ལྡོང་བུའི་སྙན་ངག་རྩེ་གྲ་སྐོར་ཞིག་ཆེད་འགོད་བྱས་པ།

355

14011980_1140543362669829_59187927_n.jpg

      ___ལྡོང་བུ།  དངོས་མིང་ལ་ལྕགས་རྡོར་རྒྱལ་འབོད།  ༡༩༨༥ལོར་མདོ་སྨད་འབའ་རྫོང་དུ་སྐྱེས།  སྔ་ཕྱིར་ཆབ་ཆ་དང་པེ་ཅིང་དུ་སློབ་གྲྭ་འགྲིམས།  ༢༠༠༧ལོར《སྨྱོན་པའི་དུས་ཚིགས》དང《ཟླ་བའི་རྨི་ལམ》སོགས་སྙན་ངག་དེབ་དང་འགྱུར་དེབ་བཞི་སྒེར་ནས་སྤེལ་མྱོང་བ་དང་།  ༢༠༡༣ལོར《བོད་ཀྱི་དེང་རབས་སྙན་ངག་རིག་པ》ཞེས་པའི་དཔྱད་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  སྙན་ངག་རིང་མོ《མྱ་ངམ་ཐང》དང《ཉི་མའི་རྡོ》།  བྱིས་སྒྲུང《རྒྱལ་སྲས་ཆུང་ཆུང》དང་སྒྲུང་ཐུང《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་མེ་ཏོག་རྐང་གཅིག》སོགས་ཕྱི་རྒྱལ་གྱི་བརྩམས་སྒྲུང་དང་སྙན་ངག་ཁག་ཅིག་བོད་ཡིག་ཏུ་བསྒྱུར་ཡོད་ཅིང་ད་ལྟ《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་ཞོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྩོམ་རིག་འབུམ་རམས་པའི་བསླབ་གནས་ལ་བརྩོན་བཞིན་ཡོད།


