ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་བཅུ་གཉིས།

300

IMG_0789.JPG

       
        ང་དང་ཁྱོད།


ཁྱོད་ཀྱི་ས་གཞི།

ང་ཡི་ས་གཞི།

མཛེས་སྡུག་གང་ཡིན།

ཁྱོད་ཀྱི་ཉི་མ།

ང་ཡི་ཉི་མ།

ཡིག་འབྲུ་གང་ཡིན།

ཁྱོད་ཀྱི་ལམ་བུ།

ང་ཡི་ལམ་བུ།

གཏམ་རྒྱུད་གང་ཡིན།

ཁྱོད་ཀྱི་དབུགས་རྔུབ།

ང་ཡི་དབུགས་རྔུབ།

ལས་དབང་གང་ཡིན།

IMG_0782.JPG

 

               མུན་པའི་ཁྲོད།


 ངས་རང་ཉིད་དྲན་ནས།

 གཞན་ཞིག་བརྗེད་ཆོག

དུར་ཁྲོད་དེ།

སུ་ཡི་འཇིག་རྟེན།

ཀེང་རུས་དེ།

སུ་ཡི་ཨ་ཕོ།

ངས་རང་ཉིད་ཁྲིད་ནས།

གཞན་ཞིག་བཙལ་ཆོག

རླུང་བུ་དེ།

སུ་ཡི་མྱ་ངན།

ཆར་བ་དེ།

སུ་ཡི་མིག་ཆུ།

 ངས་རང་ཉིད་རུམ་ནས།

 གཞན་ཞིག་སྒུག་ཆོག

 ཟླ་བ་དེ།

 སུ་ཡི་རྒྱང་སོ།

 མུན་ནག་དེ།

 སུ་ཡི་མཚན་མོ།

IMG_0728.JPG

 

   ན་ནིང་གི་འཁང་ར།

           1

མར་མེ་རྐང་གཅིག་སྒྲོན་ན།

མུན་ནག

སྙིང་གཏམ་ཐེངས་གཅིག་བསླེས་ན།

མཚན་མོ།

རྨི་ལམ་ཐེངས་གཅིག་བཙལ་ན།

ས་མཐའ།

    2

ལམ་ཐག་ག་ཚོད།

ཡ་གི

ལམ་ཐག་ག་ཚོད།

མ་གི

 སྒྲུང་ཡིན་ནམ།

སོ་སོའི་འཇིག་རྟེན།

རང་རང་གི་ལོ་ཟླ།

ཉི་འོད་ལ་ཁེན་ན།

མུན་ནག་ལ་བསྲེས་ན།

 ལམ་ཞིག

 ངས་མ་མཐོང་།

     3

ལས་དབང་ནི་ཅི་ཞིག

ཆོ་འཕྲུལ་ཞིག

མི་ཚེ་ནི་གང་ཞིག

ཁ་ཆར་ཞིག

མིག་ཆུ་དང་འཛུམ་མདངས།

གཞན་གྱི་ཡིན་ན།

ང་སུའི་ཡིན།

གབ་ཚིག་ཅིག

ནམ་ཡང་སྦས་དགོས་སམ།

        4

ཁྱེད་ཀྱིས་རང་ལ་ཆོ་ལོ་བསྩལ་ཆོག

མུན་པ་གྱོན་པའི་འཇིག་རྟེན།

ཁྲག་གིས་སྦགས་མྱོང་བ་བརྗེད་དམ།

དེ་ནི་སྒྲུང་མིན་སོང་།

དེ་ནི་མིང་མེད་པའི་རྡོ་རིང་ཞིག

དེ་ནི་ང་དང་ཉེ་བ།

ངས་སུ་ལ་བཤད།

                                  2016/7/7–10

IMG_0768.JPG


      རླུང་བུ་ཤུར་ཤུར།


མཛའ་བོ་འབྲུག་ལྗང་དང་ཁྲི་སེམས་དཔའ་གཉིས་ལ་བསྐུར་བའི་འཕྲིན་ཐུང་།

 རླུང་བུ་ཤུར་ཤུར།

 ཁྱོད་ཀྱི་མིང་གི་འབོད་དམ།

 གནས་ཚང་གི་སྒོ་རྡུང་།

རླུང་བུ་ཤུར་ཤུར།

ཁྱོད་ཀྱི་སྙན་ངག་ལ་སྐྱབས་བཅོལ་ཞུ་འམ།

 ལས་དབང་ལ་སྨོན་ལམ་རྒྱག

 རླུང་བུ་ཤུར་ཤུར།

 ཁྱོད་ཀྱི་འཇིག་རྟེན་ལ་ཕྱིར་ལོག་གམ།

ཡང་ན་གང་ལ་འགྲོ

ཐག་རིང་ན་ཐག་རིང་ཞིག་ལུས།

                   2016/6/

IMG_0822.JPG


        གཏམ་རྒྱུད།


རྩྭ་ཐང་ཟེར་བ།

རི་མོ་ཡིན་ནམ།

ཡང་ཡང་ཅེར་ཡང་།

རྡུལ་འཚུབ་འཁོར་འོང་།

ཞིང་གྲོང་ཟེར་བ།

གཞས་ཡིན་ནམ།

ཡང་ཡང་ཉན་ཡང་།

འདམ་བག་འཕྱུར་འོང་།

ཡོད་ཚད།

ང་དང་གྱེས་ནས།

ངས་ཡིག་འབྲུ་གང་ལ་བཅོལ་ན།

དབུགས་རིང་ཞིག

                     2014/7/12-15

IMG_6264.JPG

 

