རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྲོལ་རྒྱུན་སྙན་ངག་གི་འཛུམ་རིས།

463

14111846_1152747411449424_647879650_n.jpg

     
     མཁའ་འགྲོའི་བརྙན་རིས།


མགྲིན་པའི་མེ་ལོང་ངོས་དག་ལ།།

ཆགས་པའི་ཡིག་འབྲུ་མ་ཉམས་པ།།

དེ་ཡི་སྲོག་ལ་ཉེར་བཅིངས་པའི།།

རྣམ་པར་ཤེས་པ་བསམ་མི་ཁྱབ།།

བསོད་ནམས་ཤིང་རྟ་ལ་དྲངས་པའི།།

ཁྱེད་ནི་རི་བོང་མཚན་མ་འཛིན།།

གང་ཞིག་རལ་བའི་གསེབ་ཉིད་དུ།།

ཅུང་ཟད་མངོན་པ་འང་བློ་ལ་འབྱམས།།

ཁྱེད་ནི་མཁའ་ལ་སྤྱོད་པ་ཡི།།

ཞིང་གི་ལས་ཀྱི་ཌཱ་ཀི་མ།།

འཇའ་ཚོན་ལྟ་བུས་ཉམས་ཀྱིས་ནི།།

མཆོག་གི་དངོས་གྲུབ་འཇོ་བ་ལ།།

རིག་འཛིན་རིག་པའི་དཀྱིལ་འཁོར་ན།།

བདེ་སྟོང་གར་གྱིས་ཕྱག་རྒྱ་མཛད།།

IMG_0824.JPG


         སྣང་ཚུལ།


ཞོགས་པའི་ཉི་ཟེར་འཐུང་བའི་ཞལ།།

སྦྲང་རྩིས་མངར་བའི་རོ་ལྡན་པ།།

སྐྱེ་རྒུའི་མིག་གི་མཚོ་ནང་དུ།།

ཁྱོད་གདོང་ཟླ་བ་རྣམ་པར་གཡོ།།

སྲེད་ལ་བརྐམ་པའི་རྐང་བ་དྲུག།

འཕུར་བའི་ལམ་ལ་འཐབ་པ་ཡི།།

རླུང་བུ་དེ་འང་སྒྱུ་མ་མཁན།།

ལུས་ཀྱི་སྤུ་དག་འཇོམས་པར་བྱེད།།

པདྨའི་རྩ་བ་ལྟར་དཀར་པའི།།

སྨིན་པའི་འཁྲི་ཤིང་ལོ་འདབ་དག།

ཟིལ་བའི་ཁ་ཆུས་དུད་པ་ལ།།

ཇི་ལྟ་ཇི་ལྟར་མཐོང་འདོད་ཀྱི།།

རལ་བ་ལྷོད་པའི་སྐྱེ་བུ་དེ།།

རྒྱུ་འོ་ཁྱེད་ཀྱི་གཙང་འགྲམ་དེར།

IMG_0927.JPG

           བསྡུས་གཟུགས།


ནགས་ཀྱི་ལྗོན་པ་ལ་གནས་པའི།།

གནས་མེད་ཤིང་དྲུང་གཅིག་བུ་བ།།

གང་དེའི་བྱིན་རླབས་རྔ་གཡབ་དཀར།།

ཡོངས་སུ་འཛིན་པའི་ཆོ་ག་ལ།།

རབ་ཏུ་གནས་པའི་ཧ་རི་ཎ།།

པདྨའི་རྩ་བ་ལས་འཁྲུངས་ཤིང་།།

ཟླ་བའི་འོད་ལ་འཐུང་བ་ཡི།།

དྲན་པ་འགུགས་པའི་རིག་བསྔགས་མཁན།།

ལས་ཀྱི་རི་ཟོམ་མཛེས་བྱེད་པ།།

གང་དུ་རྒྱུ་བ་དེ་གར་ཡང་།།

ག་བུར་དྲི་བསུང་གིས་བྱུགས་པའི།།

ས་ཡི་རྡུལ་ཡང་ཞིམ་པ་སྟེ།།

མེས་པོའི་བློ་འང་བསླུ་བ་དེས།།

རྟག་ཏུ་བསླུས་སོ་དྲན་ཤེས་ཀྱི།།

ཐག་པའི་སྲོག་ཀྱང་བཅད་བྱས་ནས།།

ནང་གི་རི་མོ་མ་ལུས་པ།།

གདོང་ལ་འབྲི་བའི་ཚངས་པ་ཆེ།།

ཁྱེད་ནི་འཇུག་པ་བཅུ་བ་ཡིས།།

འཕྲུལ་གྱིས་མ་ཟིན་རི་དྭགས་མོ།།

