ལྡོང་ཆུ་ཤེལ་གྱི་བཅད་རྩོམ་བདམས་བཀོད།

505

15682816_1269697676421063_302498872_n.jpg


             ཐོལ་ཚོར།


ཞི་བའི་རླབས་དཀར་གྱི་མཛེས་རིས་མི་མཐོང་ཡང་།།

བདེ་འཇམ་མཚོ་ངོགས་སུ་རྐང་རྗེས་ཅི་ཡང་བཀོད།།

རྒྱ་ཁྱོན་ནམ་མཁའ་དང་འདྲ་ཞེས་བརྗོད་ཀྱང་ཆོག།

མཚོ་ཆེན་སྔོན་མོ་འདི་ཀུན་གྱི་འབྱུང་གནས་ལགས།།

ཆར་ཟིམ་སེང་རས་འདིས་མཐོང་ལམ་བཀག་ན་འང་།།

འཇགས་མེད་རླབས་སྒྲ་ཞིག་གནམ་ས་བརྒྱུད་ནས་འཁོར།།

ཞི་བདེ་རྒྱ་མཚོ་ཁྱེད་ང་ཡི་སེམས་སུ་འཁྱིལ།།

མིག་ཟུང་བཙུམས་ན་འང་ཁྱེད་ཀྱི་རྔམ་བརྗིད་མཐོང་།།

ཞེན་པའི་བག་ཆགས་ཤིག་ཁྱེད་ཀྱི་གཏིང་རུམ་ཉུལ།།

ཀླུ་རྒྱལ་སེམས་དཔའ་ཡང་དེ་རུ་གནས་ཀྱང་མཆི།།

ཁྱེད་ཀྱི་འཕེལ་འགྲིབ་ནི་མི་ཡི་དར་རྒུད་དེ།།

ཁྱེད་ཀྱི་ཟབ་བརླིང་ཡང་གང་གི་བསྡུས་གཟུགས་ཤིག།

                              2015.11.5ཞི་བདེ་རྒྱ་མཚོ་ཆེན་པོའི་འགྲམ་དུ།
IMG_6711.JPG


        གྲོང་ཁྱེར་གྱི་ཕྱི་ནང་།


གྲོང་ཁྱེར་འཚུབ་མ་འདྲ་བོ།།

གྲོག་མའི་འཚང་ག་འདྲ་བོ།།

ཕྱོགས་ལ་གདོང་ག་གཞུ་ཞོར།།

དུས་བཞིའི་ནམ་ཟླ་འཛད་དུས།

བག་ཆགས་སྨག་གིས་གཅུན་འདྲ།།

ཚོར་བ་རྟུལ་ཞིང་བཙོག་པ།།

རབ་རིབ་མག་མོག་ཀློང་ནས།།

མ་གཞི་རང་ཉིད་བརྗེད་འདུག།

ཀྱེ་མ་ཧོ། སྡུག་པ་ལ།

གྲོང་ཁྱེར་ནང་ནས་ཐོན་ཏེ།།

ལམ་གྱི་རི་ཆུ་མཐོང་དུས།།

དབྱར་གྱི་ལྗང་ལོ་དྲན་བྱུང་།།

ལྡོང་བུ་ཆུ་ཤེལ་དྲན་བྱུང་།།

ཉི་འོད་ལམ་ལམ་ཞིག་གིས།།

སྣང་བ་གཙང་མར་བཀྲུས་བྱུང་།།

རང་བྱུང་ཁམས་ན་ཡོད་པའི།།

 ཚོར་བ་ད་གདོད་སྐྱེས་བྱུང་།།

 ཨེ་མ་ཧོ། དགའ་བ་ལ།

                        2015.7.10

4.jpg


     མེ་ལོང་ནང་གི་རང་ཉིད།

                                               —རང་གི་སྐྱེས་སྐར་ལ་ཕུལ་པ།


དུས་ཀྱི་རླུང་ཁ་ན་ཡང་ཡང་འདར་བའི།།

ལོ་མ་སེར་པོ་ཞིག་སྐད་ཅིག་ཡལ་དུས།།

སྟོན་མཇུག་ངང་ཚུལ་ལ་གློ་བ་ལོག་ཅིང་།།

