སྐྱབས་ཆེན་བདེ་གྲོལ་གྱི་གསར་བྲིས་སྙན་ངག་ཆེད་འགོད།

706

15577389_1257780200946144_212375608_n.jpg


     __སྐྱབས་ཆེན་བདེ་གྲོལ། བོད་ཀྱི་དེང་རབས་རྩོམ་པ་པོ། བརྩམས་སྒྲུང་བ་དང་སྙན་ངག་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ། སྤྱི་ལོ་༡༩༧༧ལོར་མདོ་སྨད་ཀྱི་ཆུ་ཁ་མ་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས། ད་ལྟའི་བར་དུ་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། དཔྱད་གཏམ། འཁྲབ་གཞུང་། བསྒྱུར་ཡིག་སོགས་ཉིས་སྟོང་ལྷག་བརྩམས་ཡོད། བརྩམས་ཆོས་འགའ་ཞིག་དབྱིན་ཡིག་དང་རྒྱ་ཡིག་སོགས་སུ་བསྒྱུར། ༡༩༩༧ལོར་སྙན་དེབ<<མི་ཁོམ་པའི་གནས་དང་དེའི་བདག་པོ>>ཞེས་པ་དང་། ༢༠༠༨ལོར་བརྩམས་སྒྲུང་དེབ<<གླུ་སྐད་སྐྱ་བོ>>ཞེས་པ། ༢༠༡༡ལོར་འགྱུར་དེབ<<དཔའ་བའི་གདེང་དང་ལྡན་པའི་ལང་ཚོ>>ཞེས་པ། ༢༠༡༢ལོར་སྙན་དེབ<<མི་རྟག་པ>>ཞེས་པ་བཅས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། ཉི་ཧོང་གི་རྩོམ་དེབ་སྐད་གྲགས་ཅན<<སྒེའུ་ཁུང་ནང་གི་ཐོ་ཐོ་མ>> 窓ぎわのトットちゃん ཞེས་པའང་བོད་དུ་ཆ་ཚང་བར་བསྒྱུར་ནས་པར་སྐྲུན་བྱ་འཆར་ཡོད། བརྩམས་སྒྲུང《དུས་ཆད》དང《ལོ་དེའི་དཔྱིད་ཀ》སྙན་ངག《དབུལ་ཕོངས》སོགས་བོད་ཀྱི་སློབ་ཆེན་ཁག་གི་རྩོམ་རིག་བསླབ་དེབ་ཏུ་བདམས་ཡོད།