IMG_6301.JPG

 
     དེང་རབས་ཀྱི་སྐྱོ་གཞས།


ཕ་གིའི་གྱོ་མོག་བརྩིགས་པའི་ཁང་པ

ཤིང་བལ་དྲེག་པ་ཆགས་པའི་ལྗོན་པ

ལུས་ལ་གོན་པ་མེད་པའི་སྤྲང་པོ

སེམས་ལ་བདེ་བ་བྲལ་བའི་སྐྱོབ་པོ

སྡོང་ལོ་རླུང་གིས་སྤུར་བའི་དུ་རྡུལ

རྡུལ་དང་སྨུག་པར་སིམ་པའི་སྐར་འོད

འོད་མདངས་རབ་རིབ་འོག་གི་ལམ་འགྲོ

འགྲོ་སའི་གནས་ནི་མ་རྙེད་མགོ་འཁོར

ཁུ་ཁྲག་འཁྱག་པ་ཐེབས་པའི་ཉི་ཟེར

རྨི་ལམ་ལ་ཟིལ་བར་བཏབ་པའི་སྦྱར་སྡོང

ཐང་ཆེན་རྡོ་གཅལ་བཏིང་བའི་རྩི་ཤིང

སྦོམ་ལ་ནག་པའི་ལྕགས་ཀྱི་ཀ་བ་དེས

དུས་ཀྱི་གྲིབ་ཆེན་ནག་ཡོར་ཡོར

ཁོ་བོ་གར་འགྲོ་རྗེས་འདེད་ར་མདའ་འདྲ

ལས་ཀྱི་བྱེད་པོ་རྫིག་རྔམ་རྔམ

ཁོ་བོས་ཅི་བྱས་ལྟ་བའི་མེལ་ཚེ་འདྲ

ཆུ་མོ་ཆུ་མོའི་ས་ན་ལྷུང་ལྷུང

ལྗོན་པ་ལྗོན་པའི་གནས་ན་ཤིག་ཤིག

རྡོ་བ་རྡོ་བའི་གསེང་ན་བརླིང་བརླིང

མི་རྣམས་མི་རྣམས་སུ་འོ་གང་དུ

ཁང་ཁྱིམ་གཅིག་ནས་སྒེའུ་ཁུང་གཅིག

ངོ་ཤེས་གཅིག་ནས་ངོ་གདོང་གཅིག

སྐད་ཆ་ཐམས་ཅད་ངག་མེད་གྱུར

བརྗོད་པ་ཐམས་ཅད་ནུས་མེད་གྱུར

IMG_0746.JPG


      འཕྲལ་གྱི་བདེ་བ་ཆེན་པོའི་སྙན་ངག


ཁྱོད་ནི་ན་བུན་གྱིས་དཀྲིགས་པའི་ཁང་མིག་ཏུ

རོལ་བའི་རྨི་ལམ་གྱིས་བཀྲག་པའི་མེ་ཏོག་ཅིག

ཁྱོད་ནི་ཟླ་བ་ཡི་དཀར་ཆ་སྦྲང་རྩི་ཡི

མངར་ཁ་བསྐལ་བ་ཡི་གླུ་ངག་རིང་མོ་འོ

ཁྱོད་ནི་མེ་ལོང་དུ་ཡང་ཡང་མངོན་པ་ཡི

དུས་ཀྱིས་མི་ཐུབ་པའི་གཟུགས་རིས་མཐའ་མ་འོ

ཁྱོད་ནི་ཉིན་མོ་འོ་ཁྱོད་ནི་མཚན་མོ་འོ

ཁྱོད་ནི་མི་ཉམས་པའི་སྐད་ཅིག་རེ་རེ་འོ

ཁྱོད་ནི་སྨྲས་པའི་གཏམ་ཁྱོད་ནི་བྱས་པའི་ལས

ཁྱོད་ནི་བདག་པོ་ཡི་ལེགས་སྐྱེས་རྗེས་མ་འོ

ཁྱོད་ནི་ཁྱོད་ཀྱི་ལུས་ཁྱོད་ནི་ཁྱོད་ཀྱི་ངག

ཁྱོད་ནི་ཁྱོད་ཀྱི་ཡིད་ཁྱོད་ལ་ཉམས་པ་བྲལ

ཁྱོད་ཀྱིས་ང་རང་ལ་ནམ་མཁའ་ཡངས་པོ་བསྟན

ཁྱོད་ཀྱིས་ང་རང་ལ་སྤྲིན་པ་གདན་དུ་བཏིངས

ཁྱོད་ནི་རྒྱ་མཚོ་ཡི་རླབས་ཀྱི་ཕྲེང་བ་སྟེ

ང་ཡི་ལུས་ཀྱི་ངོགས་ཡང་ཡང་རྡེབ་པར་བྱེད

ཁྱོད་ནི་གཙང་པོ་ཡི་བཞུར་བའི་གླུ་སྐད་དེ

ང་ཡི་ངག་གི་ནགས་སྐད་སྙན་ཁྱབ་པར་བྱེད

