རོང་བོ་གངས་དཀར་གྱི་སྙན་ངག་རིང་མོ《དབྱངས་ཀྱི་འོད་ཟེར》

592

ངངང.JPG

      __རོང་བོ་གངས་དཀར།  མིང་དངོས་ལ་དོན་ཡོད། ལོ་རབས་བརྒྱད་ཅུ་བའི་སྟོད་དུ་རེབ་གོང་རོང་བོ་སྡེ་བ་ནས་སྐྱེས། ལོ་བཅོ་ལྔའི་སྟེང་ནས་རེབ་གོང་རོང་བོ་དགོན་ཆེན་གྱི་ཚོགས་གྲལ་ཏུ་ཞུགས་ནས་འདོན་ཆོས་སྤྱོད་དང་ཐུན་མོང་རིག་གནས་ཀྱི་སྐོར། བསྡུས་གྲྭ་སོགས་ལ་སྦྱངས་བ་བྱས་ཤིང། ༢༠༠༡ལོར་དབུས་ཀྱི་སེ་ར་དགོན་པར་ཞུགས་ནས་རྣམ་འགྲེལ་དང་ཕར་ཕྱིན། དྲང་ངེས་སོགས་ཀྱི་གཞུང་ལ་ཞིབ་སྦྱངས་བྱས། ཞོར་ཏུ་རྩོམ་རིག་གི་བརྩམས་ཆོས་མང་པོ་གཞུང་སྒེར་གྱི་དུས་དེབ་དང་དྲ་ལམ་ལ་སྤེལ་མྱོང་། ༢༠༡༡ལོར་སྙན་དེབ《མདུད་པ》ཅེས་པ་པར་ཏུ་བསྐྲུན་ལ། ད་ལྟ་མུ་མཐུད་ནས་སློབ་གཉེར་ལ་བརྩོན་གྱིན་ཡོད།



ཁྱེད་ནི་གནམ་འོག་གི་རྟ་ཕོ་ལྗང་གུ་དེར་བཅིབས་ནས་འགྲོ་ཐེངས་རེར།
གཡས་གཡོན་གྱི་གེ་སར་སྡོང་བུ་ལས་འཁྲུངས་པའི་རྣམ་ཤེས་དེ།
བདག་ལ་འཆི་འཕོ་དང་སྡིག་སྒྲིབ་ཀྱི་བརྡ་ཡིས་མ་གོས་པའི་གསོལ་རས་སུ་གནང་ཞིང་།
དེ་ལ་བརྟེན་པའི་གྲུ་གཟིངས་ཆེན་པོ་ཞིག་གི་ཕད་ཀའི་ནང་།
འགྲོ་བ་ཆེན་པོ་དང་།  ཟ་མ་ཏོག
བཙག་མ་ཐུབ་པའི་གསེར་ཕྱེ་དང་དངུལ་ལོར་གྱིས་ཁེངས་འདུག
 
འདང་རྩིས་ཆེན་པོར་བྱེད་པའི་གསེར་ཟངས་ཀྱི་སྐུ་བརྙན་དང་།
རྨི་ལམ་ཕ་རོལ་གྱི་གཡག་དང་གངས་རི།
མཆེ་སྡེར་ལ་འགྱིང་བའི་དཔའ་བོ་ཞིག་གི་སྨོན་ཚིག་ཏུ།
ཁྱེད་ནི་ཡིད་འོང་གི་སྨད་འཚོང་མ་ཞིག་གི་ཞབས་ཞུ་བྱེད་ཅིང་།
འཁོར་བའི་ཕུན་ཚོགས་ཀྱི་ལ་ཁ་ན་འགྱིང་བའི་སྤྲིན་དཀར་གྱི་ཚོམ་བུ་དག་ནི།
དངུལ་དཀར་གྱི་མནྜལ་དང་ས་གཞི་ལ་བྱིན་ཆོག་བྱེད་པའི་སྟབས་བདེ་བའི་ཕྱག་རྒྱ་ཡིན།
 
རྒྱང་རིང་བའི་ལྷ་ས་དང་བསམ་ཡས།
འཇིག་རྟེན་ཞིག་གི་ཡང་སྟེང་ན་འགྱིང་བའི་ཤེལ་གྱི་ཕོ་བྲང་།
བསམ་ཕྱོགས་ཤིག་ལ།  གཞོན་ནུ་དེའི་ཕྲག་པ་གཡས་པ་ནི་འགྲོ་དྲུག་གི་རྐང་པ་སྤོ་ས་དང་།
ཕྲག་པ་གཡོན་པ་ནི་ཁྱེད་ལ་ཞབས་ཁྲུས་བྱེད་པའི་གསེར་གྱི་གཞོང་བ་དེ་བྱེད།
 
