
ཞེ་མདུད་ནག་པོ །
༡
ལམ་ལ་ཐོན་ཁར
དྲན་པའི་ནང་སྙིང་ལ་མེ་ཏོག་བཞད་ཅིང
སེམས་ཀྱི་ཕྱི་ནང་ནི་ཁ་བཏགས་བཞིན་དཀར་ཡང
དུས་ཚོད་ཀྱིས་ར་སྤྲོད་མ་ཐུབ་པ་ནི་ཁྱེད་དང་ཁྱེད་ཀྱི་འཇིག་རྟེན་ཁོ་ན
བློ་ཡི་ཡུལ་དུ་གྱར་བའི་རེ་དོགས་དག
ཁྱེད་ཀྱི་རྣམ་ཤེས་ལ་དམ་པོར་འཁྱུད་ཀྱང
མཛའ་བརྩེའི་འོད་ཟེར་ལ་ཁ་དོག་མང་བས
ངའི་ངོ་གདོང་གི་འཛུམ་རིས་རེ་རེ་བཞིན་ཡལ་དུ་བཅུག་གིས
སྲིད་པ་ནི་སྲིད་པ་ཡིན་དུ་ཆུགས་དང
ང་ཡི་ཞེ་མདུད་ནག་པོ་སྲིད་པའི་ཨ་ལོང་ལ་འཁོན་དང
ང་ཡི་ཚེ་སྲོག་ཕྲ་མོ་འཇིག་རྟེན་འཁོར་བ་ལ་བསྐྱུར་དང
ང་རང་གཏན་ནས་འཇིག་རྟེན་གྱི་རི་མོ་འདིར་མི་དད་པས
མ་མཐར་ཡང
སྐྱེ་བ་འདིར་ནག་ཉེས་མེད་པའི་བཙོན་པ་ཞིག་བྱ་མི་འདོད།
༢༠༡༧/༡/༡༥ དགོང་མོ།

ཞེ་མདུད་ནག་པོ།
༢
ང་རང་སྒོ་ཁྱི་ཟུག་སྐད་ཅན་དེ་འདྲ་ལ་
ཟུག་སྐད་དེ་ངས་མ་ཤེས
ང་རང་རྣམ་ཤེས་བདག་མེད་ཅན་དེ་འདྲ་ལ་
མཚན་མོའི་སྨག་གི་གསང་བ་དེ་ངས་མ་ཤེས
དེ་ཅི་ཡིན་ན
ཡུན་ནས་ཡུན་དུ
ངའི་ཚེ་སྲོག་གི་མཆོད་པ་སུ་ལ་ཕུལ་ཟིན་པ་འདྲ་བས
མཚན་གུང་མང་པོའི་སྐར་ཚོགས་འོག་ན
དུས་ཀྱི་སྐར་མདའ་རྩི་ཞོར
ཞེ་ལ་འཁྲེང་བའི་མི་དེ་གང་དུ་ཡོད་ན་སྙམ
ལོ་ཟླ་འདི་དག
རྒྱུ་འབྲས་བོར་བའི་འཆལ་པོ་ཞིག་དང་འདྲ་བར
འགྲོ་འདུག་གཉིས་ཀྱི་གསང་བ་མ་ཤེས་པས
ངའི་ལུས་སེམས་ངལ་བས་བཟི་སོང
ཨ་ཡིན་ན
ཞེ་སེམས་ཀྱི་ཁ་གཏིང་ན་གཡོ་བའི་དུངས་ཞེན་འདིས
ངའི་ཚེ་གང་པོའི་ཟུངས་ཁྲག་དལ་བུར་འཇིབ་ཀྱིན
སུ་དང་གང་གིས་མ་ཤེས་པར
ངའི་རུས་རྐང་ས་ལ་འཐིམ་དུ་བཅུག་གིན་ཡོད་དམ
གདོང་རིས་མི་གསལ་བའི་མཚན་གུང་གི་གྲོང་ཁྱེར་ཨ
ངའི་ཞེ་མདུད་ནག་པོ་ཁྱོད་ལ་བསྲིངས་ནས
ང་རང་ལ་འཚམ་པའི་གདོང་སྐྱི་ཞིག་སློས་དང
ང་ད་གཟོད
ཁྱོད་ཀྱི་རྣམ་ཤེས་ཀྱི་ཆུང་མ་བྱ་ཐུབ།
༢༠༡༧/༡།༡༦
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།