ཤེས་མེད་སྙམ་མེད་དུ་འདུག་གཟོད་མ་བྱུང་།།

གློ་བུར་མེ་ལོང་ལས་རང་ཉིད་འཚོལ་དུས།།

ངོ་གདོང་ཆ་མེད་ཅིག་ཚུར་ལ་འཁོར་ཡོང་།།

ཞེད་སྣང་འཚུབ་འཚུབ་ཀྱིས་ཧད་པོར་བྱས་ཤིང་།།

སྐྱེས་པའི་སྐར་མར་ཡང་མཆི་མས་བརླན་འདུག།

ཟླ་བ་ཉ་གང་ཞིག་མཁའ་རུ་འཛུམ་ཡང་།།

སེམས་པ་གནམ་སྟོང་བཞིན་རབ་རིབ་མག་མོག།

ཞེན་པའི་བག་ཆགས་ཀྱིས་མིག་ཟུང་འབྱིད་བཞིན།།

མདུན་གྱི་སྡོང་མགོ་ལ་བལྟ་དགོས་ཐུག་བྱུང་།།

                                                                 2015.8.15

IMG_6234.JPG

 
     ཨ་མར་ཕུལ་བའི་གླུ།


ཨ་མ་ཨ་ཡིག་རང་བྱོན་ཡིན་ནམ།།

 ཡིག་འབྲུ་འདི་ལས་ལྷག་ཅིག་མི་འདུག།

ཨ་མ་ཉི་མའི་འཛུམ་ཞལ་ཡིན་ནམ།།

 འདི་ལས་ལྷག་པའི་དྲོད་ཁོལ་མི་འདུག།

བྲག་ལ་འགོ་གི་ཐེམ་པ་དཀར་པོ།།

 ཆུ་ཆེན་བརྒལ་བའི་རྡོ་ཟམ་རིང་མོ།།

 སུ་ཡི་ཆེད་དུ་རྒས་ཤིང་འཁྱོར་བའི།།

 ཨ་མ་ཁྱེད་རང་ཨོ་བརྒྱལ་ཆེ་བྱུང་།།

མཐོང་སར་སྤྱན་རས་ཡང་ཡང་གཡོ་ཞིང་།།

མི་མཐོང་སེམས་ཀྱིས་རྟག་ཏུ་འཚོས་ཡོད།།

ཨ་མའི་ཐལ་སྦྱར་རེ་རེའི་བར་ན།།

སྨོན་འདུན་སྟོང་གི་མཆོད་མེ་འཁྱིལ་ཡོད།།

སུ་ཡི་ཆེད་དུ་ཡོད་ཚད་ཐེག་པ།།

སུ་ཡི་ཆེད་དུ་ཡོད་ཚད་གཏོང་བ།།

ཨ་མ་བརྩེ་བའི་ས་གཞི་ཆེན་མོ།།

ཨ་མ་བརྩེ་བའི་གཞིས་ཁྱིམ་གོར་མོ།།

ཨ་མ་ཁྱེད་རང་བཞུགས་ཙམ་ཉིད་ནས།།

སེམས་ཀྱི་ཟབ་སར་དྲོད་ཀྱིས་ཁེངས་ཡོད།།

གལ་ཏེ་ཉི་མའི་གསེར་ཞལ་བསྡུས་ཚེ།།

སྒོ་ཁྱིམ་ཕྱི་ནང་གྲང་བས་གཅུན་འོང་།།

 ཨ་མ་ཁྱེད་ཉིད་འཇིགས་སྐྱོབ་སྒྲོལ་མ།།

 སྐྲག་དང་དབུལ་ཚེ་འབོད་ས་གཅིག་པུ།།

 འཇིག་རྟེན་བདག་མོའི་མཚན་སྙན་ཁུར་བའི།།

 དྲིན་ཆེན་མ་ལོའི་སྐུ་ཚེ་རིང་ཤོག།

                                    2015.5. 10

IMG_6873.JPG


       དར་རྩེ་མདོ།


རི་བོ་གསུམ་གྱི་འདབས་ན།།

ཆུ་མོ་གཉིས་ཀྱི་མདོ་ན།།

དར་རྩེ་མདོ་ཞེས་གྲགས་པའི།།

གནའ་བོའི་གྲོང་ཚོ་ཆགས་ཡོད།།