མྱོང་ཐབས་མི་འདུག་པའི་བདག་སྒྲ་དང་ཟིན་ཐབས་བྲལ་བའི་རེག་བྱ།
ལྟོ་བ་ཆེན་པོ་ཞིག་ལ་འཐིམས་པའི་གསེར་མདོག་གི་གངས་སེང་།
ཚོད་མེད་དུ་དཀྲོལ་བའི་པི་ཝང་གི་རྒྱུད་སྐུད་ན།
ངས་འཚོལ་བའི་ཁྱེད་རང་མི་འདུག
 
ཁྱེད་ནི་ཡང་སྟེང་ན་བཞུགས་སྟེ།
ཁྱེད་ནི་དབུགས་རྒྱུན་ན་འཚབ་པའི་སྒྲ་དབྱངས་ཤིག་གི་སྲུབས་ཀ་ན་བཞུགས།
གས་ཆག་ཏུ་མ་གྱུར་བའི་ངོ་གདོང་དང་རྒྱ་སེ་ཡི་དྲི་མ་ཤིག་གེར།
འཚོ་བའི་དབྱིངས་རིམ་གྱི་དུ་སྨུག་ཁྲོད་དུ་འཚོ།
 
ཇི་ལྟར་བཙལ་ཀྱང་མ་རྙེད་པ་དེ།
ཚངས་དབྱངས་རྒྱ་མཚོའི་གཟན་ཁུགས་ནས་ཤོར་བའི་དུངས་ཞེན་དེ་ཡིན་འདུག་ཅིང་།
ཁྲེལ་གཞུང་གིས་བརྒྱན་པའི་བོད་པ་དང་རྒན་མོ་དེའི་འཛུམ་མདངས་ཀྱི་ཤུགས་ལ་ཤོར་འདུག
 
དཔྱིད་ཀྱི་དྲི་མས་སྦགས་པའི་ལྗོན་ཤིང་གི་མེ་ཏོག་དང་འཁྲི་ཤིང་གི་ཡལ་ག
རླུང་དང་ལྷན་པོར་འཐམ་འཁྱུད་ཀྱི་རྣམ་འགྱུར་རེ་རེ་གསལ་ཞིང་དག་ལ།
བུ་མོ་ཞིག་དྲན་པའི་གདུང་བ་མཐའ་མེད་ཀྱི་རྐང་རྗེས་ན།
ལ་གཞས་ཚན་པ་གཅིག་གི་ཚིག་རྐང་ཕྱི་མ།
ཆུ་འཁྱིལ་ལྟ་བུའི་སེམས་ཀྱི་གཤོང་ཁུགས་ལ་ཟགས།
 
དབྱངས་ཀྱི་བདག་པོ།  ཚ་གཅུན་གྱི་དབྱངས་རྟ།
བ་ལང་གི་རྫི་བོ་ཡིན་ངེས་ཀྱི་རྒྱ་གར་བའི་སློབ་དཔོན།
ནག་མོ་འཁོལ།  
 
ཞོགས་པ། ལྷོད་པོར་ལྡང་བའི་རི་ཤོད་ཀྱི་སྨུག་སྤྲིན་དག་གིས།
ཚ་དུབ་གཞོམ་པའི་ཆུ་རྡུལ་གྱི་ཕུང་བོ་རེ་རེ་འཁུར་འོངས་ལ།
ཁྱེད་ཀྱི་བློས་དཔག་དང་དཔའ་མཛངས་ལ་ཤར་བའི་ཚོར་ཕུང་རེ་རེས།
མཆོད་མེ་བཞིན་བསྟར་བའི་འགྲོ་དྲུག་གི་སྤྱི་གཙུག་ལ་བརྒྱན་ཅིང་།
ཉལ་ཐ་དང་བཾ་བྱུང་འདྲེས་པའི་ཆང་རག་གི་རུ་རྩིར་ཐིམ།
 
བྱོལ་ཐབས་མི་འདུག་ལ། འབྲོ་ཐབས་མི་འདུག
གོམ་ཞེང་ན་བརྟན་པའི་ས་གཞི་དང་དེའི་སྟེང་ན་སེར་བའི་ཞག་རྩི།
བློ་རྣོ་བའི་བློན་པོ་ཞིག་གི་མདའ་དོང་ན་ལུས་པའི།
འཁོར་བའི་ལྕགས་སྒྲོག  བུད་མེད་ཀྱི་དྲི་ཞིམ།
 
ཤར་ཕྱོགས་ནི་འབྲོག་པ་རྒན་པོ་ཞིག་གི་རུམ་ན་ལུས་པའི་ཤ་སྐམ་དང་ཞུན་མར་ཡིན་ལ།
འབྲོག་པ་རྒན་པོ་དེ་ནད་ཀྱིས་མནར་ནས་བུ་ཆུང་ལ་ཁ་ཆེམས་བཞག་ཅིང།
གྲོང་ཁྱེར་གྱི་འུར་ཟིང་གིས་ལུག་ལྷས་དང་ནོར་ལྷས་ཀྱི་གདང་ཁ་གཅོད་པར་དོགས།
 