           གྲོ་ཚང་།


ངས་ཁྱོད་དྲན་ཆོག་གམ།

ཁ་སང་ལྟ་བུ།

ཡང་ན་ཁ་སང་གི་སྔ་རོལ་ཏུ།

ཕྱི་མིག་ཅིག

ཁྱོད་དང་འབྲེལ་བ།

ངས་ཡིག་འབྲུ་གང་ལ་བཅོལ་ནས།

ཇི་ལྟར་བསྒྲིག་བསམ།

ཁྱོད་མ་དྲན་ན་ཆོག་གམ།

དེ་རིང་ལྟ་བུ།

ཐ་ན་དེ་རིང་གི་རྗེས་སུ།

རྒྱང་ལྟ་ཞིག

ཁྱོད་དང་གླན་པ།

ངས་ཁ་དོག་གང་ལ་བསྲེས་ནས།

ཇི་ལྟར་བཤམ་སྙམ།

                                    2016/7/11

IMG_6367.JPG


       ས་མཚམས།


རྡོ་རིང་ཉིལ་འདུག

ཨ་ཨ  རྡོ་རིང་།

ལྕགས་ཟམ་ཆད་འདུག

ཨ་ཨ   ལྕགས་ཟམ།

ལྷ་ཁང་བཤིགས་འདུག

ཨ་ཨ  ལྷ་ཁང་།      

མལ་ཚེ་ཤི་འདུག

ཨ་ཨ   མལ་ཚེ།             

                           2016/8/5-7

IMG_6281.JPG

        
     མི་ཡུལ་སྲང་ལམ་ཉུལ་བའི་ལོ་འདི་ཚོ།


བོར་ཟིན་པ།

ཧྲལ་ཧྲུལ་གྱི་ས་ཁྲ།

དྲན་བཞིན་པ།

ཐར་ཐོར་གྱི་གངས་རི།

ཤར་ཡིན་ནམ་ནུབ་ཡིན།

ངས་སློང་འདོད་ཚེ།

སྨུག་ལང་ལོང་།

ཆར་ཤག་ཤག

ཧྲལ་ཧྲུལ ཧྲལ་ཧྲུལ།

ངའི་ས་ཁྲ།

ཐར་ཐོར  ཐར་ཐོར།

ངའི་གངས་རི།

ཐ་སྙད་རེ་རེ།

ཕྱིར་སྨུག་པའི་ཁྲོད་ལ་གཡེང་པ་ལས།

ཡང་བསྐྱར་སུ་ལ་བཤམ།

ང་ཞེད་ཀི

དོན་གྱི་མི་ཡུལ།

དེབ་ཐེར་རུ་ཟད་ཀྱང་།

འདས་ལོག་གི་རྣམ་ཤེས།

གང་ན་ཡོད།

གཡབ་མོ་ཞིག

ཟླ་དང་ལོར་བསྲེས་ནས།

གོམ་པ་གང་སྤོ་ས།

དངོས་གནས་མེད་སྙམ།

དྲན་བཞིན་པ།

ཐར་ཐོར་གྱི་གངས་རི།

བོར་བཞིན་པ།

ཧྲལ་ཧྲུལ་གྱི་ས་ཁྲ།

                                   2016/8/8-10

IMG_0773.JPG

 
    ལ་མོའི་ཕ་རོལ་ལ་བརྒལ་རྗེས།

  
བོད་ཀྱི་སྙན་ངག་པའི་མཚན་མོ་བསུ་བ།

  མི་ཚེ་ནི་ཁྱོད་ཀྱི་མིན།

ཕྱི་མིག་རབ་རིབ།

ལམ་བུ་ནི་ཁྱོད་ཀྱི་མིན།

གོམ་ཁ་འཁྱར་འཁྱོར།

བརྩེ་དུང་ནི་ཁྱོད་ཀྱི་མིན།

མཇལ་འཛོམས་སོ་སོ།

ཤ་དྲོད་ནི་ཁྱོད་ཀྱི་མིན།

ཁ་ཡིག་རང་རང་།

རྨི་ལམ་ནི་ཁྱོད་ཀྱི་མིན།

མཆན་མོ་ཟང་ཟིང་།

མིག་ཟུང་ནི་ཁྱོད་ཀྱི་མིན།

མུན་ནག་ལྷབ་ལྷུབ།

ལ་མོ་ནི་ཁྱོད་ཀྱི་མིན།

ས་གཞི་མག་མོག

འོད་ཟེར་ནི་ཁྱོད་ཀྱི་མིན།

སེམས་པ་འཁྱག་འཁྱག

                                   2016/7/22-26

IMG_0820.JPG

         
    ལྷ་སའི་བར་བསྐོར་ནས་ཐུག་པའི་ཁྱེད།      

   
མར་མེའི་ཁྲོད།

   ཁྱེེད་འཛུམ་ཙམ།

   ཁྱེད་ལ་བར་བསྐོར་དབང་སྙམ།

   སྨོན་ལམ་ཁྲོད།

   ང་སྐྱོ་ཙམ།

   ང་ལ་བར་བསྐོར་མེད་བསམ།

