
__ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་ཤིང་། ད་ལྟའི་བར་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་གི་ཚགས་དེབ་དང་དྲ་བ་སོགས་སུ་བཀོད་དང་འགོད་མུས་སུ་མཆིས་ལ། སྙན་ངག་དང་ལྷུག་རྩོམ་རེ་འགའ་དབྱིན་ཇི་དང་རྒྱ་ཡིག་སོགས་སུ་བསྒྱུར་ཡོད། ལྷུག་རྩོམ་སྙན་ངག་དེབ《ཕར་རྒྱབ་ཀྱི་ལོ་ཟླ》ནི་སྙན་དེབ་ཐོག་མ《ཕུག་རོན་གྱི་རྣམ་ཤེས》ཞེས་པ་པར་བསྐྲུན་བྱས་རྗེས་ཀྱི་རྩོམ་དེབ་གཉིས་པ་ཡིན་པ་དང་། རྩོམ་སྒྲིག་པ་དང་དགེ་རྒན་གྱི་ལས་ཀ་གཉེར་མྱོང་། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་མི། བོད་པའི་དེང་རབས་སྙན་ངག་གི་དཔུང་སྡེ་གསར་པ་མི་རབས་གསུམ་པའི་རྐང་འཛིན་ཚོགས་མི་བཅས་ཡིན།
དུས་ཚོད།
སྟོན་སླེབས་ཚུལ་གྱི་འགྱུར་བཟོ་དོད་པོ་དེས
ལོ་མ་ཤོག་བུ་བྱས་ཤིང
ལྗོན་པ་སྨྱུ་གུ་ཡིན་པའི་ཟིན་ཐོ་རེ་རེ
རླུང་བུས་རྒུམ་ཚུལ་ལ་གོ་རིམ་མི་འདུག
ཁྱེད་ཀྱི་ཞེ་ལ་ཐོགས་པའི་ན་ཟུག་གིས
ལྕགས་ཀྱི་གཟེར་མ་གངས་རིའི་སྤོ་རུ་བརྒྱབས་པས
ཁྲག་གི་ཐིགས་པ་རེ་རེས་ས་ཆེན་པོའི་སྙིང་ཁ་བརླན་ཞིང་གཤེར
སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་དང་སྤྲིན་པས
ཆུ་མོར་བརྡོལ་བའི་ཡིག་འབྲུ་ཀུན
ནམ་མཁའ་དང་སྤྲིན་པའི་རྡང་ལ་བཏེགས་ཤིང
རྣར་གཟན་ཞིང་མིག་བརྩེ་བའི་གཏམ་རྒྱུད་ཡོད་ཚད
ཁྱེད་ཀྱི་དཀར་ཡོལ་འབྲུག་མའི་ཇ་ཕོར་ནང་དུ་ཉར་ཅིང་མཆིས
སྟོན་ལོ་སྟོན་ལོའི་སྟེང་དུ་ཞོན
རླུང་བུ་རླུང་བུའི་རྗེས་སུ་གཤེགས
དུས་ཚོད་ཁོ་ནས་གྲོང་ཚོ་ཆུང་ཆུང་འདི་བསྡམས་ཤིང་བཀྱིགས་པས
ཁྱེད་ཀྱི་རྒྱབ་ཕྱོགས་སུ་གངས་རི་ཡོད་མེད་སུ་ཡིས་བསྙོན
དུས་ཚོད་ཀྱི་ཚེ་སྲོག་མདའ་ཡིས་བཀུམས་པའི་བཙན་པོ་སུ་ཞིག་གདའ
སུ་ཡིས་ཀྱང་འོད་ཟེར་གྱི་འདོགས་ཐག་གློད་མི་སྲིད་དེ
ཉི་མ་དང་ཟླ་བའང་དུས་ཚོད་ཁོ་ན་ལ་དབང་ངོ་།།
2016.9.27ཉིན།

