ཁྲི་སེམས་དཔའི་ཉེ་བྲིས་སྙན་ངག་གསུམ།

268

IMG_6997.JPG

 
      དེ་དུས་ཉི་འོད་ཤིན་ཏུ་འཁྱག


ཟླ་བཅུ་གཅིག་གི་རླུང་བུ་རྩུབ་མོས།

ངའི་སེམས་ཁ་ནས་རི་སྐྱེས་མེ་ཏོག་ཚོམ་བུ་ཞིག་ཧྲག་སེ་ཁུར་སོང་།

དུས་ཚིགས་འདིའི་སེར་ཤ་བབས་པའི་ལོ་མ་དག

མདའ་དང་མདུང་དང་གྲི་དང་འདྲ་ཨང་།

ང་དང་མཛེས་པའི་ཕྱིར་དྲན་མཐའ་དག་དུམ་སེ་བཅད་དེ།

ཉི་འོད་འཁྱག་པོ་དང་སྣང་བ་སྐྱོ་མོ་ང་ལ་བསྐྱུར།

ཟླ་བཅུ་གཅིག་པས་ངའི་སེམས་པ་སྟོང་སྟོང་བར་བཏང་།

ཤིན་ཏུ་སྐྱོ་དུས་ཤིག་ལ་རོལ་མོ་ཡང་རྣ་ལ་གཟན།

སེམས་པ་འདི་ཚེར་གསེང་དུ་འཚང་བའི་ཆུ་ཤོག་བཞིན།

རླུང་ཁར་སྡུག་གླུ་ཤུར་ཤུར་གྱེར།

ཟླ་བཅུ་གཅིག་ནི་སེམས་ཁར་འཕྲེད་ཀྱིས་ཉལ་བའི།

འཁྱག་དར་ལེབ་མོ་ཞིག

གྲང་འདར་ལན་མང་གི་རྗེས་སུ།

ངའི་རྣམ་ཤེས་འཁོབ་ཏུ་འཇུག

ངའི་ཕྱིར་དྲན་གྱི་མེ་ཏོག་ཕྱིད་དུ་འཇུག

ཟླ་བཅུ་གཅིག་པར་སེམས་ལ་ཁ་བ་བབས།

ཕྱིར་འོང་མེད་པའི་ལམ་དེ་རུ།

རི་སྒང་གིས་སེམས་སྐྱོ་བའི་འདུན་ལྭ་གྱོན་ནས།

ང་ལ་མྱ་ངན་ཞུ།

རླུང་གིས་རྒྱ་ལྕང་གི་ལོ་འདབས་བསྒུལ་ནས།

ས་གཞིའི་དྲན་པ་བསླངས།

……

རྒྱང་རིང་དུ་འཐེན་པའི་རྐང་རྗེས།

བརྩེ་དུང་གི་ངུ་འབོད་ཐེངས་གཅིག་ཡིན།

                          2016ལོའི་ཟླ11པའི་ཚེས30ཉིན།
IMG_6851.JPG

         གཞིས་ཀ་རྩེའི་མགྱོགས་བྲིས།


དབྱར་ཁ་ལ་སྐྱོ་ཉམས་ཅུང་ཟད་མངོན་ཞིང་།

རྒྱང་རིང་གི་རི་ཚོགས་འཛུམ་མདངས་མེད་པར།

ནས་འབྲུའི་སྙེ་རླབས་ལ་གཡེང་།

མཁའ་དབུགས་ཁྲོད་མཚམས་མེད་པར་འཕུར་བའི་ཉི་འོད་ཀྱིས།

གསེར་ཏོག་དང་རྒྱ་ཕིབས་ལ་མཆུ་སྦྱོར་ཡང་ཡང་བྱེད།

འདི་ནི་གཞིས་ཀ་རྩེ་ཡིན།

སྐྱེས་ཆེན་བཞུད་སོང་།

འཇའ་ཚོན་ཡལ་ཤུལ་གྱི་མཁའ་དབྱིངས་སུ།

ཁ་བཏགས་དཀར་པོ་གྲངས་མེད་ཕར་སྐྱོད་ཚུར་སྐྱོད།

སྣང་བ་ཞིག་ལ། གང་དུ་བལྟས་ཀྱང་།

མྱ་ངན་གྱི་གདུང་བས་ད་དུང་ཡང་ས་གཞི་ལྗིད་ཏིག་གེར་མནན་འདུག

གཞིས་ཀ་རྩེ། འདི་ནི་རི་ཚོགས་ཀྱིས་བསྐོར་བའི་གྲོང་རྡལ་ཞིག

རྣང་ཞིང་གི་དབུས་སུ། རྡོ་ཁང་མང་པོ་ལོ་ཏོག་དང་ལྷན་ཅིག་ཉི་འོད་ལ་རོལ།

རྒྱ་ལྕང་སྟུག་པོར་འཁྲུངས་པའི་རྩེ་མོར།

བྱེའུ་མང་པོ་ཕར་འཕུར་ཚུར་འཕུར།

གཞིས་ཀ་ཆེན་པོ་དེ་ཚོ།

སྐུ་དྲག་གི་རྨི་ལམ་བཞིན་སྐྱ་ཐིང་ཐིང་།

གཞིས་ཀ་རྩེ་རུ་ལོ་རྒྱུས་ནི་ཉི་ནུབ་ཀྱི་འཁྲེང་ཞེན་དང་འདྲའོ།།

IMG_6839.JPG

  
          ས་རྡུལ།


ས་རྡུལ་གྱི་མགོ་ཁུངས་དེད་ཚེ།

ས་སྐྱ་བོ་ཞིག་གི་གཤང་གཤོང་ངམ།

བྲག་དམར་པོ་ཞིག་གི་ཐེམ་པ་ཡིན་སྲིད།

ལོ་མང་པོར་ས་རྡུལ་ལང་ལོང་འཚུབ།

འཇིག་རྟེན་འདིའི་གྲུ་ག་གང་རུང་དུ།

རྡུལ་གྱིས་བསླད་པའི་ངོ་གདོང་གྲངས་མེད།

ཕན་ཚུན་སྨྲ་བ་མེད་པར།

གནམ་སའི་ཤོ་རེ་གང་ཞིག་ལ་ཅེར་ནས།

མེ་ཏོག་གི་ཆར་དབབ་པ་དང་།

འཇའ་ཚོན་གྱི་གུར་དབུབ་པར་བསྒུགས།

ནམ་མཁའ་ནག་པོ་འདིར།

དགུན་ཁ་མེད་པའི་དུས་ཚིགས་ཤིག་ལ་བསླེབ་སྲིད་ཚེ།

ངས་མཐའ་དབུས་མེད་པའི་རྡུལ་འཚུབ་ཁྲོད།

མ་འོངས་པ་ཞེས་པ་རྟོགས་བཟོ་བྱས་ཏེ།

ཁྱོད་ལ་ངའི་འཆར་གཞི་མ་ལུས་ལྷུག་པོར་བརྗོད་ངེས།

                                    2016/10པར་བཟོ་བཅོས་ཅུང་ཟད་བརྒྱབ།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།