མེ་ཏོག་གི་རྡུལ་འཛིན་པའི་སྙན་ངག (ཁག་གསུམ)

418

IMG_7387.JPG

 
མེ་ཏོག་གི་རྡུལ་འཛིན་པའི་སྙན་ངག  (སྟོད་ཆ)


ངང་མོ་དེ་ནི་གཡོ་བའི་མཚོ་དང་ལྷན།།

རྣམ་པར་མི་གནས་རྟག་ཏུ་གདུང་བ་ཡི།།

ཁུར་འཆང་ལུས་ཀྱི་ལང་ཚོ་གཞོགས་ཕྱེད་དུ།།

ཕབ་པའི་རྨི་ལམ་ལ་འང་དངན་པ་ཤོར།།

                              ༡༠ ཚེས༢

དེ་ཚེ་ཡིད་ཀྱི་ལྗོན་པའི་ཚོགས་རྣམས་ནི།།

དུད་པའི་ཉམས་ཀྱིས་མཚན་མོར་ཉལ་བ་ན།།

ཀུན་ཏུ་རྟོག་པའི་འདུ་བྱེད་འཁྲིགས་པ་ཡི།།

བྱ་ཡི་རིགས་ནི་ཅ་ཅོའི་ཚིག་གིས་འཚོ།།

                                      ༡༠ཚེས༣

ཆུ་བོ་ཤང་ཤང་འབབ་པའི་སྒྲ་ཡིས་རྣ་བའི་སྒོ་གླེགས་བསལ་བའི་དུས།།

བདག་གི་ཡིད་ན་རིང་པོར་གནས་བཅས་རི་དྭགས་རྣམས་ནི་མི་ངལ་བར།།

སྐོམ་གྱིས་གདུང་བའི་མིག་ཟུང་ཕབ་བཞིན་རྫ་རིའི་ཕྲང་ལ་བཤར་བའི་ཚེ།།

ཁྱེད་ཀྱི་རི་མོ་འཛིན་པའི་ཟླ་བ་རི་བོང་འཛིན་དེ་གང་ལ་བྲོས།།

                    ༡༠ཚེས༤

འབར་བའི་མེ་ལ་འཐབ་པ་ཡི།།

ཕྱེ་མ་ལེབ་ཀྱི་གཤོག་པ་དེས།།

ཡོངས་བཟུང་རྨི་ལམ་གྱི་ཁྲོད་ན།།

ང་ནི་ཐལ་བ་སྤར་མོ་གང་།།

                   ༡༠-༤

མ་ཆགས་སྙིང་རྗེ་སྟོན་མཛད་བཅོམ་ལྡན་འདས།།

འཁོར་བའི་འདམ་ལས་འཁོར་རྣམས་སྐྱོབ་མཛད་པ།།

གང་གི་བདེན་པ་མ་རྙིང་མུ་ཏིག་དཀར།།

གདུང་བས་མནར་རྣམས་མཛེས་པའི་རྒྱན་དུ་ཕོབས།།

                    ༡༠-༥

རི་བོའི་ཟོམ་ལ་བསྐྱིལ་བ་དང་མཚུངས་སྨུག་པའི་ཁུག་པ་རིང་ཞིག་ཏུ།།

འཐེན་པའི་མཛེས་པ་ལྷུར་ལེན་དེ་ཡི་གསེབ་ཀྱི་རི་ཁྲོད་དེ་ཡང་ནི།།

ཁྱེད་ཀྱི་རྡོག་པའི་དཔལ་བྱིན་མགྲིན་ལས་ཐོར་བའི་ཆོས་ཀྱི་དབྱངས་ཉིད་ལ།།

རྟག་པར་རྗེས་ཆགས་གང་ཞིག་སེམས་ཀྱི་གླང་པོ་དེ་ཚོ་དེ་ལ་བཏགས།།

                    ༡༠-༥

རྟག་པར་ཡིད་ནི་རབ་གཡོ་ཀེ་ས་ར་བཞིན་སྦྲང་རྩིའི་རྡུལ་གྱིས་བརླན་བྱས་ཤིང་།།

ཨུ་མའི་བདག་པོ་ལ་འང་སྲེད་པ་སློང་བའི་སྐྱེ་རྒུའི་ཁམས་ཀྱི་རིག་སྔགས་མཁན།།

ཁྱེད་ཀྱི་མིག་ལ་མེ་ཏོག་མདའ་ཅན་གྱིས་བསླད་ཁ་ཡི་ཆང་དང་དྲི་ཞིམ་གྱིས།།