འཇའ་ཚོན་ལྟ་བུའི་གཟུགས་ཀྱིས་ནི།།

ཐུབ་རྣམས་ཏིང་འཛིན་ལས་དཀྲོགས་པའི།།

སྒྱུ་མའི་ནགས་ཀྱི་གར་མཁན་དེ།།

མུ་ཏིག་འབུམ་ཕྲག་འཛུམ་པ་བཞིན།།

སྒེག་པའི་ཉམས་ཀྱི་སྲིད་པ་གསུམ།།

སྐད་ཅིག་ཉིད་ལ་འདར་བྱེད་པའི།།

བསོད་ནམས་པིར་གྱི་རྩེ་མོ་རུ།།

མ་རྙིང་པ་ཡི་ཨུཏྤལ་གཡོ།།

ཀྱེ་མ་མཚམས་སྤྲིན་གྱིས་མཛེས་པའི།།

སྤྲུལ་བའི་ལུས་ལ་འཇིག་རྟེན་གྱི།།

འདོད་པའི་ཡོན་ཏན་ཀུན་རྫོགས་པ།།

ཆུ་ལ་གཡོ་བའི་ཟླ་བ་བཞིན།།

སྒྲིབ་གཉིས་འདུ་བྱེད་ཀྱིས་སྟོངས་པའི།།

རང་བྱུང་སེམས་ཀྱི་འོད་ཟེར་དེ།།

འདི་ན་མ་ཆགས་ཐོག་མེད་དུ།།

རྒྱུ་བའི་རླུང་བུ་སྔོན་པོ་ཞིག།

IMG_6264.JPG


               བསྡུས་གཟུགས།


ཉི་མས་སྟོང་བས་ཆབ་རོམ་ཆགས་པ་འདིས།།

དགུན་གྱི་ལང་ཚོ་མངོན་དུ་བྱས་པ་ན།།

གྱེས་པས་གདུང་བའི་སྙིང་གི་པདྨ་ནི།།

ངོ་འཛུམ་གནག་པས་སྙིང་ལ་རྐང་རྗེས་བཀོད།།

ཀྱེ་མ་མི་རྟག་འདུས་བྱས་ཐ་གུ་དེས།།

ངེས་པར་བཅིངས་སོ་རིགས་དྲུག་སྐྱེ་རྒུ་ཡི།།

ཕྱི་ནང་ཆོས་ཀྱི་བྱེ་བྲག་མ་ལུས་པ།།

ཀྱེ་ཧུད་རང་བཞིན་གཅིག་གི་རྒྱ་ལ་བཏབ།།

སྲེད་ལྡན་གང་གི་ལག་པས་བསྡམས་འོས་པ།།

སྒྱུ་མ་རྨི་ལམ་ལྟ་བུའི་ཀུན་དའི་ནགས།།

མཛེས་པར་བྱེད་པའི་རི་བོང་འཛིན་པ་ཅན།།

དོ་ནུབ་ཡིད་ཀྱི་མཁའ་ལ་སྟོངས་པར་གྱུར།།

འགྲམ་པ་རབ་བརླན་ཆུ་མའི་རྒྱན་གྱི་ཕྲེང་།།

མྱ་ངན་བྱེད་པར་བཀོད་པ་བསྟན་པ་བཞིན།།

དབུགས་ཀྱི་གླང་བོ་ཧད་པའི་ཉམས་དང་བཅས།།

ཡིད་ལ་རེ་བའི་རི་མོ་འབྲི་བར་བྱེད།།

ཆབ་ཀྱིས་མ་བྲན་ཉི་གཞོན་གྱིས་བཏང་བའི།།

པདྨའི་ལྗོན་པ་གསར་བའི་ཆུན་པོ་གང་།།

དགེ་བའི་མཚན་མ་མ་རྫོགས་མེད་དེ་ཡིས།།

བཀྲ་བའི་མཚར་སྡུག་གང་དུ་བཞུད་ཏ་རེ།།

སེམས་སྲུང་དྲན་ཤེས་རལ་བའི་གླང་བོ་ཆེ།།

གཏི་མུག་སོ་ཅན་མྱོས་པའི་གོམ་སྟོབས་ཀྱིས།།

ཡིད་ཀྱི་སྐྱེད་ཚལ་འདམ་ལྟར་བརྫིས་པའི་ཚེ།།

མཆོད་འོས་དེ་ཡིས་དེ་ཉིད་ཇི་ལྟར་བསྲུང་།།

ཐོག་མེད་ནས་བསགས་ལས་རླུང་གིས་སྐྱོད་པའི།།

ལོ་ཟླའི་གྲུ་རྫིངས་གཡོ་བའི་དར་བོ་ཆེ།།

གང་ལ་གཟས་པ་དེ་རུ་ཕྱོགས་པ་ན།།

འཇིག་རྟེན་པ་རྣམས་ཁྲོ་བའི་རྣམ་འགྱུར་སྟོན།།