རྨི་ལམ་ནང་ནས་མཇལ་བའི།།

དར་མདོའི་བུ་མོ་སྒྲོལ་མ།།

དོ་ནུབ་ཆུ་བོའི་འགྲམ་དུ།།

རྨི་ལམ་བཞིན་དུ་མངོན་ནམ།།

ཆུ་མོའི་ཞང་སྒྲའི་ཁྲོད་ནས།།

མཛའ་གཞས་རྣ་བར་ལྷུང་ཡང་།།

སྙིང་གི་བརྩེ་བ་སྒུལ་བའི།།

བུ་མོ་མཐོང་རྒྱུ་མི་འདུག།

ཆུ་བོ་དྲག་ཅིང་རྒྱུགས་པ།།

རླུང་བུ་བསིལ་བསིལ་ལྡང་བ།།

གནའ་བོའི་གླུ་སྐད་སྙན་པོ།།

རྒྱང་ལ་ཡལ་བ་ཚོར་བྱུང་།།

གློ་བུར་རྒྱབ་ཀྱི་ཕྱོགས་ནས།།

གཞས་ཤིག་རྣ་བར་འཁོར་ཀྱང་།།

དར་མདོའི་ཆང་ཁང་ནང་གི།།

ཀླུ་མོའི་འཛེར་སྐད་ཡིན་འདུག།

                                        2016.7.21

IMG_6268.JPG

 
        ཕ་ཡུལ་གངས་ལྗོངས།


རྨི་ལམ་ལྟ་བུའི་མཛེས་ལྗོངས་ཕྱུག་མོ།།

ཕ་ས་གོར་མོ་སེམས་ཀྱི་བསྟི་གནས།།

བརྩེ་གདུང་སྣང་བ་བན་བུན་ཞིག་གིས།།

དེ་རིང་ཁྱེད་ཀྱི་པང་དུ་ལོག་ཡོད།།

ཡུལ་མི་རྣམས་ནི་འགྱུར་ཞིང་འགྱུར་བའི།།

ངང་ཚུལ་རི་མོ་སྣ་ཚོགས་མཐོང་ཡང་།།

མི་རྣམས་འགྱུར་བའི་ཆོས་ཅན་འདི་ལ།།

འཁང་ཚིག་སྐྱོ་སྡུག་སྤུ་ཙམ་མེད་དོ།།

འོན་ཀྱང་ཁྱེད་ཀྱི་རི་ཀླུང་ཐང་གསུམ།།

སྔར་བཞིན་མ་འགྱུར་བརྩེ་བས་བརླན་འདུག།

ཁྱེད་ལ་གློ་ཉལ་ཐེངས་གཅིག་བྱས་པས།།

བུ་ཆུང་བཞིན་དུ་བྲང་ལ་སྦྱར་བྱུང་།།

མི་འདོད་གནམ་ལྕགས་རྩུབ་མོ་རེ་རེས།།

ཁྱེད་ཀྱི་ལུས་དང་ཡན་ལག་ཀུན་ལ།།

རྨ་ཤུལ་གྲངས་མེད་བསྒོས་པ་མཐོང་ཚེ།།

བདག་ནི་སེམས་ཀྱིས་བཟོད་ཐབས་མི་འདུག།

ནམ་ཞིག་ཁྱེད་ཀྱི་མཚན་བྱང་དམར་པོ།།

ཡིག་འབྲུའི་ཀློང་ནས་འཚོལ་དགོས་བྱུང་ཚེ།།

སྙིང་ལ་ཙག་ཤད་བརྒྱུགས་ཤིང་འོང་ངོ་།།

མིག་ནས་དུ་བ་མཆེད་ཅིང་འགྲོ་འོ།།

སྡོད་ཐབས་མེད་པ་སྔོན་གྱི་ལས་ཏེ།།

བརྗེད་ཐབས་མེད་པ་སྐྱེས་པའི་བག་ཆགས།།

ཁྱེད་ཀྱི་རུམ་ཁ་དྲོན་མོ་འདི་རུ།།

གཏན་ནས་གཏན་ཏུ་གཉིད་ན་འདོད་ཨང་།།

འདི་ནས་སྐྱེས་ཤིང་གཞན་དུ་འཁྱར་བའི།།

ང་དང་འདྲ་བའི་བོད་པ་གྲངས་མེད།།

མཐར་ཐུག་བརྩེ་བའི་རྣམ་ཤེས་དཀར་པོ།།

 ཁྱེད་ཀྱི་པང་དུ་འཐིམ་པར་སྨོན་ནོ།།