དཀའ་ཐུབ་སྤྱོད་རྣམས་དཀའ་ཐུབ་ལས་ལྡོག་ཉེས་པའི་ཉེས་པ་ཐམས་ཅད་རི་མོར་བྱེད།།

      ༡༠/༥

དུམ་བུར་ཆད་པའི་སྤྲིན་གྱི་ཚོམས།།

དབྱིངས་འདི་སྒྲིབ་སླད་ཆས་པའི་སྐབས།།

བདག་ལུས་བ་སྤུའི་རྩེ་མོ་ལས།།

ཉི་ཟེར་གྱིས་མནར་རྔུལ་རྣམས་འབྱིད།།

ཚེ་རབས་རབས་ཀྱི་ལས་ཀྱི་ལས།།

ཉེ་བར་འཁྲི་བའི་རྨི་ལམ་དུ།།

ཕྱིར་ཕྱིར་གཟིགས་པའི་རྗེ་བཙུན་མས།།

རེ་ཞིག་མི་སྨྲའི་སྤྱོད་པ་འཆང་།།

                       ༡༠/༥

ས་ལ་རི་མོ་འབྲི་བར་བྱེད་པའི་མཛུབ་མོའི་རྩེ་ནི་མེ་ཏོག་དང་འདྲ་འདབ་མ་མང་པོ་གས་པའི་སྐབས།།

མིག་གཉིས་ཀོང་བའི་གྱུར་བའི་ཁྱེད་གདོང་མཆུ་སྒྲོས་ཁོ་ནའི་དབང་གྱུར་དབུགས་ཀྱི་འགྱུ་བ་གང་མང་ཤོར་བའི་ཚེ།།

བསགས་པའི་སྡུག་བསྔལ་འཁོར་བ་བ་ལ་ལྕི་བའི་ངང་ཚུལ་ས་དང་རྡོ་ལ་མ་ཡིན་སྨིན་པ་ཤེས་པའི་ངང་།།

རྟག་ཏུ་བཟོད་པའི་གོ་ཆ་ལ་བརྟེན་ཆུད་མི་ཟ་བའི་སེམས་ཀྱི་འདུ་བྱེད་གང་ཞིག་མི་གཏོང་གཡར་དམ་བོར།།

                    ༡༠/༦

ཉེས་པས་མ་བཟུང་ཁྱེད་ཀྱི་སེམས།།

མཚོ་ལ་སྐྱེས་པའི་པདྨ་བཞིན།།

བདག་གི་བློ་ལ་རབ་གསལ་བས།།

ལུ་གུའི་བརྒྱུད་དུ་མི་འབྲལ་ཤོག།

ཨུཏྤལ་གྱི་ནི་དཔལ་མཐོ་བ།།

ཁྱེད་ཀྱི་འདྲེན་བྱེད་ཟུང་ལས་ནི།།

ཆུ་མའི་ཆར་རྒྱུན་མི་འབབ་པར།།

འཛུམ་པའི་རི་མོའི་མདངས་ཕྱུང་ཤོག།

              ༡༠/༦

བསྐུལ་བའི་ཚིག་གིས་སྒུལ་བའི་ངག།

གཡེར་ཁའི་སྒྲ་སྙན་འབྱིན་པ་ཅན།།

ཐོས་པ་འཛིན་ལ་གང་བསྔོས་པ།།

དེ་དག་ཚེ་དང་སྙོམས་པོར་ཟུངས།།    

           ༡༠/༦

རབ་ཏུ་མི་གཡོ་བརྩེ་བའི་སེམས་ཀྱིས་ཉིན་མཚན་དེ་དག་བཟུང་བྱས་ནས།།

རི་རྣམས་གཤོང་དུ་ཉལ་བའི་རི་ཁྲོད་བསམ་གཏན་སྤྱིལ་བུ་ལ་གནས་པའི།།

དཀའ་ཐུབ་ལས་དེ་སྙིང་ལ་བཀོད་ནས་དབུགས་ཀྱི་གཏོང་ལེན་ཙམ་ལ་འང་།།

ཀྭ་ཡེ་ཁྱེད་རང་ལྷག་པའི་ལྷ་དང་དབྱེར་མེད་སེམས་སུ་འབྲི་བར་ངེས།།

                                  ༡༠/༦ /༦-༣༠

IMG_6750.JPG


མེ་ཏོག་གི་རྡུལ་འཛིན་པའི་སྙན་ངག  (བར་ཆ)