IMG_0823.JPG

   
             གཉིད་ལོག


སྙིང་ནད་ཅན་ཞིག་གི་ཁྲག་བཞིན་གར་པོར་གྱུར་བའི

སྤྲིན་པ་དམར་ནག

དེའི་གམ་གྱི དཀར་ཡོལ་ཞིག་གི་ནང་བཙན་གྱིས་བཅུག་པའི གངས་རི

དེའི་ངོས་སུ་བརྐོས་པའི་ཁྱོད་ཀྱི་རུས

དེ་ནས་ཕར་སོང་ན

སྤུ་བྱི་བའི་ཁྱི་གུ་ཞིག་གིས་ཟམ་པ་ཞིག་བརྒལ

བུ་མོ་ཞིག་དེའི་རྗེས་སུ་སོང

གོམ་པ་རེ་རེ་བྱེ་མ་སྤར་བ་གང་རེར་གྱུར

མགོ་བོ་པགས་པ་གཞན་ཞིག་གིས་གཡོག་དུས

གཉིད་ལོག་པ་ལས་སད་སྲིད་དམ

སྐར་མ་ཕུར་བས་མིག་དབྱེ་སྲིད་དམ

                                               ༢༠༡༦ ༧ ༢༤ཉིན་བདུད་རྫའི་སྤྱང་ལུང་གོང་མ་ནས།

IMG_0733.JPG

    
         བསླབ་བྱ།


སེམས་པ་གཙང་མ་མིན་ན

ཁ་བཏགས་དཀར་པོ་ཟེར་བཞིན་གཞས་དེ་མ་གཏོང་ཞིག

འགྲོ་འདོད་སེམས་ན་མེད་ན

ཡར་འབྲོག་གཡུ་མཚོ་ཟེར་ནས་ཀུ་ཅོ་མ་འདོན་རོགས

ངོ་གདོང་ཁྲག་གིས་སྦགས་ནས

བྱིས་སྒྲུང་མ་འཆད་ཕར་སོང་ཞིག

                                                   2016 8 10

IMG_6351.JPG


      གལ་སྲིད་རྨི་ལམ་མེད་གྱུར་ན།


ཤག་ཤག་ཆར་བའི་འོག་གི་སུན་གླུ་མེད་གྱུར་ན

སང་ཞོགས་ལམ་ལ་འབུད་པའི་འདུན་པ་མེད་གྱུར་ན

གཉིད་དུ་ཡུར་ཁའི་དྲན་གདུང་མེད་གྱུར་ན

ལྕགས་ཐག་དམར་པོར་བརྒྱུས་པའི་དོང་ཙེ་མེད་གྱུར་ན

སྐྲན་དང་སྐྲངས་པར་བཏབ་པའི་གཟེར་མ་མེད་གྱུར་ན

སྒྲུང་རྣམས་ཀློག་ཞོར་འཐུང་བའི་ཁོ་ཧྥེ་མེད་གྱུར་ན

མི་ཤི་རྟ་འགྱེལ་བྱུང་རབས་བརྗོད་པའི་ཁ་བརྡ་མེད་གྱུར་ན

སྒོ་རའི་ནང་གི་ཕུག་རོན་རྩེད་འདོད་སྐོར་བ་མེད་གྱུར་ན

གསང་བ་མེད་གྱུར་ན

ཟིལ་བའི་ཀློང་གི་སྐྱོ་སྣང་མེད་གྱུར་ན

སྒུག་རྒྱུའི་མཛའ་བོ་མེད་གྱུར་ན

ལམ་དང་ཆུ་བོའི་ངོགས་ན་ཡུལ་ལྗོངས་མེད་གྱུར་ན

ནོར་ཁྱུ་དེ་དང་རླུང་འཚུབ་དག་ཀྱང་མེད་གྱུར་ན

དམོད་མོ་བོར་བའི་མེ་མདའ་མེད་གྱུར་ན

དུས་ཀྱིས་རལ་བའི་རྨ་ཁ་མེད་གྱུར་ན

གསུག་དང་སྡིག་སྒྲིབ་གཡུ་བྱུར་མེད་གྱུར་ན

ངོ་ལོག་ཁྲེལ་མེད་གཡེམ་འཁྲིག་མེད་གྱུར་ན

རྫུན་ཚིག་མེད་གྱུར་ན

དགེ་བའང་མེད་གྱུར་ན

ཁྲོས་འཁྲིགས་བཞིན་གྱི་མེ་དཔུང་མེད་གྱུར་ན

རྣམ་རྟོག་སྐྱེད་བྱེད་སྦྲུལ་དག་མེད་གྱུར་ན

སྟོང་བའི་ངང་ལས་སུ་ཞིག་སྐུར་བཞེངས་སམ

འཁོར་བ་འདིའང་ཇི་ལྟར་འགྲུབ་ཅིང་གྲུབ

ང་ཞེས་པ་དང་བདག་ཀྱང་ཇི་ལྟར་འཛིན

                                  2016ལོའི་ཟླ་7པའི་ཚེས་21ཉིན་བདུད་རྫའི་སྤྱང་ལུང་གོང་མ་ནས།

IMG_6220.JPG

        
                ཕ་མ།


ཕ་ནི་ཐུར་སེལ་རླུང་དང་ཤེས་པའི་རྒྱུན

མ་ནི་རྩ་རྒྱུས་མདུད་པ་ཁྲག་དང་རྨི་ལམ་ཉིད

གལ་ཏེ་ཕ་དང་མ་ལ་བྲལ་གྱུར་ན

མེ་མདག་འཁོར་ལོ་རྩུབ་མོར་འུ་རི་རི

ཁྱོད་ཀྱི་སྡུག་བསྔལ་མགྲིན་པའི་སྦུབས་ལས་ཕྱིར་མི་ཐོན