ཟླ་དགུ་བ།
ཟླ་དགུ་བར ཕར་རིའི་སྤོ་རུ་བཙུགས་ཤིང
ཚུར་རིའི་རྡང་ལ་བཏེགས་པའི་བརྩེ་བ
ཆུ་མོའི་གཞོང་དུ་འབབ
ཟླ་དགུ་བ་ནི་ལྡེབས་རིས་ཤིག་རེད
གླུ་གཞས་ཤིག་རེད སྙན་ངག་ཅིག་རེད
ད་དུང་མཛེས་སྡུག་གི་རྨི་ལམ་ཞིག་ཀྱང་ངོ
ནམ་མཁའ་སྔོ་ཡུག་ཡུག་གི་མེ་ལོང་ཞིག
ས་གཞི་སེར་ལམ་ལམ་གྱི་ས་སྲོད་ཅིག
ད་དུང ཡུལ་མི་ཚོའི་རྔུལ་ཆུ་དག
གསེར་གྱི་གཞོང་བའི་མཐིལ་དུ་ཐིག་ལེར་འགྲིལ
ས་གཞི་དང་ནམ་མཁའ་ཧྲིལ་བོར་ཚོན་མདངས་བཀྲ
ཕ་ཡུལ་དང་རི་ཆུའང་ཚོན་མདངས་ཉིད་དེ
ནོར་ལུག་དང་སྟོན་ལོའང་ཚོན་མདངས་བཀྲ་བའི་སྐར་ཚོམ་དང་མཚུངས
ཟླ་དགུ་བས སུ་ཡི་ཞེན་ཆགས་དང་ལོངས་སྤྱོད་ཁྱེར་ནས་འགྲོ
ཁ་རོག་གེར ཁ་རོག་གེར
སྣུམ་ཚོན་གྱི་རི་མོ་ཞིག་ཁྱུར་མིད་བཏང་རྗེས
བསིལ་རླུང་གིས་རལ་གྲི་ཞིག་འཕྱར་ཅིང་འོང
མེ་ཡི་ཐ་སྙད་ཚོགས་འཇིགས་སླ་བའི་རལ་གྲི་དེ་ལ་དངོ་མི་འདུག་ཀྱང
རི་ཆུར་རྡེག་ནས་རྨས་པར་བྱེད
ཉི་འོད་འགེམ་ནས་བསྣུན་བར་བྱེད
ཏག་ཏག དུས་ཚིགས་འདིར
ལོ་ཟླ་གྲངས་མེད་འདས་རྗེས་ཀྱི་དུས་ཚིགས་འདིར
རྗེས་ལུས་ཐེབས་པའི་ཁུག་རྟ་ལྷོ་ཕྱོགས་སུ་འཕུར་སོང
ལོ་ལེགས་བྱུང་བའི་འབྲུ་རླབས་དྲག་ཆར་གྱིས་བསྡུས་སོང
བརྩེ་བ་འཕྱུར་བའི་སྙན་ངག་པས་རང་ཤི་བརྒྱབས་སོང
རེ་བ་དང་ཉམ་ང་འཁུར་བའི་སྟོན་ལོ་རྒྱང་དུ་བཞུད་རྗེས
ས་ཆེན་ལ་སྡུག་ཡུས་ཁོ་ན་བསྐྱུར ཟླ་དགུ་བ།
2016.9.28མཚན།

ལྡེ་མིག
རྐང་གཉིས་ས་ལ་བཙུགས
མིག་ཟུང་རྒྱང་དུ་གཏད
ས་རྡུལ་ཁྲོད བྲང་ཁོག་ཁ་ཕྱེ་སྟེ
ས་ཆེན་གྱི་བརྩེ་བའི་ཁ་བ་དང
སྣང་བའི་རི་མོ་དག་དྲན་པའི་ནང་དུ་བཅུག
སུ་ཞིག་གི་མྱོས་བུམ་དང་མཆུ་སྒྲོས
ས་སྲོད་ཀྱི་གདང་ལ་བཏེགས་ཤིང་འབྱར
རི་བོའི་ཕར་རྒྱབ་ནས དུས་ཚོད་ཅིག་མངོན
དུས་ཚོད་ཀྱི་མདའ་ཁབ་རྩེ་ནས་རེ་བའི་ཁྲག་ཐིགས་འཛར
ཕྱི་རོལ་གྱི་ལྗོན་པ་གཅེར་བུ་དག
གྲང་རླུང་གི་རལ་གྲི་གང་གིས་ཀྱང་གཏུབ་གཅོད་མ་ཐུབ
ནང་སེམས་ཀྱི་སྡུག་བསྔལ་ལ་ལྕགས་ཟྭ་བརྒྱབ་པའི་ལྡེ་མིག
རྒྱང་རིང་ཡུལ་དུ་གྱར་བས
མཚན་མོས་མུན་ནག་ཁྲོད་སྙན་ངག་ཟེར་བའི་ལྡེ་མིག་ཅིག་གནང་སོང་།
2016.2.1མཚན།