   བར་བསྐོར་ནི་གོར་གོར་ཡིན་ནམ།

   རྨི་ལམ་ཁོ་ན།

   བར་བསྐོར་ནི་གྱ་གྱུ་མིན་ནམ།

   དྲན་གདུང་གཅིག་པུ།

   བར་བསྐོར་ནི་ང་དང་ཁྱེད་ཀྱི།

   ཡུན་རིང་རུམ་པའི་ཞིང་ཁམས་མིན་ན།

   ཡིད་ཆེས་བྲལ་བའི་གཏམ་རྒྱུད་ལྟར།

   རང་ལ་ག་ཚོད་བཤད་འདོད་ཀྱང་།

   དེ་ལྟར་མག་མོག

  མར་མེ་གཡོ།

  ཁྱེད་གཡོ།

  བར་བསྐོར་གཡོ།

  སྨོན་ལམ་འདར།

  ང་འདར།

  བར་བསྐོར་འདར།

  གཡོ་གཡོ་དང་འདར་འདར་གྱིས།

  རང་ལ་འཇབ་ཀྱིན།

  གཞན་ལ་བཅོལ་པའི་ལས་དེ།

  ནམ་ཡང་བཀྲོལ་འདོད་མེད་དམ།

                           1999/ལོར་ལྷ་ས་རུ་མ་ཡིག་ཕབ།
                              2016/8/18–21བཅོས།
IMG_0761.JPG

   
        ཡང་སྟོན་ཁ་སླེབས་སོང་།

                                                    ཨ་མའི་ངག་འཕྲིན་ལས་བཤུས།

   
 སེར་ཐིགས་བསྣམས་པའི་ཁྱེད།

    གང་ནས་འོང་།

    སྨུག་པ་བཀྲམ་པའི་ཁྱེད།

    གང་ནས་འོང་།

    ཆར་བ་བྱོ་བའི་ཁྱེད།

    གང་ནས་འོང་།

    རྨི་ལམ་གྱི་ས་གཞི།

    འཁུན་སྒྲའི་མདུད་པ།

   བསེར་བུ་སྦྲུམ་པའི་ཁྱེད།

   གང་ནས་འོང་།

   རྡུལ་འཚུབ་པང་པའི་ཁྱེད།

   གང་ནས་འོང་།

   ཁུ་ལོ་ཁྲིད་པའི་ཁྱེད།

   གང་ནས་འོང་།

    ན་ནིང་གི་བཞི་མདོ།

    དབུགས་ཀྱི་ཕ་བོང་།

   སྤྲིན་པ་ཞོན་པའི་ཁྱེད།

   གང་ནས་འོང་།

   ལ་ལུང་ཤོར་བའི་ཁྱེད།

   གང་ནས་འོང་།

   འཛུམ་མདངས་བོར་བའི་ཁྱེད།

   གང་ནས་འོང་།

   བུ་ལོན་གྱི་དུས་གཅིག

   སྐྱོ་སྣང་གི་ཚེ་གཅིག

             2016/08/15—19

IMG_0792.JPG


     ཁྱེད་ལ་མཚན་མོ་ཞིག་སློང་འདོད།


མ་རྨི་པའི་རྨི་ལམ་བསམ་ན།

ཁྱེད་ལ་མཚན་མོ་ཞིག་སློང་འདོད།

རེ་སྒུག་ལྟ་བུ།

ང་ལ་ཡོད་མེད།

ངས་མི་ཤེས།

བོར་ཟིན་པ་དག

རྒྱང་རིང་ལས་རིང་ངམ།

དེའི་ཁྲོད་ཀྱི་ཟླ་བ་གཅིག་པུ།

ཡང་ཆར་གྱིས་གཤེར་ནས།

ཁུ་སིམ་སིམ།

ཁུ་སིམ་སིམ།

ཁྱེད་ལ་མཚན་མོ་ཡོད་དམ།

མ་རྨི་པའི་རྨི་ལམ་བསམ་ན།

འདར་སིག་སིག

ཁྱེད་ལ་ཟླ་འོད་དབང་ངམ།

མ་མཐོང་པའི་མཚན་མོ་སྒུག་ན།

གྲང་ཤུར་ཤུར།

མཚན་མོ་ཞིག

ཁྱེད་ལ་མཚན་མོ་ཞིག་སློང་འདོད།

ཆར་ཆུ་མོད་པའི་མཚན་མོ།

མུན་ནག་ཁྲོད་ན་ཡོད་དམ།

                       2016/8/1–6

 
རླབས་སྒྲའི་རྩོམ་དབང་གཞན་གྱིས་བཀོལ་མི་ཆོག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།