                                     2016.7.27

15713321_1269697686421062_1262103761_n.jpg


          འདུ་འབྲལ།  


ཤེས་རབ་དཔལ་གྱི་སྣང་བ་རྒྱས་ཤིང་།།

ཞི་ཞིང་དུལ་བས་སྤྱོད་ལམ་མཛེས་པའི།།

ལན་གཅིག་མཇལ་བའི་གྲོགས་པོ་ཁྱེད་ཉིད།།

དེ་རིང་གློ་བུར་གློ་བུར་དྲན་བྱུང་།།

ལང་ཚོའི་འདབ་ལོ་བཞད་པའི་མེ་ཏོག།

བརྩེ་མེད་སད་ཀྱིས་ཁྱེར་བ་ཐོས་བྱུང་།།

ཀྱི་ཧུད་གནམ་རྡོ་གོར་མོ་འདི་ལ།།

སུ་ཡང་གཟུར་ཐབས་མེད་པ་ཅི་ཡིན།།

དབྱར་ཟླ་བར་མའི་ཉིན་མོ་ཞིག་ཏུ།།

ངེད་གཉིས་ལས་དང་ལམ་གྱིས་འཛོམས་ཀྱང་།།

སྟོན་ཟླ་མགོ་མ་ཚེས་དབང་མ་བྱིན།།

ཐ་མའི་མཛད་པ་བསྟན་ནས་གཤེགས་སོང་།།

གཤིན་རྗེའི་ཁ་དབང་བཙན་པ་བདེན་ཡང་།།

འདི་ལྟར་མྱུར་ཞིང་མགྱོགས་པ་མ་དྲན།།

མདོ་ཁམས་སྟོད་ནས་ལན་གཅིག་འཕྲད་པ།།

མཇལ་འཛོམས་ཐ་མ་ཡིན་པ་སུས་ཤེས།།

ཁ་སང་ལྷན་དུ་མཛོམས་པས་དགའ་བྱུང་།།

དེ་རིང་སྐྱོ་ཞིང་གདུང་བས་གཟིར་སོང་།།

ཡང་ན་ཁྱེད་ལ་ཞེ་ཁྲེལ་མི་འདུག།

ཡང་ན་བདག་གི་ལས་སྐལ་ཚར་འདུག།

གྲོང་ཁྱེར་པད་མ་ཅན་གྱི་ལྗོངས་སུ།།

སླར་ཡང་མཇལ་བའི་དུས་ཆད་བཏབ་ཀྱང་།།

ཁྱེད་ཉིད་ཁ་དན་ཚིག་ལ་མ་གནས།།

རྨི་ལམ་བཞིན་དུ་གློ་བུར་ཡལ་སོང་།།

ཅུང་ཟད་རིད་པའི་ངོ་གདོང་ཟབ་མོ།།

ཅུང་ཟད་ལྷོད་པའི་སྐད་ངག་དྭངས་མོ།།

ཕྱག་འཇུ་དང་བཅས་གསུང་གླེང་གནང་བ།།

དྲན་པའི་ལྡེབས་ལ་གཟུགས་སུ་བརྐོས་ཡོད།།

ཁྱད་པར་ལམ་གྱི་བཞི་མདོ་ཞིག་ཏུ།།

བདག་ལ་བརྩེ་བས་རྒྱང་ལྟ་མཛད་ཅིང་།།

བདེ་མོའི་ཕྱག་གཡུག་གནང་བ་དྲན་ན།།

སྙི་མོའི་སེམས་འདིས་བཟོད་ཐབས་མི་འདུག།

མཚན་ཐུབ་རྐོང་བུའི་ངོགས་སུ་བསྡད་དེ།།

ངག་ནས་སྨོན་ལམ་བཟླས་བརྗོད་བྱས་ཀྱང་།།

ཡིད་ལ་ཁྱེད་ཉིད་འཁོར་ཞིང་འོང་ངོ་།།

མིག་ལ་མཆི་མ་འཁྲིགས་ཤིང་འོང་ངོ་།།

སྔོན་ཆད་སྐྱོ་ཞིང་གདུང་བའི་སྙན་ངག།

མང་དུ་བྲིས་ཀྱང་མཆི་མ་མ་ཤོར།།

དེ་རིང་ཁྱེད་ལ་ཕུལ་པའི་ཚིག་འདི།།

མིག་ཆུས་གདོང་བ་རློན་བཞིན་བྲིས་སོ།།