མེ་ལོང་།
མེ་ལོང་ནི་དྭངས་གཙང་དང་མཛེས་སྡུག་མཐོང་བྱེད་ཅིག་ཡིན
མེ་ལོང་ནི་འོད་སྣང་དང་མུན་པ་དབྱེ་བྱེད་ཅིག་ཡིན
མེ་ལོང་ལས་ཉེས་པ་ལྟུང་བར་བྱེད
མེ་ལོང་ལས་སྡིག་པ་བཤགས་པར་བྱེད
མེ་ལོང་ལས་གནམ་ས་སྒུལ་བར་བྱེད
མེ་ལོང་ནང་གི
ཞོགས་པ་དང་ས་སྲོད་རེ་རེའི་བསྐྱར་ཟློས་ཁྲོད་དུ
མི་ཚེ་ཡི་བཞུད་ལམ་དང
ཚེ་སྲོག་གི་སྐྱེ་འཆི་མཐོང་བར་བྱེད
འོན་ཀྱང མེ་ལོང་ནང་དུ
བདག་དང་བདག་གི་སྙན་ངག་མི་འདུག
2016.1.9ཟི་ལིང་།

སྔོན་པོ།
ཟླ་བ་སྔོན་པོ
གཙང་བོའི་མདངས་ལ་འདྲེས
བརྩེ་བ་སྔོན་པོ
ནམ་མཁའི་མཐའ་རུ་མཆེད
མིག་ཟུང་སྔོན་པོ
སྒྲོན་མེའི་འོད་ལ་འཁུ
དེ་ལྟ་ན རྨི་ལམ་སྔོན་པོ
ལོ་མ་ཞིག་ས་རུ་ཟགས་པ་དང་མཚུངས།
2016.1.9ཉིན་ཟི་ལིང་།

གཤོག་པ།
སྡུག་གི་གཤོག་པ
སྐྱིད་ཀྱི་གཤོག་པ
གཤོག་པའི་སྟེང་གི་ལམ་རིས་གང་དུ་ཡོད
ཁེར་རྐྱང་ཡིན་པའི་ཟི་ལིང་གི་མཚན་མོ་འདིར
སེམས་ཀྱི་གཤོག་པ་བརྐྱངས་ནས་གང་དུ་འཕུར་ཨང
དོ་ནུབ རླུང་བུ་འུར་འུར་མཆེད་པའི་དོ་ནུབ
འཁྱག་ལ་འབྱར་བའི་རྡོ་བ་ཞིག
གྲོག་མ་དང་འབུ་སྲིན་ལྟ་བུའི
རྡོ་བའི་ནགས་ཚལ་འདིར
སྐར་ཚོགས་སུ་འཁྲུལ་བའི་གློག་འོད་ཆེམ་ཆེམ་ལ་ཇི་འདྲའི་ཞེན
དེ་ནི་མེ་དང་ཕྱེ་མ་ལེབ་ཡིན་མི་སྲིད
དེ་ནི་མཚན་མོ་དང་སྐར་ཚོགས་དེ་བས་ཀྱང་ག་ལ་སྲིད
དེ་ནི་བར་སྣང་དུ་བརྐྱངས་པའི་གཤོག་པ་ཞིག
དེ་ནི་གཤོག་པའི་སྟེང་གི་ཆུ་ཟིལ་ཉིད
མུན་པའི་གཤོག་པ
འོད་ཀྱི་གཤོག་པ
གཤོག་པའི་སྟེང་གི་རྨི་ལམ་གང་དུ་ཡོད།
2016.1.3མཚན་ཟི་ལིང་དུ།

