
གྲིབ་མ།
ཁྱོད་ཀྱི་རྗེས་སུ།
ངའི་རྣམ་ཤེས་འགྱེལ་ན།
ཁྱོད་ནི་ནག་ཐིགས་ཤིག
ཁྱོད་ཡམ་ཡོམ།
ཁྱོད་མུན་ནག་མ་ཡིན།
ཁྱོད་གཡོ་གཡོ།
ཁྱོད་རླུང་བུ་མ་ཡིན།
ཁྱོད་བཞུད་བཞུད།
ཁྱོད་སྤྲིན་པ་མ་ཡིན།
ཁྱོད་ཀྱི་རྗེས་སུ།
ངའི་གོམ་ཁ་ནོར་ན།
ཁྱོད་ནི་ཕུང་བོ་ཞིག
ཁྱོད་བྲེལ་བྲེལ།
ཁྱོད་གཙང་བོ་མ་ཡིན།
ཁྱོད་ཉིལ་ཉིལ།
ཁྱོད་ཁ་བ་མ་ཡིན།
ཁྱོད་འཕུར་འཕུར།
ཁྱོད་བྱེའུ་མ་ཡིན།
ཁྱོད་ཀྱི་རྗེས་སུ།
ངའི་སྣང་བ་འཁྲུགས་ན།
ཁྱོད་ནི་ཡིག་རྡོག་ཅིག
ཁྱོད་བོར་བོར།
ཁྱོད་ནི་གཏམ་རྒྱུད་མ་ཡིན།
ཁྱོད་བཙལ་བཙལ།
ཁྱོད་ནི་ཟློས་གར་མ་ཡིན།
ཁྱོད་ཅེར་ཅེར།
ཁྱོད་ནི་ཁྱོད་མ་ཡིན།
2016/12/17-19བྱང་རྡོ་ལ་རྡར་རི་འདབས་སྦྱར།

ཁེར་རྐྱང་།
བགད་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་མདུད་པ་ཞིག
དྲན་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་ཐོབ་ཤོར་ཞིག
གསང་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་གྲིབ་ནག་ཅིག
གབ་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་གོ་ནོར་ཞིག
ཉན་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་ཁ་དོག་ཅིག
འཇབ་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་སྨྲེ་སྔགས་ཤིག
ངུས་ཆོག་པའི་ཁེར་རྐྱང་།
ཁེར་རྐྱང་ནི་ལོ་ཟླ་ཞིག
2016/11-12/20

ཁྱོད་གང་ན་ཡོད།
མིག་ཆུ་ལྟ་བུའི་ཁྱོད།
སུའི་རྨ་ཁ་ཡིན།
གབ་ཚིག་ལྟ་བུའི་ཁྱོད།
སུའི་དྲན་གདུང་ཡིན།
རྨི་ལམ་ལྟ་བུའི་ཁྱོད།
སུའི་མཚན་མོ་ཡིན།
སྤྲང་བོ་ལྟ་བུའི་ཁྱོད།
སུའི་ཆག་སྒོ་ཡིན།
2016/12/21
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།