དགོན་པར་གནས་ཁྱེད་གནས་པ་ཇི་བཞིན་དུ།།

སྐད་ཅིག་མི་གཡོ་ཏིང་འཛིན་ཟབ་མོའི་ངོགས།།

སེམས་ཀྱི་གསང་བ་མ་ལུས་འབྲི་གྱིས་ལ།།

ནང་གི་རྣམ་པར་རྟོག་རྣམས་དབུགས་དབྱུང་བྱ།།

  ༡༠/༦

འཁྲུལ་བའི་མིག་གི་སྨིན་མ་འདིས།།

ས་ལ་རྒྱུ་བའི་ཟླ་བ་འཛིན།།

རི་བོང་མཚན་མ་དང་བྲལ་བའི།།

མཛེས་པ་དེ་ཡང་འཐུང་བར་བྱེད།།

  ༡༠/༦

དངུལ་གྱི་མེ་ལོང་དེ་ཡང་མིན།།

ཤེལ་གྱི་འཁྲི་ཤིང་དེ་ཡང་མིན།།

སྲོག་གིས་བཟུང་བའི་ཙན་དན་དམར།།

དགའ་སྐྱེད་ཆོ་ག་སྐྲུན་ཁྱེད་གང་།།

                  ༡༠/༦

ཚངས་པར་སྤྱོད་པའི་བཅོམ་ལྡན་མ།།

གདོང་བཞིའི་པད་ཚལ་ལས་འཁྲུངས་མིན།།

དེས་པའི་ཀུན་ཏུ་སྤྱོད་པའི་ཉམས།།

མེས་པོའི་བློ་ཡིས་ཟིན་མ་གྱུར།།

              ༡༠/༦

སྐར་མའི་ཚོགས་རྣམས་མཐོང་ལ་དངངས་པ་ཇི་བཞིན་མགོ་བོ་ས་རུ་དུད་པ་དེ།།

བྲལ་བའི་མུན་པ་གདོང་ལ་བབས་ཚེ་སྐྱེ་བོ་གཞན་གྱིས་ཤེས་པར་དོགས་སམ་ཅི།།

རེ་ཞིག་གྱེས་པས་ལུས་ཟུངས་རྒུད་པར་གྱུར་ནས་ས་ལ་ཁ་ཆུ་གཏོར་བ་བཞིན།།

ཁྱེད་ནི་གཅིག་བུར་ལྗོན་པའི་སྐྱིབས་དང་སྒེའུ་ཁུང་འགྲམ་དུ་གནས་པ་བདག་གིས་ཤེས།།

   ༡༠/༦

འཆི་བར་ཕྱོགས་པའི་སེམས་དེ་ནི།།

དྲན་པའི་ཤིང་རྟ་ལ་ཞོན་ནས།།

མི་གང་བསོད་ནམས་རྫོགས་པའི་སླད།།

མ་འགྱངས་འབྱོན་པའི་ཤིས་པ་སྩོལ།།

             ༡༠/༦

IMG_6824.JPG


མེ་ཏོག་གི་རྡུལ་འཛིན་པའི་སྙན་ངག (སྨད་ཆ)


རེ་ཞིག་སྤྲིན་གྱིས་ཡོངས་བསྒྲིབས་པའི།།

རྒྱ་ལ་ཉེ་བར་ཚུད་པ་གང་།།

འདམ་གྱིས་མ་རྙོག་གཙང་ཆུ་བཞིན།།

འཁྱག་པའི་སྦུབས་ལ་འགྲོལ་བར་ངེས།།

               ༡༠/༦

གདོང་གི་དྲི་མ་མ་ལུས་འབྱིད་པར་བྱ།།

སེམས་ཀྱི་སྐྱོ་བ་མ་ལུས་དབྱུང་བར་བགྱི།།

དུས་ཀྱི་རླུང་བུ་བྲོས་པའི་ཤུལ་དག་ཏུ།།

ལྷན་ཅིག་འདུ་བའི་མེ་ཏོག་མ་རྙིང་ངོ་།།

                ༡༠/༦

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།