ལྷིང་འཇགས་ཀྱི་ཞོགས་པ།
ལྷིང་འཇགས་ཀྱི་ཞོགས་པ་འདི་ལ
སྒེའུ་ཁུང་ཕྱི་རོལ་དུ་ཆར་ཟམ་ཟིམ་འབབ་ཀྱིན་འདུག
ཆར་ཟམ་ཟིམ་ཁྲོད བྱིའུ་ཆུང་ཞིག་ཀྱ་ཀྱུར་གྲག་གིན་འདུག
བྱིའུ་ཆུང་འདིས ཚང་མལ་ཞིག་མ་རྙེད་པའམ
ཡང་ན རང་གི་མ་ཡུམ་ལགས་དྲན་གྱིན་ཡོད་ངེས
ངས་གློ་བུར་དུ སེམས་ཀྱི་ཟབ་ས་རུ
ཞོགས་ཉི་འཇམ་པོ་དེ་དྲན
ཞོགས་ཉི་འཇམ་པོའི་ཁྲོད
རང་ཉིད་རྒྱང་རིང་རྒྱང་རིང་དུ་ཆས་ན་བསམ་ཞིང
རྒྱང་རིང་རྒྱང་རིང་དུ་སུ་ཞིག་གིས་རང་ལ་སྒུག་པ་དྲན
ཚོར་བ་དེས ངའི་སེམས་པ་གྱང་ལྡེབས་སུ་འབྱར
གྱང་ལྡེབས་ཀྱི་མེ་ལོང་ནང་དུ་ལྷུང
མེ་ལོང་ལས་ངས་བྱིའུ་ཆུང་དེའི་ཚང་མལ་མཐོང་ཞིང
ཐག་རིང་དུ་རང་ཉིད་ལ་སྒུག་པའི་མི་དེའང་མཐོང
ཟིལ་བ ཞོགས་པ་ནས་རྩྭ་ལོའི་སྟེང་དུ་འབྱར
དྲན་པ ཞོགས་པ་ནས་རྒྱང་རིང་ཡུལ་དུ་ཆས
ལྷིང་འཇགས་ཀྱི་ཞོགས་པ་འདི་ལ
བྱིའུ་ཆུང་གཅིག་པུ་ལས་གྲག་འགུལ་ཅི་ཡང་མེད་པས
ཆར་ཟིམ་གྱི་ཐིགས་པ་རེ་རེ སེམས་པའི་གཏིང་དུ་བབས།
2015.6.30ཞོགས་པར།

ཆར་སྡོད་བྱེའུ།
སྒྲོ་གཤོག་ལེབ་མོ་ཞིག
ས་སྲོད་ཀྱི་དུར་ཁྲོད་དུ་བསིལ་བསིལ་རླུང་གིས་འཁུར
ཆར་སྡོད་བྱེའུ་ཞིག
དུས་ཚོད་དང་ཉི་འོད་ཀྱི་མནར་གཅོད་ཁྲོད
ལྕུག་ལྕུག ལྕུག་ལྕུག་འདར
ཆར་སྡོད་བྱེའུས ལོ་ཟླའི་ཆར་རླུང་གི་འཇིག་པའི་ཁྲོད
ཡུན་རིང་ལ དབྱར་ལྗོངས་དང་ཚང་མལ་གསར་བ་ཞིག་ལ་རེ་ནའང
ནམ་མཁའ་སྔོན་པོ་ལས
སྤྲིན་གྱི་ཚིག་རོ་ལྷུང་ཞིང ཆར་གྱི་རྡོ་བ་བབས་པས
ཚང་མལ་ཆར་ཆུས་འཇིགས
ཕུགས་རེ་རླུང་གིས་འཁུར
གས་ཆག་ཤོར་བའི་ཉི་འོད་གསེབ་ཏུ
སྒྲེན་པོའི་ལྗོན་རྩེ་ན ད་ནི
ཆར་སྡོད་བྱེའུ་ལ་ཅི་ཞིག་ལྷག་འདུག་གམ།
2016.1.22ཉིན།

