
འཕྲིན་ཡིག
འཆི་བས་ཉེན་པའི་མིག་ནི་ཀེམ་ཀེམ་གཡོ་བའི་དུས་ཀྱི་ཚེ།།
བསོད་ནམས་རྫོགས་པའི་ཁྱེད་ཀྱི་སྒོ་དྲུང་དག་ལ་རྟག་ཏུ་ནི།།
རེ་བའི་རི་མོ་མ་ལུས་འབྲི་བའི་ཚངས་པ་ཆེན་པོ་སྟེ། །
བདག་གི་སེམས་ནི་ཡོན་པོར་འགྱུ་ཞིང་སྲེད་པའི་རླུང་ཤུགས་ཀྱིས།།
གང་དུ་བདས་པའི་སྡུག་བསྔལ་ཁྱེད་རང་དྲན་པས་ཞི་བར་མཛོད།།
ཐེག་པའི་ལམ་དུ་འཕྱན་པ་ཡི། །
ཁྱེད་ཀྱི་བྱིན་རླབས་ནམ་མཁའི་ཀློང་། །
ཕབ་པས་བདག་གི་ལུས་དང་སེམས། །
ཙན་དན་བྱུགས་པ་བས་ཀྱང་བསིལ། །
ལུས་ཀྱི་སྟོད་སྨད་ཡོངས་སུ་བསལ་བྱས་པས།།
ནང་གི་མུན་པ་དྲུང་ནས་འབྱིན་མིན་ཡང་། །
ཡིད་ཀྱི་དེ་ཉིད་མཚོན་པའི་མེ་ལོང་གིས། །
ཁོ་བོའི་དུས་གསུམ་རྗེན་པར་རྟོགས་པར་འགྱུར།།

ཐོལ་རྩོམ།
མཚན་ཡང་ཉིན་མོར་བྱེད་པའི་བཞིན་གྱི་ཟླ་བ་དེ་མཐོང་བས།།
འཁྱོག་ལ་འཕྱང་བའི་ཡིད་ཀྱང་དྲང་བོའི་ལམ་དུ་ཞུགས་ནས་སུ།།
འབད་པས་མ་གོས་རང་བྱུང་ངག་གི་རྒྱུད་མངས་བདུང་བ་ལ། །
ལས་ཀྱིས་བདས་པའི་སོར་མོའི་ཚོགས་དག་དལ་བ་མེད་པར་འགུལ།།
འདུ་འཛིས་བཏང་བའི་ནགས་ཀྱི་ཁྲོད། །
ཤིང་ཤུན་གྱིས་མཛེས་སྒོམ་པ་བ། །
འགྲོ་དང་འཆག་པའི་བསེར་བུ་དེས། །
ཁྱེད་ཀྱི་ཡོན་ཏན་བརྗོད་པ་ལྟར། །
མདུན་གྱི་སྤྲིན་རྣམས་བཞུར་བ་ལ། །
རེ་བའི་ཕྱག་རྒྱའི་ལང་ལིང་གར། །
བསྒྱུར་དང་ལྷན་ཅིག་མགྲིན་པ་ལས། །
བཟླས་བརྗོད་ཇི་སྙེད་ངག་ལ་འཁྱིལ། །

རིག་བྱེད་མེ་ལོང་།
གང་ཞིག་མ་བྲིས་པ་ཉིད་ལས། །
འཁྱོག་པོའི་མིག་གི་མདའ་ཅན་དེ། །
བསགས་པའི་ལས་ཀྱིས་བཀུག་པའི་ཚེ།།
ཕྱི་ལ་བཤོལ་བར་ནུས་མ་ཡིན། །
སྐྲག་པའི་ཉམས་ཀྱིས་ལུས་སྐྱེས་ནི། །
ཀུན་ཏུ་གཡོ་བའི་ནགས་ཀློང་དུ། །
ཏིང་འཛིན་ལ་བརྟེན་ཤིང་དྲུང་བ། །
རི་དྭགས་རྨས་མ་བཞིན་དུ་འདར། །
དྲན་པ་དང་ནི་དྲན་ཤེས་ཀྱིས། །
ངག་ནི་རྣམ་པར་མི་སྨྲ་ཡང་། །
བཞིན་གྱི་ཁ་དོག་དུད་པ་དེས། །
དེ་ཡི་ནང་གི་རི་མོ་གསལ། །
སྤྱི་བོར་བཀུར་བའི་ལྷ་མོ་ཆེ། །
དབུ་སྐྲ་སིལ་བུར་འཆང་མཁན་གྱི། །
དབྱངས་ཀྱི་རྒྱལ་མོའི་གྲེ་བ་ལ། །
རིག་བྱེད་ཚིག་དག་ཁྱེད་ཕྱིར་བརྩམས།།
ཁྱེད་ནི་གཟུགས་མེད་སྟོང་བའི་ཁམས།།
གང་ལ་གོམ་པ་འགོད་མཁས་དེ། །
རྨི་ལམ་དུ་འང་གྲིབ་མའི་རིས། །
མྱུར་བ་མྱུར་བ་བསྟན་ནས་འོང་། །
བསྙེན་ཅིང་བཀུར་བའི་བདག་གི་ཡིད།།
མེ་ལོང་དུ་སྤྲུལ་འཕྲུལ་བའི་ངོར། །
དུས་རྣམ་ཀུན་ཏུ་གསལ་བ་ལ། །
རིག་སྔགས་མཁན་དེ་ཁྱེད་མིན་སུ། །