ཁྱེད་ཀྱིས་ང་ལ་གནངས་པའི་དར་ཚོན་དང་སྲུང་འཁོར་ནོག་སོང།
ཁྱེད་ཀྱིས་ང་ལ་གདམས་པའི་བེའུ་བུམ་དང་མན་ངག་བརྗེད་སོང་།
གྲུ་གཟིངས་ཆེན་པོ་འདིས་ང་རང་འཁྲིད་འཁྲིད་པའི་མཐའ་མར།
ཧི་མ་ལ་ཡའི་གཡས་ཟུར་གྱི་ཁྲོམ་སྲང་ནས།
ལ་དྭགས་པ་ཞིག་གི་སྐེ་རྒྱན་ཇག་པས་ཕྲོགས་སོང་།
 
ཀྱེ་ཀྱེ།  དབྱངས་མཁན།
ས་སྲོས་ཀྱི་ཆུ་སྤྲིན་བཞིན་དམར་བའི་ལོ་ཏོག་གི་མཆུ་འདབ།
མཚན་མོའི་དུས་སུ་ཆུ་སྐྱར་ཚོགས་ཀྱིས་སྐད་དམའ་མོའི་གླེང་མོལ་བྱེད་ལ།
དེ་རིང་གི་ནམ་ཟླ་དང་སང་ཉིན་གྱི་ས་ཡོམ་ནི་བརྗེད་པར་དཀའ་བའི་གླེགས་བམ་ཀྱི་ངོས་གཉིས་ཡིན།
 
ཁྱེད་ནི་ངོས་གཅིག་ལ་འཐམ་རོགས།
ངོས་གཅིག་ན་འཇིག་རྟེན་པའི་རྡུལ་དག་པའི་ལམ་ཡིག་སེར་པོ་ཞིག་འཁོད་ལ།
དེའི་སྙིང་བོར་འཁོད་པའི་གཟུངས་སྔགས་རིང་བོ་དང་མ་ཎི་ཡིག་དྲུག
ད་དུང་ཆོས་རྒྱལ་གྱི་གདུང་རབས་གྲུ་ཟུར་མ་ཉམས་པ་དག་ནི།
བོད་པ་རྣམས་དགའ་བའི་ལེགས་སྐྱེས་དང་འཛད་མེད་ཀྱི་ངག་རྒྱུན་དུ་བསྲིངས།
 
ཡང་ན་རྒྱང་རིང་སོང་། ཡང་ན་ཐག་ཉེ་སོང་།
སོང་སོང་བའི་མཐའ་མ་ཐོན་ཐབས་མི་འདུག་ལ།
ཕྱིར་བལྟས་པའི་མིག་ལམ་ན་ཁྱེད་ནི་བདག་གི་རྐང་རྗེས་དང་ལྷན་དུ་འཁྱིལ།
 
ཆར་མཚན་གྱི་མེ་ཕུང་དམར་པོའི་མཐའ་ཁ་ནས།
དགོད་སྒྲ་གཅིག་པུས་བསྲེགས་པའི་འཇིག་རྟེན་པའི་བདེན་པ་དང་།
འཛུམ་མདངས་ཁོ་ནས་བསླུས་པའི་སེམས་ཁོང་གི་ན་ཟུག
ལུས་པོ་ཆར་གྱིས་བངས་ཤིང་གཟན་གོས་མེ་ལ་སྲོ་བའི་བྱུང་རིམ་མཐའ་དག
གློག་ཞགས་དང་འགྲོགས་ནས་འབྲུག་སྒྲར་ཐིམ་སོང་ལ།
ཆུ་བོ་བྲུག་ནས། ནམ་ཟླ་གནག་ནས།
ལོ་ངོ་དུ་མའི་བསགས་ནོར་དང་སྦྲ་ནག
ལོ་རྒྱུས་ཀྱི་རྟ་གོང་ན་འཚེར་བའི་དུས་ཚོད་འཁུར་སོང་།
 
ཕངས་སེམས་དང་ན་ཟུག  རྨི་ལམ་དུ་ཤར་བའི་ཕོ་བྲང།
རྟ་ཁ་ཡུན་གྱིས་བསྒག་པའི་བར་གསེང་གི་དྲན་གདུང།
 
སྙོབ་ཐབས་མི་འདུག་པའི་དབྱངས་ཀྱི་འདེགས་འཇོག་དང་།
ན་ཟུག་གི་ཕྱི་ནང་ཤན་པའི་གསེར་མགར་གྱི་ལྕགས་ཀྱི་ཐོ་བས།
ཏིང་ཏིང་ཐག་ཐག་གིས་ཁྱེད་ལ་མཆོད་པའི་རྐོང་བུ་ཞིག་བརྡུངས་ཤིང་།
དེའི་སྟེང་གི་གཡུང་རིས་དང་ཅོད་པན་གྱིས།
བསྐལ་བའི་བར་གྱི་ཐེ་ཚོམ་དང་ཆུ་བུར་གྱི་རྣམ་རྟོག་ཐགས་སུ་བྲེས།
                                              
                                                                    2011,04,27ཉིན།
 
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།