ཁྱོད་ནི་རི་རབ་ཀྱི་གོན་པའི་བསིལ་གྲིབ་སྟེ

ང་ཡི་ཡིད་ཀྱི་ཐང་ཚ་བས་སྟོང་བར་བྱེད

ཁྱོད་ནི་གཟའ་ཟླ་བ་ཁྱོད་ནི་གཟའ་ཉི་མ

ཁྱོད་ནི་ཤར་ལྷོ་དང་ཁྱོད་ནི་ནུབ་བྱང་ངོ

ཚེ་ཡི་ཉིང་ཁུ་ཡི་བཏུང་བྱེད་ཕོར་བ་འོ

སྲོག་གི་རི་མོ་དེ་འཕབ་སའི་རྩིག་ལྡེབས་སོ

ཡུལ་གྱི་མུ་ཁྱུད་ལ་བརྩིགས་པའི་ལྕགས་རི་འོ

དུས་ཀྱི་འཐབ་ར་ལས་ཕྱར་བའི་རལ་གྲི་འོ

ཁྱོད་ནི་ང་ཡི་ཁྱོད་ང་ལ་ཁྱོད་ལས་མེད

ཁྱོད་ཀྱིས་ང་རང་ཉིད་མ་བྲི་གང་བར་བྱས

ང་ནི་སྒྲ་སྙན་གྱི་རྒྱུད་སྐུད་རེ་རེ་སྟེ

ང་ཡིས་ཁྱོད་ཀྱི་དབྱངས་ཉིན་དང་མཚན་ལ་བཟློ

ང་ནི་ཡི་གེ་ཡི་ཕྲེང་བ་རེ་རེ་སྟེ

ང་ཡིས་ཁྱོད་ཀྱི་གསུང་ཕྱོགས་དང་ཕྱོགས་སུ་བསྒྲགས

ཁྱོད་ཀྱི་ལག་པ་ཡིས་ང་ཡི་ལག་པར་རེག

ཁྱོད་ཀྱི་ལུས་པོ་ཡིས་ང་ཡི་ལུས་པོ་མྱུལ

ཁྱོད་ཀྱི་དབུགས་རྒྱུན་ནི་ལྡང་བའི་བསེར་བུ་འོ

ཁྱོད་ཀྱི་ངོ་གདོང་ནི་སྲོད་ཁའི་མཚམས་སྤྲིན་ནོ

ཁྱོད་ཀྱི་གྱོན་པ་ཡིས་དགའ་བ་གར་ཏུ་འཁྲབ

ཁྱོད་ཀྱི་སྐྲ་ལོ་ལ་འདོད་པའི་ཐིགས་པ་ཟགས

ཁྱོད་ནི་སྔ་དྲོ་དང་ཁྱོད་ནི་ཕྱི་དྲོ་འོ

ཁྱོད་ནི་ས་སྲོད་དང་ཁྱོད་ནི་ཐོ་རངས་སོ

ཁྱོད་ནི་ད་ལྟ་དང་ཁྱོད་ནི་འདས་པ་སྟེ

ཁྱོད་ཀྱི་མ་འོངས་པས་ང་རང་རྫོགས་པར་གྲུབ

ཁྱོད་ནི་ལྗོན་པ་དང་ལྗོན་པའི་རྨི་ལམ་མོ

ཁྱོད་ནི་སྤྲིན་པ་དང་སྤྲིན་པའི་ཁུ་བ་འོ

འཇམ་པའི་མལ་སྟན་དང་ཞི་བའི་གཟིམ་ཤག་གོ

ཁྱོད་ནི་སྒོ་མོ་དེ་ཁྱོད་ནི་སྒེའུ་ཁུང་དེ

ཁྱོད་ནི་མིག་འབྲས་གཉིས་ཁྱོད་ནི་རྐང་ལག་གཉིས

ཁྱོད་ནི་ལུས་སེམས་གཉིས་ཁྱོད་ནི་འདི་ཕྱི་གཉིས

ཁྱོད་ནི་ལྗོན་རྩེ་ཡི་ཁ་བའི་ལྷག་མ་སྟེ

ནགས་ཚལ་སྟུག་པོ་ཞིག་སེམས་ཀྱི་གཏིང་ལ་ཉར

ཁྱོད་ནི་བྱ་འདབ་ཀྱི་མཆིལ་བ་ཆུང་ངུ་ཞིག

ནམ་མཁའ་ཆེན་པོ་ཞིག་གཤོག་པའི་འོག་ཏུ་ཁུར

ཁྱོད་ནི་ཁྲ་ལམ་མེའི་རྒྱུ་སྐར་ཚོམ་བུ་འོ

ཁྱོད་ནི་གསལ་ཀྲིག་གེའི་ཉི་མའི་ཁྱིམ་རྒྱུད་དོ

ཁྱོད་ནི་ང་ཡི་མིག་ཁྱོད་ནི་ང་ཡི་རྣ

ཁྱོད་ནི་ང་ཡི་སྣ་ཁྱོད་ནི་ང་ཡི་ལྕེ

ཁྱོད་ནི་ཚ་ལུ་མའི་བྲོ་བ་ལག་པ་ཡི

ཚ་བ་མཆུ་སྒྲོས་ཀྱི་བཟི་ཁ་མངར་མོ་འོ

ཁྱོད་ནི་ཚ་མོ་ཆུ་ཁྱོད་ནི་དམར་པོ་མེ

