
གུ་ཡངས་སྙོམ་པོ་ཞིག་གནང་རོགས།
ངས་ཁྱེད་ཀྱི་བག་ཆགས་ལས་ཡོངས་སུ་བརྒལ་ཏེ
ངས་ཁྱེད་ཀྱི་ཚོར་བའི་གཤེར་ཁུ་དག་ཧུབ་ཀྱིས་བཏུངས་ཟིན་པས
འདི་ནས་ང་ལ་ཕྱིར་ལྡོག་གི་ལམ་བུ་དེ་ཤིན་ཏུ་ཕྲ
ཐ་ན་ངའི་ཚེ་སྲོག་འདི་སྐྱེས་སུ་ཕུལ་ནའང
ང་རང་ཕྱིར་ལོག་བྱ་ཐབས་བྲལ་བས
ང་ལ་གུ་ཡངས་སྙོམ་པོ་ཞིག་གནང་རོགས
བར་སྐབས་འདིར་ང་ལ་འཆི་བའི་སྔ་ལྟས་ཤིག་མེད་ཀྱང
ངས་གང་ཐུབ་ཀྱིས་ཁྱེད་ཀྱི་ཚོར་བ་ལ་སྲུང་བརྩི་ཞུས་ཆོག
དགོངས་དག དགོངས་དག
ངས་ཐོབ་བྱ་ལས་བརྒལ་བའི་རེ་འདོད་ཅི་ཡང་མི་བྱེད
ངས་གཞི་ནས་ཁྱེད་ཀྱི་དཀའ་ཁག་དང་ཡང་སྙིང་རྟོགས་ཡོད
འཇིག་རྟེན་འདིར་ཁྱེད་ཀྱང་ངས་བཀུར་འོས་པའི་མི་བུ་ཞིག་ལ་གདམ་ཆོག
འདི་ནི་ངས་བྱ་ཐུབ་པ་ཁོ་ན་ཡིན་པས
ང་ལ་གུ་ཡངས་སྙོམ་པོ་ཞིག་གནང་རོགས
ངའི་སྙིང་གི་སྐྱི་པགས་ཤིན་ཏུ་ནས་སྲབ་པས
མ་གཞི་ངས་གཟབ་གཟབ་ཀྱིས་ཨམ་ཕྲག་ཏུ་བཅུག་ཡོད་ཀྱང
མ་གཞི་ངས་གཟབ་གཟབ་ཀྱིས་ལག་པས་སྐྱོར་ཡོད་ཀྱང
འཁྱགས་སླ་བའི་སྐྱི་པགས་འདི
ཚིག་སླ་བའི་སྐྱི་པགས་འདི
ང་ལ་དབང་གི་མི་འདུག
ངོ་མ་དབང་གི་མི་འདུག
དེ་བས་ང་ལ་གུ་ཡངས་སྙོམ་པོ་ཞིག་གནང་རོགས།
2016/10/2

འདྲེ་ཁྱོད།
འཁོར་བ་འདིའི་གྲུ་ཟུར་གང་ནས
ངས་འཕྲད་མི་འོས་པའི་ཁྱོད་ཉིད་སྒུག་ཡོད
ལག་ཟུང་དམ་པོར་འབྱར་དུས
ལུས་ཀྱི་ཤ་པགས་ཀྱང་སྦྲིད་ཅིང
རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར་འོང
དེ་ནི་ཁྱོད་ཀྱིས་བཏབ་པའི་ངན་མཐུ་ཞིག་ལོས་ཡིན
འདྲེ་ཁྱོད
ངའི་ལན་ཆགས་ཀྱི་བདག་པོ
ངའི་ཟུངས་ཁྲག་འཇིབ་པའི་འབུ་ཕྲ
ངའི་རྣམ་ཤེས་སྲུང་བའི་གདོན་འདྲེ
འཇིག་རྟེན་འདིར
ཁྱོད་གཅིག་པུ་ངའི་ཤ་གསེང་རུས་གསེང་ལ་འཛུལ་ཐུབ་ཅིང
ཁྱོད་གཅིག་པུས་ངའི་ཤ་པགས་སེན་མོས་བཤུ་ཐུབ
དེ་བས་ཁྱོད་གཅིག་པུ
ང་འཆི་ཡང་རྣམ་ཤེས་འཁོར་ས་དེ་ཡིན
འདྲེ་ཁྱོད
གནམ་ས་གང་ལའང་སྐྲག་མི་དགོས་པའི་འདྲེ་ཁྱོད
འཇིག་རྟེན་འདིར་ཁྱོད་གཅིག་པུ་བདེན་ལུགས་ཀྱིས་གསོན་ཡོད་པ་སུས་རྟོགས
ཁྱོད་ཀྱི་རུས་གསེང་ལ་འཐིམས་པའི་འདུ་ཤེས་དེ་ཁོ་ནས
མི་རིགས་འདིའི་ངོ་རིས་སྐྱ་བོ་ལ་ཚོན་རྩི་བྱུགས་ཐུབ
དེ་ནི་ཁྱོད་ཀྱི་གློ་སྙིང་ལ་སྦས་པའི་གསང་བ་ཞིག
ངས་སེམས་པ་གླན་ནས་ཉན་ཡོད
འདྲེ འདྲེ
ཤ་རུས་དུར་དུ་སྦས་ཀྱང
རྣམ་ཤེས་ཀྱིས་བྱ་བཞག་གཉེར་བསམ་པ་དེ་ཁྱོད་ཡིན
མི་རིགས་རྩ་སྟོངས་སོང་ཡང
ལ་རྒྱའི་དར་ཆ་སྒྲེང་བསམ་པ་དེ་ཁྱོད་ཡིན
རིགས་མཐུན་གྱི་རྒྱབ་སྐྱོར་དབེན་ཡང
ཁུ་སིམ་མེར་ལེགས་སྐྱེས་འབུལ་བསམ་པ་དེ་ཁྱོད་ཡིན
འདྲེ འདྲེ
ཁྱོད་ལ་མིག་ཟུང་གིས་རྒྱང་ཐག་མི་ཆོད་པའི་མདུན་ལམ་ཞིག་ཡོད་པས
ཁྱོད་ལ་བློ་ཁ་དེ་འཁེངས་ཐབས་མེད་པའི་ཕུགས་བསམ་ཞིག་ཡོད་པས
ཁྱོད་ལ་སྒྱུ་འཕྲུལ་གྱི་གཤོག་པ་ཡ་མེད་ཅིག་ཐོགས་ཡོད་པས
འཇིག་རྟེན་གྱི་ཡོད་ཚད་ཁྱོད་ལ་དབང་ཆོག་ཆོག་ཡིན་ཨང
འདྲེ ཁྱོད་ཀྱིས
དེ་རིང་ངའི་སྙན་ངག་གི་ཁ་ལོ་དབང་མེད་དུ་བསྒྱུར་དོན་ཡང
ཁྱོད་ཀྱི་རྣམ་ཤེས་རླུང་ལ་སྤྲུལ་ནས་ངའི་སྐྲ་ལོ་ལ་འཐམས་ཡོད་པས་ཡིན
ཁྱོད་ཀྱི་ཟུངས་ཁྲག་རླངས་སུ་སྤྲུལ་ནས་ངའི་དབང་པོ་ཡོད་ཚད་ལ་འཐིམས་ཡོད་པས་ཡིན
གང་ལྟར་ཡང
དེ་རིང་གི་སྙན་ངག་འདི་ཁྱོད་ལ་དུས་ཆེན་གྱི་ལག་རྟགས་ཡིན
2016/9/9/