མུན་རུབ་རྗེས།
མུན་རུབ་རྗེས
མལ་ཁྲིའི་སྒང་ནས་མེ་ལོང་དུ་བལྟས་པས
རང་ཉིད་གཅེར་བུ་ཡིན་པ་མཐོང་ཞིང
གྲང་ཚོར་རྒྱས་པའི་གློག་སྒྲོན་ང་ལ་ཅེར་ནས
ཁྲེལ་འཛུམ་ལངས་པ་དང་མཚུངས
མུན་རུབ་རྗེས
ཁང་བ་འཁྱག་པ་འདིའི་སྒེའུ་ཡོལ་བརྒྱབ་མེད་པས་ན
གྱང་ངོས་སུ་ལྡེབས་རིས་སྣ་ཚོགས་མངོན་ཞིང
ལྡེབས་རིས་སྣ་ཚོགས་ཁྲོད
ང་རང་གཅེར་གཟུགས་ཡིན་པ་གཏན་ནས་མ་འཆར
ཡིན་ནའང ཡང་བསྐྱར་མེ་ལོང་དུ་ལྟ་དུས
སྔར་བཞིན་གཅེར་བུ་ཡིན་འདུག
མུན་རུབ་རྗེས
རྨི་ལམ་དུ
ངས་ཉི་འོད་གྱོན་འདོད་ཀྱིས་ཇི་ལྟར་རྒྱུག་ནའང
མུན་པའི་གཙང་བོ་ལས་བརྒལ་ཐབས་བྲལ
མ་གཞི་ཚེ་སྲོག་གིས་ང་ལ་རྩེད་མཚར་གནང་གིན་འདུག
འཇིག་རྟེན་མི་ཡུལ་དུ་ཡོང་དུས་གཅེར་བུ་ཡིན་ལ
འཇིག་རྟེན་མི་ཡུལ་དང་འབྲལ་དུས་ཀྱང
གཅེར་བུར་འགྲོ་དགོས་པའི་ལུང་བསྟན་གནང
མུན་རུབ་རྗེས……
2016.1.5ཟི་ལིང་དུ།

དུས་ཚོད་ཀྱི་ཕྱི་ནང་།
དུས་ཚོད་ཀྱི་ཕྱི་ནང སྐད་ཅིག་ཙམ
དུས་ཚོད་ཀྱི་ཕྱི་ནང ཇི་སྲིད་བར
ཚེ་སྲོག་ནི་དུས་ཚོད་ཀྱི་བྲན་གཡོག་ཉིད
ཁྱེད་ཀྱི་སྐྱེ་འཆི
ཁྱེད་ཀྱི་གདགས་གཞི
ཁྱེད་ཀྱི་དུས་ཚོད
ཆུ་ཡི་གྲིབ་གཟུགས་དང་རླུང་གི་འུར་སྒྲར་འདྲེས
དུས་ཚོད་ཀྱི་ཕྱི་ནང
མུན་པ་དང་འོད་སྣང་གིས་གཅུན་པས
ཡོད་ཚད་རྨི་ལམ་དུ་འཁོར་ཞིང་རྒྱུ
དུས་ཚོད་སྔོན་པོ
ནམ་མཁའ་སྔོན་པོ
སེམས་པ་སྔོན་པོ
སྔོན་པོ་མིན་པ་གང་ཞིག་གིས
ཁྱེད་ཀྱི་ཚེ་སྲོག་གི་སྒེའུ་ཁུང་སྒྲིབ་ཅིང་འོང
ཁྱེད་རང་ནམ་མཁའི་སྤྲིན་པ་མིན
ཁྱེད་རང་ས་གཞིའི་རྩྭ་ལྗང་མིན
ཁྱེད་ལ་དུས་ཚིགས་ཁོ་ནས་བརྩེ་བ་སྦྱིན་དགོས་མི་འདུག
ཁྱེད་ཀྱིས་སྤྲིན་ལ་བལྟས་ནས་གནམ་གཤིས་བརྟག་མི་ཤེས
ཁྱེད་ཀྱིས་ཞོགས་པ་དང་ས་སྲོས་རེ་རེར
དུས་ཚོད་ཁོ་ནར་སྒུག་པས་ཆོག
དུས་ཚོད་ཀྱིས་ཁྱེད་ལ་ཚེ་སྲོག་བསྐྲུན་ཞིང
དུས་ཚོད་ཀྱིས་ཁྱེད་ལ་འཆི་བའང་གནང་ངེས
དུས་ཚོད་ནི་ལོ་ཟླའི་སྙིང་ཁ་གཤགས་པའི་རལ་གྲི་དང
དུས་ཚོད་ནི་སྐྱེ་འཆིའི་ལམ་སྣེ་འདྲེན་པའི་འཆིང་ཐག་གོ།
2016.1.5ཟི་ལིང་དུ།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།