འདུ་འབྲལ་སྒྱུ་མའི་ཆུ་རིས་གསལ་བའི།།

འཁོར་བ་ལས་ཀྱི་གཞན་དབང་འོག་ནས།།

ངེད་གཉིས་གཙོ་བྱས་འགྲོ་བ་གྲངས་མེད།།

མྱུར་དུ་ཐར་བའི་གསོལ་བ་འདེབས་སོ།།

                                     2016.9.17

IMG_6265.JPG

       
           ཕ་ཡུལ་གངས་ལྗོངས།


གནམ་སའི་མཚམས་ཀྱི་གངས་རི།།

ས་ནས་སུ་ཡིས་མ་བརྩིགས།།

གནམ་ནས་བབས་པའི་མཆོད་རྟེན།།

ཁྱེད་ཀྱི་བང་རིམ་རེ་ལ།།

སྲིད་པའི་རྟགས་ཐམ་བརྒྱབ་ཡོད།།

ཕ་ཡུལ་ཨ། གངས་ལྗོངས།

ང་རང་ཁྱེད་ཀྱི་པང་དུ་གནས་ན་འང་།།

ཁྱེད་རང་གཏན་ནས་རྙེད་ཐབས་མི་འདུག་ཨང་།།

མཆི་མའི་མིག་གིས་ཁྱེད་ཉིད་འཚོལ་བཞིན་ཡོད།།

གཉོམ་པའི་ངག་གིས་ཁྱེད་ཉིད་འབོད་བཞིན་ཡོད།།

གནམ་སའི་མཚམས་ཀྱི་གངས་རི།།

མཛེས་པ་མིག་གི་རྒྱན་ཡིན།།

ཞེ་འདང་སེམས་ཀྱི་དྲོད་ཡིན།།

ཁྱེད་ཀྱི་བང་རིམ་བཅུ་གསུམ།།

བོད་པའི་ཕྲག་ཞེང་ཡིན་སོང་།།

ཕ་ཡུལ་ཨ། གངས་ལྗོངས།

ང་ཡི་མིག་ཆུས་ཁྱེད་ཀྱི་བྲང་གཞོང་བརླན་ཡོད།།

ཁྱེད་ཀྱི་སྐྱིད་སྡུག་སུ་དང་གང་ལ་གླེང་བྱུང་།།

གནམ་སའི་མཚམས་ནས་མ་ཡལ་ཅུང་ཙམ་སྒུགས་དང་།།

རེ་བ་དར་སྐུད་ཕྲ་མོ་སུམ་སྒྲིལ་བརྒྱབ་ཡོད།།

              2015.9.4


           ང་ཡི་མགོ་ནག་བོད་པ།


ཁྱོད་ནི་མཐོ་སར་བབས་པའི་བྱིའུ་ཆུང་སྐྱ་བོ།།

སྲོད་ཀྱི་གྲིབ་སོ་འཁོར་དུས་རྒྱང་ལ་བལྟས་བྱུང་།།

ཆར་དང་རླུང་གིས་གཙེས་པའི་གཤོག་སྒྲོ་གཉོམ་པོས།།

མུན་པའི་མཚན་ལམ་རིང་མོ་ཇི་ལྟར་བརྒལ་ཨང་།།

ཀྱེ་མ་ང་ཡི་མགོ་ནག་བོད་པ།

མགོ་བོ་དགྱེ་ནས་ཡ་གིར་གཟིགས་པ་གང་ཡིན།།

སྐར་མདས་རང་ལམ་འཚོལ་བའི་གྲངས་ཀ་བརྩི་འམ།།

གནམ་སྟོང་ཟླ་འོད་འཆར་བའི་རེ་སྒུག་འཁྱག་པོ།།

ཚེ་སྲོག་ལྷག་མ་ཞིག་གི་སེམས་གསོ་ཡིན་ནམ།།

ཁྱོད་ནི་འཕུར་ལ་ཉེ་བའི་བྱིའུ་ཆུང་སྐྱ་བོ།།

ཞེན་ཆགས་ལྕི་མོས་ཚང་ལ་སྤར་འཐམ་བརྒྱབ་བྱུང་།།

ནམ་མཁའི་མཐའ་ལ་ལྟ་བཞིན་སེམས་པ་སྨེང་ངེ་།།

མིག་ཆུ་དྭངས་མོ་སེམས་ལ་ཤག་ཤག་བཞུར་བྱུང་།།

