང་གི་ཚོགས་ཀྱང་བྲག་རྩེར་ཕྲི་ལི་ལི། །
ཁྱེད་ནི་མཁར་རྩ་ཞིག་ཏུ་ས་ཁལ་ལེ། །
ཡང་ན་ཆར་བའི་ནང་དུ་བདེ་སིམ་མེ། །
ནམ་ཞག་ཁྱེད་ནི་དྲན་པར་མི་དཔེ་ཡང་། །
གློ་བུར་རེ་ལ་དྲན་པའི་ན་ཚ་འཕེལ། །
མུན་པའི་ཁྲོད་དུ་ཁངས་དང་གྲང་ངར་འགྲོགས། །
རི་རྩེས་རི་རྩེར་བསྙེགས་ནས་ནམ་མཁར་བསྙེགས། །
ནམ་མཁའ་འཐིབས་ནས་རི་རྩེ་གཡོགས་པར་བྱས། །
དེ་ཤེད་ཅིག་ཏུ་ངས་ཀྱང་ཁྱེད་དྲན་ནས། །
སེམས་ཀྱི་རི་མགོ་ཐམས་ཅད་བསིལ་ཧང་ཧང་། །
ངག་གི་ཁྲུང་ཁྲུང་དཀར་མོ་སྐྱོ་ལྷང་ལྷང་། །
2017-2-2

ཞང་ཨ་ཡང་ཁྲོད་ཀྱི་ཁྱིམ་ཚང་དེ།
ཕོ་དཔའ་མཛངས་ཆེ་སྟེ་གེ་སར་འདྲ། །
སྨན་མཚར་སྡུག་ལྡན་ཏེ་འབྲུག་མོ་འདྲ། །
ཁྱིམ་འཁོར་བའི་སྒྲུང་རབས་འདི་ན་འབྲི། །
སྒྲུང་མགོ་རྐེད་བར་གསུམ་ཚང་བར་སྨོན། །
ཁྱིམ་འདི་ནི་མེ་ཏོག་སྤར་མོ་གང་། །
ནང་བཟའ་ཚང་གསེར་སྦྲང་གཡུ་སྦྲང་རེད། །
གླུ་དི་རི་རི་ལ་ཆད་པ་མེད། །
དྲི་ཅི་ལི་ལི་ལ་ཡལ་བ་མེད། །
སྤྲིན་དཀར་དམར་འཁྲིགས་ནས་ཁྱིམ་འདི་བསྐྱོར། །
ཆང་བདུད་རྩི་བྲོ་ནས་ཁྱིམ་འདི་བསྐྱོར། །
ཞང་ཨ་ཡང་ཟེར་ནས་ཁྱིམ་འདི་བསྐྱོར། །
མིག་གཟི་ཆུང་འཚོགས་ནས་ཁྱིམ་འདི་བསྐྱོར། །
སྤྱིར་འཁོར་བ་དྲོ་འཁྱག་སྤེལ་མ་རེད། །
གནམ་ནམ་འབབ་ནམ་ཐང་ཆ་མེད་ཀྱང་། །
གངས་དཀར་པོའི་དཀྱིལ་ནས་མེ་གཏོང་བའི། །
ཁྱེད་བཟའ་ཚོ་གཉིས་ལ་བཀྲ་ཤིས་ཤོག །
ཁྲོ་བོ།
ཁྱེད་ཀྱིས་མདའ་གཞུ་སྤྲིན་དཀར་གྱི་ཀློང་དུ་བདུངས་ན། །
ནམ་མཁའི་འབྲུག་ཀྱང་ཅུང་ཟད་ཅིག་ལྡིར་བར་བྱེད་དོ། །
ཁྱེད་ཀྱིས་མཆེ་བའི་གངས་རི་ཅུང་ཟད་ཅིག་གདེངས་ན། །
དྲེགས་པ་ཐམས་ཅད་ཝ་འབྲོས་བྱེད་བཞིན་ཨི་ཁུང་འཚོལ། །
