འཐོར་རླུང་གི་སྙན་ངག་སྐོར་ཞིག་ཆེད་འགོད་བྱས་པ།

398

12380250_1174708682586630_1776396358_n.jpg

 

        མུན་ནག་གི་མཐའ་དཔྱོད།


མུན་པ་རྔམས་སྟུག་པས།

རུ་སྡེ་ཞིག་མཐོང་བར་དཀའ་ནའང་།

རི་ཚོགས་ཀྱི་རྩེ་མོ་དག་གིས།

གནམ་སའི་ཧྲག་བར་ཧར་གྱིས་བཏེགས་འདུག

སྒེའུ་ངོགས་སུ་ཡུན་རིང་བགྲེངས་རྗེས།

སྙིང་གི་མེ་ལྕེ་བླ་རུ་འབར་བྱུང་།

གནའ་བོའི་རུ་སྡེ་ཞིག་ཀྱང་།

སྨུག་ལིང་ངེར།  མིག་ལམ་དུ་འཕྱུར་བྱུང་།

དེ་ཡང་འཁྲུལ་སྣང་རྐྱང་རྐྱང་མ་རེད།

དེ་ཡང་སྟོང་བསམ་འབའ་ཞིག་མ་རེད།

མ་གཞི།  མུན་པའི་ཁྲོད་དུ་ནི།

གྲིབ་གཟུགས་ཀྱི་དཀར་ནག་དཔྱོད་པར་ཁག་པོ་མི་འདུག

IMG_0726.JPG

 

        ཟིན་ཐོ་ནག་པོ།


མཛེས་སྡུག་གི་སྤང་ཐང་ལ།

དུད་ཁུ་ཙར་ཙར་དུ་ཟགས་འོང་།

སྙིང་རྗེ་བའི་མེ་ཏོག་སེར་ཆེན།

ཉོམ་ཆུང་བའི་གངས་ལྷ་མེ་ཏོག

བྱེ་མའི་གསེབ་ཀྱི་གྲོག་འབུ་ཆུང་ཆུང་དེ་དག

ལོ་རྒྱུས་ཞིབ་འཇུག་པ་ཞིག་གིས།

གནས་འདི་ནས་མེ་ཏོག་ནག་པོ་ལས་སྐྱེ་མྱོང་མེད་རབས་ཐག་གིས་བཅད་སོང་།

སྐྱེ་དངོས་རིག་པ་བ་ཞིག་གིས།

གནས་འདིའི་ཡོད་ཚད་དུག་ཏུ་གྲུབ་རབས་གསལ་བསྒྲགས་བྱས་ཟིན།

ཆབ་སྲིད་དབང་འཛིན་པ་ཞིག་གིས།

གོང་གི་མི་གཉིས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་འདུག

རྩྭ་དང་རྩི་ཤིང་།

ཆུ་ཕྲན་དང་ནམ་མཁའ།

མི་དང་འདབས་ཆགས།

རི་དྭགས་དང་གཅན་གཟན།

སྐད་དང་རིག་པ།

ཡུལ་སྲོལ་དང་གོམས་གཤིས།

ནད་པ་ཉམ་ཐག་ཅིག་གི་སྐྲ་ལོ་ཐོར་ཤུལ་ན།

རུལ་དྲི་ཁ་བོ་ཁ་བོ་ཞིག

IMG_1548.JPG

                                           
       འདི་ལྟར་དྲན་བྱུང་།

 