གལ་ཏེ་ཕ་དང་མ་ལ་བྲལ་གྱུར་ན

ཁྱོད་ནི་ཁྱོད་ཀྱི་རུས་ཀྲང་ནང

རྩྭ་ཡན་རློན་པ་སྤར་བ་གང

                                                        ༢༠༡༦ ༥ ༢༠ཉིན།

IMG_6466.JPG

         
       འབྲེལ་བ།


འཇིག་རྟེན་འདིར་ང་དང་མི་འགའ་ཞིག་གི་བར་གྱི་འབྲེལ་བ་ནི

དེའི་བཙས་སྟོན་ལ་བརྒྱ་ལོར་རེ་གཉིས་སྟེར་བ་དང

དེ་ཤི་རྗེས་དེའི་ཁྱིམ་ལ་སོང་ནས་བརྒྱ་ལོར་རེ་གཉིས་སྟེར་བའོ

མེ་ཏོག་ནི་ཆུ་ཡིས་རྒྱས་པར་བྱེད་མོད

མེ་ཏོག་ཅིག་ཆུ་ནང་དུ་སྦངས་པའི་ཚེ་ན

དབུགས་འགག་ནས་འཆི་ལ་ཁད་བྱེད

གྲོགས་མེད་པར་ལུས་རྗེས་ང་རང་འདུག་མི་བཟོད་མོད

ཡིན་མིན་གཉིས་ཀས་གྲོགས་པོ་ཞེས་རུབ་དུས

དབུགས་འགག་ནས་འཆི་ལ་ཁད་བྱེད

IMG_0728.JPG

           
        ཉལ་རོགས།


མལ་ཁྲི་འདི་བར་སྣང་ལ་འཕྱོ་ཞིང་དུས་ཚོད་ཀྱིས་བཏེགས

ནམ་ལངས་ཤིང་ཉི་མས་ལག་པ་ཚ་བོ་བསྲིངས་ཚེ

འུ་གཉིས་ཀྱི་ཁ་འོག་ན་མལ་ཁྲི་མི་འདུག

རང་རང་སར་འགྲོ་རན་སོང

འཁོར་བ་འདི་ཉོན་མོངས་ཀྱིས་གྲུབ་ཅིང་བདག་འཛིན་གྱིས་བཏེགས

རྒས་ཟིན་ཅིང་འཆི་བས་གོམ་ཁ་ཚུར་ལ་བསྒྱུར་ཚེ

འུ་གཉིས་ཀྱི་ཁ་འོག་ན་འཁོར་བ་མི་འདུག

རང་རང་སར་འགྲོ་རན་སོང་།

                                               ༢༠༡༦ ༩ ༢༢ཉིན།

IMG_6792.JPG

  
སྲུབས་ཀ་མེད་པའི་མེ་ཏོག་ཅིག་གི་སྦུབས་སུ།


ང་ཆུ་ནང་ན་ཡོད

ཁྱོད་ཉིད་མུན་པར་འཁྲིགས་པའི་ཆུ་ནག་པོའི་ནང་ན་ཡོད

སྙིང་ལ་འཁྱུག་པའི་གློག་ཞགས་དག་སྒོར་ཕྱིར་མི་དོན

བྲང་ཁོག་སྲེག་ཅིང་རྨི་ལམ་གྱི་ནགས་ཚལ་སོལ་བར་སྒྱུར་བ་ཙམ

                                                                                                   11/11/2016

IMG_1532.JPG

                         
          ཁྱོད་དང་ང་། 2  


ང་ཁྱོད་ཀྱི་མཁུར་ཚོས་ནེམ་བྱེད་ཨུཏྤལ་དེའི་སྦུབས་སུ་ཡོད་ཟེར

ང་ཁྱོད་ཀྱི་དཔུང་བར་ལྷུང་བའི་གསེར་གདུབ་ཀྱི་མདངས་དང་འདྲ་ཟེར

ང་ཁྱོད་སེམས་ཞི་བར་བྱེད་པའི་རླུང་ནང་གི་གཤོག་པར་འགྲོགས་ཟེར

ང་ཁྱོད་ཀྱི་སྙིང་ན་འཚེར་བའི་རང་དབང་གི་རྟ་མཆོག་ཡིན་ཟེར

ངས་ཁྱོད་ཀྱི་ལུས་ཟུངས་འཛིན་པའི་མཆོད་སྟེགས་ཀྱི་ཚེ་བུམ་ཐོགས་ཟེར

ངས་ཁྱོད་ཀྱི་གཏམ་རྒྱུད་ཁྱེར་ནས་བར་སྣང་གི་དཔྱངས་ཟམ་བརྒལ་ཟེར

ཁྱོད་གཉིད་ལས་སད་དུས

ང་རང་གང་ནའང་མེད་དེ

སྟོང་བའི་ནང་གི་ཐ་སྙད་དང་མེ་ལྕེ་དེ་དག

ཤིན་ཏུ་རྒྱུས་ཡོད་ཡིན་པར་རྟོག་ཀྱང

དེའི་ཕ་རོལ་ཀྱི་ཁ་བ་ནི

ལྕགས་རི་འགེབ་བྱེད་ཀྱི་རས་དང་འདྲ་བར

ལྷབ་ལྷུབ ལྷབ་ལྷུབ

                                  8/12/2016ལན་ཀྲུ་ནས།

 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།