ཁྱེད་ཀྱི་དཔྲལ་བའི་གཉེར་མའི་ནང་དུ་སྐྱ་མི་ཁྲི། །
དུས་གཅིག་མཉམ་དུ་བཤིབས་ཏེ་གཤར་ཡང་ཡང་ཁྲོལ་ལེ། །
ཆོས་རྒྱལ་ཟེར་ཡང་ཁྱེད་ལས་ཟིལ་བུན་པ་ཞིག་མིན། །
ལྷ་འདྲེ་གཡས་བཟུར་གཡོན་བཟུར་མི་བྱེད་རང་དབང་ཅི། །
ཞལ་གྱི་དཀྱིལ་འཁོར་སྤྲིན་ནག་བཞིན་འཁོལ་དྲག་པོའི་ལྕེ། །
དར་ཡུག་བཞིན་དུ་རྐྱོང་བར་བྱེད་ལ་ཁམས་གསུམ་ནི། །
ལག་མཐིལ་རྫས་བཞིན་ཁམ་དུ་ཟ་བའི་ཆོ་ག་རྩོམ། །
ཁྱེད་ཀྱི་མདུན་དུ་ནགས་ཚལ་ཡོད་ཚད་འདར་ཞིང་མཐོང་། །
ཁྱེད་ཀྱི་མདུན་དུ་རི་བོ་ཡོད་ཚད་ཞུམ་ཞིང་མཐོང་། །
ཁྱེད་ཀྱི་མདུན་དུ་མེ་ཏོག་ཡོད་ཚད་ངུ་ཞིང་མཐོང་། །
ཁྱེད་ཀྱི་མདུན་དུ་དྲེགས་པ་ཡོད་ཚད་བསྒུར་ཞིང་མཐོང་། །
2017.2.7
ཉི་ཤུ་དགུ་ལ་ངོ་ཤེས་ཤིག་དྲན་པ།
ང་ཡིས་དེ་ཉིན་དེ་ལྟར་གོ་བའི་སྐད་ཆར། །
ཁྱེད་ནི་འཆི་བའི་རླུང་གིས་འཁྱེར་ཐལ་ཟེར་རོ། །
ཤུལ་ན་མིང་དང་རྗེས་དང་གྲིབ་མ་ཙམ་ཡང་། །
མཐོང་བ་མེད་པར་བླ་བསངས་བྱས་སོང་ཟེར་རོ། །
འོན་ཀྱང་ང་ཡི་སྔུན་སོ་འདི་རུ་འདི་ལྟར། །
ཁྱེད་ཀྱི་ཁ་ངོ་ས་ལེ་གསལ་བ་མ་ཟད། །
རྣ་འབྱོག་ཀྲོང་ངེ་བ་འམ་སྐྲ་ཡང་འཁྱིལ་ལེ། །
ཟ་འགྲམ་སེང་ངེ་བ་འམ་འཛུམ་མདངས་ཀྱུག་གེ །
མིག་ཟུང་ཁྲ་ཀྱི་ལེ་བ་འམ་མཁུར་མགོ་ལྷང་ངེ་། །
ཐ་ན་ད་ནངས་ཉི་མ་ཤར་བའི་འོད་ཀྱིས། །
ངོ་གཡས་གསལ་ཞིང་ངོ་གཡོན་གྲིབ་མས་བསྐོར་འདུག །
ས་ལ་སྤོས་པའི་རྗེས་ཀྱང་དེ་ཙམ་གསལ་བ། །
རྫུན་པ་རེད་ཅེས་ང་ཡིས་སྙོན་ཐབས་མ་བྱུང་། །
ཚུར་ལ་ལབ་པའི་ཚིག་རྣམས་དེ་ལྟར་འཇམ་པ། །
རྨི་ལམ་ཡིན་ཞེས་རང་ག་སྡུག་ལ་ཅིར་བསྟོད། །
ཕར་ལ་བརྗོད་པ་རྣམས་ཀྱང་བདེ་བླག་འཕྲོད་ན། །
