བདའ་ཚང་སྙེམས་གྲོལ་གྱི་གསར་བྲིས་སྙན་ངག་གི་ཚོམས།

694

IMG_1557.JPG


     འཁོར་བའི་ཆུ་ནང་དུ་ཤར་བའི་སྒྲུང་།

 

                                   ༡.

སེམས་པའི་མེ་ལྕེ་དམར་ལམ་ལམ་དུ་འབར་ནས་ཉིས་སྟོང་བཅུ་བདུན་ཚེས་སོང་། །

རྒྱང་གི་བགྲེས་པོ་ཁོང་ལོ་ཟླའི་ཡང་རྩེ་རུ་འགོས་ནས་ང་ཚོར་དམུལ་སོང་། །

གངས་ཁྲོད་དུ་མེ་དམར་པོ་དང་དུ་བ་སྔོ་ལོང་ངེ་བ་རེ་མཐོང་སོང་། །

ངའི་ཁྱིམ་གྱི་གྱང་ངོར་ལན་རེར་ཟླ་འོད་སྣང་ཞིང་སྐབས་རེར་ཉི་འོད་གསལ། །

བུད་མེད་ཅིག་གི་སྐད་ཆ་རྣམས་སེམས་སུ་འཁྱིལ་བ་ཧ་ཅང་གིས་འཁྱག་སོང་། །

ངའི་རྒྱབ་ཕྱོགས་སུ་རྡུལ་ཁོ་ན་འཁྲིགས་པའི་དབང་གིས་ངས་ཕྱིར་ལྟ་མ་འདོད། །

ཁ་པར་དུ་ལོ་ཐོའི་ལིང་ཚེ་བཤེར་སྐབས་ཉིས་སྟོང་བཅུ་གཉིས་ཚེས་པ་མཐོང་། །

ངའི་སེམས་འཁྲལ་གྱི་སྒེའུ་ཁུང་ཇེ་གསལ་དུ་གྱུར་ནས་གཉིད་ཀྱང་བྲོས་ཐལ། །

                                        ༢.

ཤེལ་གྱི་ནང་དུ་བླུགས་པ་འདྲ་ཞིང་ཆུ་ཡི་ནང་དུ་དྭངས་པ་འདྲའི། །

ཁྱེད་ཀྱིས་ངག་གིས་ཇི་སྐད་བཤད་པ་ང་ཡིས་ལྷང་ལྷང་གོ་བ་ཡི། །

འཇིག་རྟེ་ན་འདི་ཀོ་རི་རྩེ་དེ་འམ་བྲག་ཁ་ཞིག་ལྟའི་བློ་མི་བདེའི། །

རླུང་ནི་ཤེད་ཀྱིས་ལྡང་བ་བཞིན་དུ་སྙིང་ཡང་དེ་བཞིན་ལྡང་བར་འགྱུར། །

                                         ༣.

སེམས་ཀྱི་གྱང་གིས་སྡུག་བསྔལ་གྱི་གྲིབ་མ་བསྣར་ནས་འཁོར་བ་ཟོ་ཆུན་ཁྱུད་མོ་ལྟར་བསྐོར། །

རྣམ་རྟོག་གི་རླུང་གིས་ལུས་ཀྱི་སྡོང་ལོ་གྲོང་དང་གྲོང་ཁྱེར་ཆུ་དང་རྡོ་ནང་དུ་འཁུར། །

ཀུན་རྫོབ་ཀྱི་རྡོ་བ་མ་ཆོག་པའི་སྡུག་བསྔལ་གྱིས་མེ་ཕུང་དམར་ལམ་ལམ་བསྒོངས་ནས་བསྡད། །

དགའ་སྡུག་གི་སྒྲུང་གིས་ཁྱི་གུ་ཞིག་གི་མིག་ལྟར་ཕར་ཕྱོགས་ནས་ཚུར་ལ་ལྷང་ལྷང་གིས་བལྟས། །

                                       ༤.

