རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་གསར་བྲིས་སྙན་ངག་གི་ཚོམས།

331

IMG_6272.JPG

          
        མི་རྟག་པའི་ལེའུ།།


རྒྱུ་མ་ཕུ་འདེད་བྱས་པའི་མི་ཚེ་ཀྱ་མ་ཀྱུ།།

དུས་ཚོད་གདོང་ན་ཤུད་པའི་ཉི་འོད་ནད་པ་ཞིག།

མི་རྟག་འཆི་བར་འགྲོགས་པའི་བྱ་སྤུ་ཡང་མོ་དེ།།

སྙིང་ལ་སྒོམ་སྐབས་གྲིབ་མའི་གསེབ་ནས་འཁྱག་འོང་ངོ་།།

གཅེས་པའི་ལྷུ་ཚིགས་རེ་རེ་འཐོར་རྒྱུར་དོགས་ན་འང་།།

རྒྱུས་པ་ཟད་ཚེ་འཆིང་བྱེད་གཞན་ནི་ཅི་ཞིག་ཡོད།།

བྱ་རྒོད་གཤོག་པ་རྡེབ་བཞིན་འགབ་ལ་ཐོན་པའི་དུས།།

དབུགས་ཀྱིས་བཏང་བའི་ལུས་པོ་དེ་ནི་སུ་ཡིས་བསྐྱུར།།

IMG_0752.JPG

 

      འཆི་བདག་ལ་ཞེད་པའི་ལེའུ།


ཅི་ཞིག་མཐོང་མིན་དེ་སུ་ལ་མི་བཤད་སྒེའུ་ཁུང་གི་ལོགས་སུ་གཡུགས།།

སྐྱེན་པོའི་དུས་ཚོད་འདིས་གཡང་ལ་འདེད་གྲབས་བྱས་པས་སྙིང་ཁ་ན་སོང་།།

ཤིང་ལོ་ལེབ་མོ་ཞིག་ལ་འཚངས་པའི་འུ་ཅག་རྐང་གཉིས་པ་འདི་རྣམས།།

ཡས་འཛེགས་མས་ཟགས་ཀྱི་ལམ་ནས་རླུང་གིས་འཁྱེར་ལ་ཁད་དུ་ཉེ་ན།།

མགོ་བོ་རང་མ་མཐོ་སྐེད་པའི་རུས་ཚིགས་ལ་ཟུག་པའི་མཆེ་བ་དེ།།

མ་བཅོས་རང་བྱུང་གི་ལས་བདུད་ནག་པོ་ཡིན་པས་སེམས་སུ་སྒོམས་དང་།།

ཧ་ལས་ཧོན་ཐོར་གྱི་ལྡེབས་ངོས་དེ་ཡང་ཁྱོད་ལ་ནི་གཏད་ནས་ཡོད།།

IMG_0729.JPG

                       
          ཁ་འཁྲུག་གི་ལེའུ།


མེ་མདའི་སྦུབ་ཀྱི་མདེ་འུ་ཚ་བས་ངར་བ་བཞིན།།

གློ་བའི་མཐིལ་ནས་སྐད་ཆ་རེ་འགའ་སྨྱོ་བ་བཞིན།།

ཟླ་གོར་སྦྲ་ཡི་ཁ་ཚུབ་ནང་དུ་ཐོགས་པ་བཞིན།།

བདག་གི་སེམས་ན་ཅི་ཞིག་གཡོ་བ་གང་གིས་ཤེས།།

སྟོན་པས་ཡིད་འབྱུང་ནས་འབྲས་སྔོན་པོ་གཏོར་བའི་ཚུལ།།

སྐྱོ་གདུང་རྔོག་མ་འབྲེག་པའི་སླད་དུ་བདེན་མཆི་ཡང་།།

རྗེས་ཀྱི་ས་བོན་གྲུང་པོ་ག་བར་བཀྲམ་པའི་སྐབས།།

ཡིད་གཉིས་མ་བྱས་རི་མོར་འགྱུར་བ་ནུས་རེ་སྐན།།

                                                     ༢༠༡༥ ༧ ༡༤

IMG_0751.JPG

                                                
           དངངས་པའི་ལེའུ།


འཇིག་རྟེན་འདི་ནི་སྨྱོན་མའི་མུར་ཅོར་སྦུབས་སུ་དྲང་བའི་རྐང་གླིང་ཞིག།

མེ་ཏོག་རྙིད་པ་ཞིག་ལ་འགྲམ་ལྕགས་སྟེར་བཞིན་གོམ་ཐག་རིང་དུ་གཏོང་།།

མིག་དབང་ནང་ལ་འཁོར་བའི་ས་འབུ་ནག་རིང་འགའ་རེར་སྤྱོ་བཞིན་དུ།།

སྡོམ་བྱེད་ཐག་པ་རུལ་བས་དངངས་ཏེ་རྐན་ངོར་འཛར་བའི་ཐིག་ལེ་འང་།།

ལྷ་འམ་ཀླུ་འམ་མི་འང་ཨེ་ཡིན་ཆུ་ཁར་གཡེངས་པའི་སྦལ་རོ་དེ།།

བར་མ་དོ་རུ་རྐང་རྗེས་མེད་པའི་རླུང་ལ་འགྲོགས་པའི་ནད་པ་ཞིག།

IMG_0790.JPG

 

         དགེ་འདུན་ཆོས་འཕེལ།


རྣ་བའི་ཨི་ཁུང་ལྕགས་འཛེར་གྱིས་འབིག་ཟུག་རྔུ་གཏོང་ལ་བོས་པ་བཞིན།།

མི་འདི་རྣམས་ཀྱི་མཆུ་ཏོ་གཅོང་རོང་མཐིལ་གྱི་ཝ་སྐད་བཞིན་བཏོན་ཡང་།།

ཁྱེད་ཀྱི་རུས་པར་སྲོག་རྩི་ཞུགས་པའི་ང་རྒྱལ་སྙིང་ལ་བླུགས་པ་ཡིས།།

རྒྱལ་ཁམས་སྐོར་བའི་ཡི་གེ་རྣམས་ནི་ཧི་མ་ལ་ཡི་རྐང་ལ་སིམ།།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།