ཀྱེ་མ་ང་ཡི་མགོ་ནག་བོད་པ།

གཤོག་ཆུང་བརྐྱངས་ཤིང་བསྐུམ་པའི་ངང་ཚུལ་འདི་ཡིས།།

སྡོད་པའི་རང་དབང་མེད་པ་བདག་གིས་གོ་འོང་།།

འཕུར་སའི་གནས་ཀྱང་ཨ་སྔོན་མུན་པའི་དབྱིངས་ཏེ།།

གར་སོང་ཆ་མེད་འགྲོ་བར་དངངས་རྒྱུ་འོང་ངོ་།།

                                                                 2016.4.4

 
   ང་ཡི་ལས་འཕྲོ་ག་པར་ཡོད་དམ།


སེམས་པ་སྦྲང་མའི་གཤོག་པ་འདྲ་བོ།།

འདར་གྱིན་འདར་གྱིན་སྟོད་ལ་ཕྱིན་ཀྱང་།།

སྟོད་ཀྱི་གངས་རྒན་མིག་ཆུ་ཤམ་ཤམ།།

བྲང་གི་རྨ་ཤུལ་ནག་པོ་སྟོན་བཞིན།།

འདི་རུ་སྡོད་ཐབས་མི་འདུག་གསུངས་བྱུང་།།

ང་ཡི་ལས་འཕྲོ་ག་པར་ཡོད་དམ།།

སེམས་པ་གཡང་དཀར་ལུག་ཆུང་འདྲ་བོ།།

མཆོང་གིན་ལྡིང་གིན་བྱང་ལ་ཕྱིན་ཀྱང་།།

བྱང་གི་སྦྲ་རྒན་མིག་ཆུ་ཤམ་ཤམ།།

སྦྲ་ནག་འདབས་ཀ་རལ་བ་སྟོན་བཞིན།།

འདི་ནས་སྡོད་ཐབས་མི་འདུག་གསུངས་བྱུང་།།

ང་ཡི་ལས་འཕྲོ་ག་པར་ཡོད་དམ།།

སེམས་པ་ཕྱེ་ལེབ་ཆུང་ཆུང་འདྲ་བོ།།

འཕུར་གྱིན་འཕུར་གྱིན་རོང་ལ་ཕྱིན་ཀྱང་།།

རོང་གི་ཞིང་རྒན་མིག་ཆུ་ཤམ་ཤམ།།

བྲང་གི་ཚེར་མའི་རྣོ་ཁ་སྟོན་བཞིན།།

འདི་ནས་སྡོད་ཐབས་མི་འདུག་གསུངས་བྱུང་།།

ང་ཡི་ལས་འཕྲོ་ག་པར་ཡོད་དམ།།

                        2016.5.12


       ཁ་བའི་གླུ།


ང་ལ་གསོལ་འདེབས་མི་མཁོ།།

ང་ལ་སྨོན་ལམ་མི་དགོས།།

ཁྱེད་ཀྱི་དཔུང་རྡང་སྲ་མོས།།

ང་ཡི་བང་རིམ་ཁྱོགས་ཤོག།

ང་ལ་སྙིང་རྗེ་མི་དགོས།།

ང་ལ་གདུང་སེམས་མི་མཁོ།།

ཁྱེད་ཀྱི་ཕྱག་སོར་འཇམ་པོས།།

ང་ཡི་མགྲིན་པ་བསལ་རོགས།།

ང་ལ་མིག་ཆུ་མི་དགོས།།

ང་ལ་ལེ་བདའ་མི་མཁོ།།

ཁྱེད་ཀྱི་མེ་ཆ་དཀར་པོས།།

ང་ཡི་མེ་ཁ་གསོ་རོགས།།

ང་ཡི་མགོ་བོ་དགྱེ་དུས།།

ཁྱེད་ནི་ང་ཡི་བདག་པོ།།

ང་ཡི་མགོ་བོ་སྨད་དུས།།

ཁྱེད་ནི་གཞན་གྱི་གཡོག་པོ།། 

                  2016.5.18


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།