མཛེས་མ་ཁྱེད་ཀྱི་མིག་གི་རྩེ་ཡིས་མཛེས་སྡུག་གི་ཆུ་ཕྲན་འཐུང་ཡོད། །

ང་ཡིས་གློ་བུར་དུ་མཐོང་དུས་སྙིང་ཁས་མ་བཟོད་བློང་བློང་བྱས་སོང་། །

ཀྱེ་མ་མ་འོངས་པ་ནི་ཁ་བ་བབས་པའི་རི་རྐེད་ཅིག་ཡིན་ཙང་། །

ང་ཡིས་རང་གི་སྙིང་ལ་ཆུ་འཁྱག་གྲངས་མེད་དུ་བླུགས་ནས་ཡོད་དོ། །

IMG_0762.JPG


       རྣམ་རྟོག་གི་ས་རྡུལ་ཉུལ་ཚུལ།


སྡུག་བསྔལ་གྱི་ས་ནི་བར་སྣང་ནས་ཉིལ།།

ཉི་འོད་ཀྱི་མིག་ནང་དུ་ཧང་ཧང་ཉིལ།།

གློག་དང་སྤྲིན་གྱི་དྲ་བར་འཐབ་ནས་ཉིལ།།

ས་ཉིལ་བ་ནི་ས་ཉིལ་བ་དང་འདྲ་སྟེ།།

སྙིང་ནང་ལ་ཐུར་དུ་ཟུག་པའི་སྒྲ་འོ།།

རླུང་གི་ཉག་མ་རེ་རེས་རྡུལ་ཕྲན་རེ་རེ་སྐྱོད་པར་བྱེད་པ་དང་།།

ཁྱེད་ཀྱི་སྐད་སྒྲ་ལྷང་ལྷང་གིས་ཀྱང་ང་ཡི་སྣང་སྲིད་འཇིག་པར་བྱེད།།

དེ་མིན་ད་དུང་མུན་པའི་འོག་ཏུ་ལས་ཀྱི་ཚོར་མ་ལྕགས་བཞིན་སྐྱེས།།

དར་ཡང་སྡུག་ལ་རྒུད་ཀྱང་སྡུག་པའི་འཁོར་བའི་རི་རྩེར་འཛོམས་འདི་སྐྱིད།།

གྲང་ངར་གྱིས་གཤོག་པ་བརྐྱངས་ནས་བསླེབས་ཐལ།།

གཤོག་འོག་ཏུ་དགུན་ཁ་བསྡུས་ནས་ཐོན་ཐལ།།

སུ་ཞིག་གི་མིག་མདངས་གྲང་མོའི་མཐའ་རུ།།

ཅི་ཞིག་དང་ཅི་ཞིག་བསྡུས་ཏེ་ཡོད་དམ།།

ང་ཡིས་རང་གི་སེམས་པ་འུབས་བཏབ་ནས།།

ཁྱེད་ཀྱི་ཕྱོགས་སུ་བལྟས་ཤིང་མཚམས་སྤྲིན་རྣམས།།

ཆུ་འགྲམ་ཞིག་གམ་རི་རྩེ་གང་ཞིག་ཏུ།།

མེ་སྒྲ་དང་བཅས་ཡང་ཡང་འཁྲིགས་ན་སྙམ།།

ལོ་སྟོད་གདན་ལ་འབྱར་ཡང་ལོ་སྨད་ལྡིང་ནས་འགྲོ།།

སྔ་དྲོར་བག་མ་བསུ་ཡང་ཕྱི་དྲོར་ཆོ་ངེ་འདོན།།

ད་ཅི་སྤྲོ་ཞིང་འགྲོ་ཡང་ད་ནི་གནག་སྟེ་ཆ།།

འཁོར་བའི་སྲབ་ཀྱིས་བཅིངས་པའི་མི་རྣམས་སྙིང་དུ་སྡུག།

ཞོར་བཀོད།    —— གཅན་ཆེད་འབར་གྱི་དཔྱད་ཐུང་ཞིག