མུན་པ་རིབ་མཚམས་སུ།

མགོ་བོ་སྟོད་གོས་ཀྱིས་བཏུམས་ནས།

ཡུན་རིང་ལ་གཉིད་མ་སད་ཀྱིས་བསྡད།

དེ་ནས། ནམ་མཁའ་དྲན་བྱུང་།

ནམ་མཁའི་ཁམས་སུ།

རིན་པོ་ཆེའི་བརྒྱན་པའི་གཞལ་ཡས་ཁང་ཞིག

སྐད་ཅིག་ཉིད་དུ་གྲུབ་ནས།

ལང་ཚོ་རྫོགས་པའི་ལྷ་མོ་དེས།

དར་ཚོན་སྣ་ལྔའི་ཐེམ་སྐས་ཞིག

ཁོ་བོའི་སྔུན་དུ་བསྲིངས་འོང་ན་བསམ་སོང་།

གློ་བུར་གློ་བུར་དུ།

སེམས་ཅན་སྣ་ཚོགས་དྲན་བྱུང་།

གཉའ་ཁྲི་བཙན་པོ་གནམ་ནས་གཤེགས་ཤུལ་དེ།

ནམ་མཁའི་ཕོ་བྲང་དེ་འཚོལ་ས་ཨེ་ཡིན་ནམ་སྙམ།

དེ་རུ། སྙིང་ཉེ་བའི་མི་དག་དང་མཉམ་དུ།

བླ་མ་དམ་པ་ཞིག་གདན་དྲངས་ནས།

ཡིད་འོང་གི་ཀུན་དགའ་ར་བ་རུ་བཞུགས་སུ་གསོལ།

སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཐའ་དག

སྣོད་བཅུད་གཉིས་སུ་ཐིམ་ནས།

འོད་ལམ་མེར་སོང་ན་བསམ་བྱུང་།

མཚམས་དེར།

ས་གཞིའང་དྲན་བྱུང་།

མུན་པ་སྟུག་པོའི་གསེང་གི།

མདའ་གྲི་མདུང་གསུམ་དང་།

རྫུན་ཟོལ་གཡོ་སྒྱུ།

ནད་གྲིབ་གདོན་བགེགས།

དེ་དག་གང་གིས་ཀྱང་།

མི་གནོད་མི་ཐུག་ས་ཞིག་ཡིན་ནའང་བསམ་སོང་།

IMG_0737.JPG


     འཇིགས་ཡེར་ཡེར་གྱི་དགེ་རྒན།


ལེགས་ན་ཐར་བའི་ས་བ་ཡིན།

ཉེས་ན་དམྱལ་བའི་གཏིང་རྡོ་ཡིན།

བདག་ནི་ད་དུང་སློབ་མ་ཞིག་ཨེ་ཡིན་ནམ།

རྒྱང་རིང་རྒྱང་རིང་ན།

བདག་གི་མགོན་དང་སྐྱབས་སུ་གྱུར་བའི།

དགེ་རྒན་རིན་པོ་ཆེ་ཁོང་བཞུགས་སམ་ཀྱེ།

བདག་ནི་ད་དུང་དགེ་རྒན་ཞིག་ཨེ་ཡིན་ནམ།

ཐག་ཉེ་ཐག་ཉེ་ན།

བདག་གི་སྙིང་དང་གྲོགས་སུ་གྱུར་བའི།

སློབ་བུ་རིག་རྒོད་དེ་དག་ཡོད་དམ་ཡེ།

མཚན་མོ་འདི་འདྲ་ཞིག་ལ།

དགེ་སློབ་ཐམས་ཅད་འཇིགས་ཡེར་ཡེར།

གསེར་གྱི་ཉི་མ་དེ་ལ་རེ་ཞིང་སྒུག་རེ་ཞིང་སྒུག

                                   2016/9/9/ཉིན་རང་ཁྱིམ་དུ་བྲིས།
IMG_0824.JPG


         ས་སྲོད་ལ་ཕལ་ཆེར།


ས་སྲོད་ལ།  དྲག་རླུང་ཁྲོད་དུ།

ཚེ་གང་གི་གོམ་པ་སྤོ་སར་འཐབ་ཅིང་རྩོད།

རླབས་ཆེན་གྱི་མཆི་བདག་ཅིག་ལ་རེ་ཞིང་སྒུག

ཡིན་ནའང་།  དེ་ནི་བཟོད་པར་དཀའ་བའི་ལས་དབང་ཞིག་སྟེ།

ཕལ་ཆེར་ལུང་མ་བསྟན་གྱི་སྤྲོ་གར་གྱིས་འདས་འགྲོ།

ས་སྲོད་ལ།  མུན་ནག་ཁྲོད་དུ།

སྐྱེ་དངོས་ཁྲི་འབུམ་གྱི་ཚེ་སྲོག་འཆོར།

ལོ་རྒྱུས་ཀྱི་འཕོ་འགྱུ་ཞིག་ལ་སྨོན་ཅིང་འཇུག

ཕལ་ཆེར་དུས་རབས་ཁ་ཤས་ཀྱི་གསང་བར་གྱུར་འགྲོ།

ས་སྲོད་ལ།  སྒེའུ་ཁུང་ངོགས་སུ།

རྒྱང་རིང་གི་རི་རྩེ་ལ་ཅེར་རེ་བལྟས།

གནམ་སའི་མཚམས་ཀྱི་འོད་ཟེར་ཞིག་ལ་སྙེག་ཅིང་འབོད།

ཡིན་ནའངདེ་ནི་སད་པར་དཀའ་བའི་རྨི་ལམ་ཞིག་སྟེ།

ཕལ་ཆེར་སྐྱ་རེངས་མེད་པར་རབ་རིབ་ཀྱིས་འཇིག་འགྲོ།

                                                                   2016/3/

 
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།