འདི་ཕྱིའི་བདུད་མཁར་བར་དུ་བརྩིག་དོན་མི་འདུག །
༢༠༡༧-༡-༢༦ ཁྲིན་ཏུའུ་རུ་བྲིས།

ལན་ཆགས་ཀྱི་ས་འདམ་དཀྲུགས་པ།
ང་ནི་སྐྱོ་བ་མེད་པར་ཁྱེད་ལ་བརྒལ། །
ཁྱེད་ནི་རབ་མེད་གཙང་པོ་ཞིག་སྟེ་ངའི། །
གྲུ་ནི་རྟག་ཏུ་ཁྱེད་ཀྱི་ཆུ་ཁར་གཡེང་། །
གྲུ་མགོའི་ཀོ་ཐུམ་གྱོང་བཞིན་ཉིན་གྲངས་འདས། །
ང་ནི་སྤྲོ་བ་དང་བཅས་ཁྱེད་ལ་བརྒལ། །
ཁྱེད་ནི་མེ་ཏོག་སྐྱེས་པའི་རི་ཁ་ཞིག །
ང་ཡིས་རི་ཁ་དེ་ནས་སྨོན་ལམ་བཏབ། །
སྨོན་ལམ་བཏབ་ཀྱིན་བཏབ་ཀྱིན་བཏབ་མ་ཚར། །
ང་ཡིས་སྙིང་རུས་བསྐྱེད་དེ་ཁྱེད་ལ་བརྒལ། །
ཁྱེད་ནི་ཁ་བས་གཡོགས་པའི་དགུན་ཁ་ཞིག །
ངའི་སེམས་སྐར་ཆེན་འདར་བཞིན་འདར་བཞིན་དུ། །
ཁྱེད་ཀྱི་བར་སྣང་འོད་ལ་བསྒྱུར་ནས་སྲུང་། །
༢༠༡༧-༡-༢༩ ཁྲིན་ཏུའུ།

གྲོང་ཁྱེར་དུ།
ཉི་འོད་མེད་པར་ཁ་བ་མེད་པར་ལྷགས་པ་དཔེ་མེད་རུས་ལ་ཟུག་པའང་མེད། །
གངས་རི་མེད་པར་རྡོ་བ་མེད་པར་སྤྲིན་དཀར་ལིང་ལིང་མཁའ་ལ་འཕྱོ་བ་མེད། །
རྩམ་དྲི་མེད་པར་མར་དྲི་མེད་པར་ཚ་གསུར་ཕུད་པའི་དྲི་ཡང་བྲོ་བ་མེད། །
ས་ནག་མེད་པར་ཐལ་བ་མེད་པར་ཐབ་ཀའི་ནང་དུ་མེ་ཡང་གཏོང་བ་མེད། །
༢༠༡༧-༡-༢
གསལ་བཤད། སྙན་ཚོམས་ཀྱི་བར་བཅུག་ལ་ཆེད་དུ་བདམས་པའི་པར་རིས་འདི་དག་ནི། ཧི་མ་ལ་ཡའི་རི་འདབ་ཀྱི་འཚོ་བ་བྲིས་པའི་རི་མོ་ལེགས་པོ་འགའ་ཡིན་ལ། རི་མོ་པBalami shresthaསོགས་ཀྱིས་བྲིས་པ་རེད། ངེད་དྲ་བའི་རྩོམ་སྒྲིག་ཁང་གི་བར་བཅུག་ཏུ་བཀོལ་ཆོག་པའི་བདག་དབང་སྤྲད་ཡོད་སྟབས། གང་འདོད་བཤུ་སྤེལ་བྱ་མི་རུང་།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།