          སྐྱེ་བོ་འདི་ཡི་སྙན་ངག་དག་(འོག་ལ་མི་གོ)ཕལ་ཆེར་དངོས་གནས་དྲང་གནས་བཅད་གསར་ཟེར་བ་དེ་ཡིན་པ་འདྲ། བཅད་གསར་ཟེར་བ་དེ་ཚིག་སྦྱོར་ཕལ་བ་དང་གྲོང་ཚིག་ལ་ཉེ་བར་བསྙེན་པ་ཁོ་ནས་ཐག་གཅོད་ཐུབ་བམ། ཕལ་སྐད་དང་གྲོང་ཚིག་ལ་སོགས་པས་རྣམ་པར་འགྱུར་བ་གཏོང་ཐུབ་ཀྱིན་ཨེ་ཡོད་འགྲོ་སྙམ། དེ་གཙོ་བོ་ཆ་ཡ་སྡེབ་སྟངས་དང་ཚིག་ཕྲད་ཤ་སྟག་ཡིན་དགོས་མིན་གྱི་ཕྱིའི་ཁྱད་ཆོས་དག་གཏོར་ཡོད་པ་ལ་ལྟ་དགོས་པ་ཨེ་ཡིན་ནམ་སྙམ་དེ་རྩོམ་ལུས་དབྱེ་བ་འབྱེད་བྱེད་ནི་རྣམ་པ་ཡིན་པས་རེད། དེ་བས་སྐྱེ་བོ་འདིས་རྣམ་པ་དག་གཏོར་དགོས་ཡོད་པས་བསྟན་བཤིག་ཚ་བ་ལ། སྐབས་ལན་རེར་ཕལ་སྐད་དང་མངོན་བརྗོད། བརྡ་རྙིང་གིས་མ་བཅིངས་པ་དེ་བརྩམས་ཆོས་ཀྱི་ཁྱད་ཆོས་ལ་འཇོག་གིན་འདུག། མཉམ་བཞག་ན་ཅུང་ཟད་དགོད་བྲོ། འིན་ནའི་ཕལ་སྐད་དང་བརྡ་རྙིང་། མངོན་བརྗོད་བཅས་ཀྱིས་བཅིངས་པ་དེའང་ཁྱད་ཆོས་ཤིག་ཡིན་ལས་ཆེ། 

           བདའ་ཚང་སྙེམས་གྲོལ་ཟེར་བ་འདིས་ཕག་ན་ཁ་རོག་གེར་སྒྲིག་གཞི་མང་པོ་ཞིག་གཏོར་ནས་ཡོང་གིན་འདུག། གཏོར་མི་རུང་བ་སློབ་དཔོན་ལགས་ཀྱིས་གཏན་འཁེལ་གནང་བ་དག་ལ་ཁ་རོག་གེར་ངོ་ལོག་པའི་གྲབས་ཤོམ་གྱིན་འདུག། ཅི་སེམས་ཀྱིན་ཡོད་དམ། འདིས་ང་ཚོ་ལ་མི་ཤེས་ན་ད་འདི་རེད་ཅེས་འཆད་ཀྱིན་པ་འདྲ། འདི་ལ་བཅད་གསར་ཟེར་མཁན་དག་གིས་དོགས་ཟོན་བྱེད་དགོས་འདུག། འདིས་ང་ཚོའི་བློ་ངོས་ན་གོ་དོན་ཅུང་ཟད་ཆགས་ཡོད་པའི་བཅད་གསར་ཟེར་བ་དེ་མགོ་རྟིང་བསློག་རྒྱུ་ཡིན་པ་འདྲ། མཚམས་ལན་རེར་རྟ་ལ་བསྐྱོན་ནས་ཀི་ལྡིར་བྱས་ཏེ་ཡོང་མཁན་ལས་མཇུག་གི་མགོ་བོ་སྨད་དེ་ཡོང་བཞིན་པའི་རྐང་ཐང་བ་དེར་བལྟ་རྒྱུ་དང་ཉན་རྒྱུ་ཡོད་ཨང་།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།