ང་རང་བུད་འགྲོ།
ང་རང་བུད་འགྲོ
ང་རང་བུད་འགྲོ
ང་རང་བུད་འགྲོ
འུ་ཐུག་པའི་གཏམ་ཡན་མེད་ས་དེར
ལྷིང་འཇགས་ཀྱི་འཚོ་བ་ཞིག་བསྐྲུན་ཆོག
རྨ་ཁ་ཡིས་བཟི་བའི་གྲོང་ཁྱེར་འདི་བསྐྱུར་ཏེ
ཞིང་ཁམས་མ་ཡིན་པའི་ཞིང་ཁམས་ཤིག་འཚོལ་བར་འགྲོ
ང་རང་བུད་འགྲོ
ང་རང་བུད་འགྲོ
ང་རང་བུད་འགྲོ
བརྩེ་དུང་ཟེར་བའི་བསླུ་སྦྲིད་ཀྱི་གཏེ་པོ
མངོན་དུ་མེད་པའི་རེ་བསྒུག་གི་དམ་བཅའ
གསོན་པ་ནས་དུར་དུ་སྦ་མཁན་གྱི་བྱེད་པོ
ང་རང་བུད་འགྲོ
ང་རང་བུད་འགྲོ
ང་རང་བུད་འགྲོ
ལྦུ་ཆང་དང་འཐབ་འཛིང་གཏོང་བའི་ལོ་ཟླ་འདི་དོར་ཏེ
དུ་བ་དང་ལྐོག་འབྲེལ་བྱེད་པའི་ངན་གཡོ་འདི་སྤངས་ཏེ
སྡུག་ཡུས་ཀྱི་མིག་ཆུ་ཁམ་གང་དང་བྲལ་ཏེ
ང་རང་བུད་འགྲོ
ང་རང་བུད་འགྲོ
ང་རད་བུད་འགྲོ
2016/10/13 དགོང་མོ།

དེ་ནས་བཟུང་།
དེ་ནས་བཟུང
སྐད་ཆའི་ངག་སྒོར་ལྕག་ཟྭ་ཐེབས་པ་སུས་ཀྱང་ཤེས་མེད
དེ་ནས་བཟུང
བྱིའུ་ཆུང་གི་ཕུར་ལམ་ན
གཤོག་པ་ཡ་མཚན་ཐོག་པའི་བྱ་གླག་གཞན་དག་ཡོད་པའང་ཤེས་མེད
དེ་ནས་བཟུངན
ཁ་བ་ནི་དབྱར་ཁར་འབབ་ཅིང
ཁེར་རྐྱང་ལུས་པའི་དགུན་ཁ་ཁོ་ནས
འཁྱག་འདར་གྱི་སོ་སྒྲ་བརྡར་བའང་ཤེས་མེད
དེ་ནས་བཟུང
ལུས་ཀྱི་མཐོ་དམན་ག་ཤེད་ཤིག་ན
གློ་སྙིང་དང་ནང་ཁྲོལ་གང་ཞིག་ཉུང་དུ་སོང་བའང་ཤེས་མེད
དེ་ནས་བཟུང
ལག་པའི་སྣེ་མོ་ནས་ཤོར་སོང་བའི་ལག་པ་དེ
དང་ཐོག་མ་ནས་རང་ལ་དབང་གི་མེད་པའང་ཤེས་མེད།
༢༠༡༦/༢/༡༩ཕྱི་དྲོ།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།