ཡིད་ཀྱི་ཉེས་པས་མ་གོས་དུ་ཀཱུ་ལ།།

ཕྱི་གནང་གསལ་བའི་ལང་ཚོས་སྙེམས་པ་ཅན།།

མ་ཚང་མེད་པའི་ཐ་སྙད་ཀྱིས་མཛེས་པ།།

རངས་པའི་སེམས་ཀྱི་ལག་པ་བསྲིངས་ཏེ་བྲིས།།

24.jpg


           བསྡུས་གཟུགས།


བརྩེ་བའི་དཔལ་གྱིས་མངོན་པར་དུད།།

ལང་ཚོའི་ཟིལ་ནི་ཟླ་བའི་མདངས།།

ཡིད་ཀྱི་རི་མོ་མ་ལུས་པ།།

གཅིག་ཏུ་ཕྱུང་འདྲའི་ལྷ་དེར་འདུད།།

བྱས་པའི་ལས་ཀྱི་རྒྱུད་སྐུད་སྟེང་།།

བབས་པའི་མིག་ཟུང་ལ་ཆགས་པའི།།

སྲེད་པའི་བྱི་འུ་ཅ་ཅོ་མཁན།།

དེ་རིང་འདི་ན་སྐྱོ་བས་མནར།།

ཐབས་གང་ཞིག་གིས་ལྡོག་མིན་པའི།།

ཚེ་རབས་ཕྲེང་བའི་བུ་ལོན་གྱི།།

ས་བོན་མ་ལུས་བསྐྱེད་པ་བདག།

སྡུག་བསྔལ་བརྒྱ་ཕྲག་རླུང་བུས་སྒུལ།།

རྨི་ལམ་དུའང་རྨི་ལམ་བཞིན།།

སྐད་ཅིག་གཅིག་ལ་ཡལ་བའི་ཁྱེད།།

དྲན་པའི་ཟོམ་ལ་སྐྱེས་པ་ནི།།

ཆུ་བུར་ལས་ནི་ཆུ་བུར་བཞིན།།

རབ་ཏུ་མི་བཟོད་ཀྱིས་གདུང་བའི།།

འགྲོ་རྣམས་གདོང་གི་མུན་པ་ནི།།

ཉམ་ཆུང་ལུས་ལ་གྱོན་པ་བཞིན།།

ཨུ་ཧུ་སུ་ཡིས་སེལ་བར་བྱེད།།

མིག་ཞགས་ཀྱིས་ནི་མ་ཟིན་པའི།།

ཀུན་ད་གཡོ་བའི་ནགས་ཀློང་གི།

ཟླ་བའི་མདངས་ལ་འཁུ་བ་ཡི།།

ཧ་རི་ན་ཁྱེད་གང་དུ་བྲོས།།

རི་བོང་གིས་མཛེས་རི་བོང་འཛིན།།

སྟོན་གྱི་མཁའ་ལ་རྒྱུ་སྐར་ཚོགས།།

ཡོངས་སུ་བཀྲ་བའི་དབུས་གནས་པ།།

ཁྱེད་ནི་སུ་ཡི་རལ་བའི་རྒྱན།།

ཡིད་ཀྱི་ཡུལ་དུ་ཤར་མ་ཐག།

ལུས་ཀྱི་བ་སྤུ་འགུལ་བའི་ལྷན།།

གྲེ་བར་བསྐྱིལ་བའི་དབུགས་ཀྱི་རྒྱུན།།

ཕྱི་ལ་གཏོང་བའི་ངལ་མ་གྱུར།།

བསགས་པའི་སྡུག་བསྔལ་ལ་འཐུང་བའི།།

མིག་གི་མདངས་ཀྱང་དམན་གྱུར་ཅིང་།།

ཡིད་ལ་འབྲི་བའི་རི་མོ་ནི།།

ཁྱེད་ཀྱིས་མ་མཐོང་ཞེ་འདི་སྨྲེང་།།

མི་རྟག་པ་ལ་མི་རྟག་པའི།།

རང་མཚང་མངོན་པར་གསལ་ན་འང་།།

འཁྲེང་བའི་ཡིད་ཀྱི་སྲད་བུ་འདི།།

ད་དུང་མ་ཆད་མདུད་པས་འཆིང་།།

ཀྱེ་མ་འཁོར་བའི་འདུ་འབྲལ་གྱི།།

སྡུག་བསྔལ་མ་ལུས་སེལ་མཛད་པ།།

རྒྱལ་ཀུན་འཛུམ་པའི་རོ་རྙེད་མ།།

རྒྱལ་ཡུམ་སྒྲོལ་མས་འཛུམ་མ་གཏོང་།།

                                    __མུ་འབྲེལ་རྩོམ་ཡིག


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།