གྲོགས་པོར་སྤྲིངས་པ།
བསོད་ནམས་དམན་མིན་འབྲས་བུ་དེ་འང་ཕུན་ཚོགས་པས།།
ཀུན་ཏུ་རྒྱུ་བའི་གྲགས་པ་དབྱིངས་སུ་རྫོགས་གྱུར་ན། །
བགྱི་བ་ཇི་སྙེད་དྲང་སྲོང་དགྱེས་པའི་སྲི་ཞུ་རུ། །
ཕུལ་བ་དེ་ཀོ་བསྐལ་བའི་མཐར་ཡང་མི་ཉམས་ཤོག །
གང་ཕྱིར་ཞབས་ཀྱི་རི་མོ་ནི། །
སྦྲང་རྩི་དང་བཅས་པདྨོ་བཞིན། །
གནས་དེ་མཛེས་པ་ལྷུར་ལེན་དུས། །
སྐལ་ལྡན་བུ་རྣམས་སྐྱོང་བར་བྱེད། །
ལྷ་དང་བླ་མ་མཆོད་པའི་ཚུལ་དེ་ནི། །
གསེར་དངུལ་མ་ལགས་དབང་དང་གྲགས་པ་མིན།།
དེ་ནི་བསྟན་དང་འགྲོ་ལ་སྨན་སླད་དུ། །
རྣམ་མང་རིག་པ་ཟས་སུ་སྟོབ་དེ་འོ། །
གཞན་གྱིས་མ་ཡིན་ཐུན་མིན་རིག་པ་ཡི། །
མི་འཛད་བང་བ་བཀྲམ་པའི་ཚུལ་དེ་ལས། །
གང་ཡང་འཚིམ་པའི་ཆོ་ག་བསྟར་གྱིས་ལ། །
ཟོལ་གྱིས་འགྱིང་རྣམས་རི་མོའི་ལམ་དུ་དྲོངས།།
རིག་བྱེད་མཁན་གྱི་སོར་མོའི་རྩེར། །
འཕྲིན་གྱི་བྱ་མ་རྟ་འདི་ཉིད། །
གློ་བུར་བསླེབས་པའི་འདུ་བྱེད་ཀྱིས། །
ཡུན་ཐུང་དུས་ལ་དེ་གར་མངགས། །

གནས་མེད་པ་བ་ཞིག་ལ་སྤྲིངས་པ།
ཟླ་བ་འགྲིབ་ཅིང་དྲིས་བགོས་པ། །
ཁྱེད་ལ་ལྟ་ཅི་བདག་ལ་འང་། །
མཚུངས་པའི་ཡོན་ཏན་ལྡན་མིན་པ། །
སུ་ཞིག་གིས་ནི་རྒྱན་དུ་འཛིན། །
མཛེས་པའི་དཔལ་གྱིས་པདྨ་ལ། །
རྐང་བ་རྣམ་པར་རེག་པ་འདིས། །
སྙིང་རྗེས་བརླན་པ་ཁྱེད་ཀྱི་གཤིས། །
གདུག་ཅིང་རྩུབ་པ་མ་ལགས་གྲང་། །
བས་མཐའི་མིག་ཟུང་ཀེམ་ཀེམ་གཡོ། །
སེམས་ཀྱི་གསང་བ་རྣམ་པར་གཡོ། །
ལུས་ཀྱི་བ་སྤུ་ལང་ལོང་གཡོ། །
ངག་གི་ཡི་གེ་ཡིད་ཀྱིས་གཡོ། །
རྟོག་པས་ཀུན་ཏུ་འཛིན་པ་ཡི། །
གཅིག་བུ་བ་ཁྱེད་བཞུད་པའི་སར། །
རྐང་བའི་སོར་མོ་དག་ལ་ནི། །
དགེ་བའི་རི་མོ་རྡུལ་གྱིས་བཏེགས། །
འདུ་འཛིས་བཏང་བའི་འབྲོག་དགོན་དུ།།
དྲན་པ་ལ་བཞག་ཁྱེད་ཀྱི་བློ། །
ཉི་མ་བཞིན་དུ་གསལ་བ་དེས། །
གང་ཞིག་དོན་རྣམས་རྟོགས་པར་ཤོག །
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།