ཁྱོད་ནི་དྭངས་མོ་ཤེལ་ཁྱོད་ནི་བསིལ་མོ་རླུང

ཁྱོད་ཀྱི་བརྩེ་བ་ནི་མཚན་མོའི་རྨི་ལམ་སྟེ

ཁྱོད་ཀྱི་མིག་ཆུ་ལས་སྐར་མའི་འོད་མདངས་ཉམས

ཁྱོད་ནི་ངུ་ངག་གི་དབྱངས་རྟ་ཕྲ་མོ་དང

གསང་བ་ཡང་གསང་གི་མེ་ལོང་དྭངས་མོ་འོ

ཁྱོད་ཀྱི་དགའ་བ་ཡིས་བྱས་པའི་རི་མོ་དེ

སྲིད་པའི་པིར་མཁན་ཀྱང་བྲི་བར་ནུས་མ་ཡིན

ཁྱོད་ཀྱི་སྐྱོ་བ་ལ་སྡུག་གི་ཁ་དོག་བྲལ

རྨི་ལམ་ཐུན་གཅིག་ལ་རྨི་ལམ་མི་མཚན་བཞིན

ཁྱོད་ཀྱི་བདེ་བ་ལ་སྟོང་པ་ཞེས་བྱ་སྟེ

ཁྱོད་ཀྱི་སྟོང་པ་ནི་བདེ་བ་ཆེན་པོ་འོ

IMG_6903.JPG


       དེང་རབས་ཀྱི་དཔེ།


ཕུག་རོན་དཀར་པོ་ཁྱུ་གཅིག་ནི

ཤིན་ཏུ་ནག་པོའི་ཁ་ཏ་ཞིག་དང་མཚུངས

internet་ཡི་ཁ་རླངས་གྲངས་མེད་ཀྱི་ཡལ་ག་དང་ཕོ་བ

ཟླ་བ་རྒས་པའི་ངོ་མདངས་དང་མིག་དམར་གྱི་འགྲམ་པ

ཉིན་གུང་གི་རྒྱ་སྲང

ས་འོག་གི་ཆུ་སྙིགས་སུ་འབྱར་བའི་སྡོམ་གྱི་café

ཀེ་རེར་འགྲེང་བའི་སྡོང་པོའི་ཚོགས

མཚམས་མེད་དུ་སྐྱེ་བཞིན་པའི་སེམས་ཀྱི་འཛིང་རགས

གང་ཞིག་ཏུ་འཐེན་པའི་བར་སྣང་གི་ཟམ་ཆེན

གློག་གཅིག་ནི་དམར་པོ་དང་ཅིག་ཤོས་དེའང་དམར་པོ

ཤོག་བུ་དཀར་པོ་ཞིག་གི་སྟེང་ལ་ཅི་འདོད་དུ་འབྲི་བའི

ལག་པ་དེ་ནི་ནག་པོ   སེམས་ནི་blue

མཐོ་རྒྱུ་མེད་པའི་གྲོང་དཀྱིལ་གྱི་མཆོད་རྟེན་དེ

ཁོག་སྨད་འདམ་དུ་ཟུག་པའི་རྟ་རྐྱང་དཀར་ཞིག

མུན་པའི་ཀློང་གི་མོ་ཊ་ཡི་གློག་འོད་དམར་པོ

Smaug་ཡི་ཁ་ལས་མཆེད་པའི་མེ་ལྕེ་དྲག་པོ

ཕུག་ལམ་ནང་གི་engine་གྱི་ལྡིར་སྒྲ

གཤིན་རྗེའི་མགྲིན་པ་ལས་ཕྱུང་བའི་ང་རོ་ཐེངས་ཤིག

ས་འོག་མེ་འཁོར་གྱི་ཤེལ་སྒོ་ཁྲ་བོའི་ནང་གི་མི་རྣམས

འོད་ཀྱིས་སྐྱ་བོར་བྱེད་པའི་zombie་ཡི་ཁྱུ་ཚོགས

IMG_0747.JPG


        ལོ་གཅིག་གི་དྲན་པ།


ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

ལྗོན་པ་ཡིས་ལོ་མ་བསྐྱུར་ནས་ཕྱིན

ཁྱོད་ནི་དུས་ཚིགས་དང་དེ་ལ་བསྙེས་པའི

ལྡོག་ཏུ་མེད་པའི་རྒྱབ་གཟུགས་ཀྱི་གཙང་པོ་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

སྐྱེ་འགྲོ་ཀུན་ལ་དགྲ་གྲོགས་དང་བྲལ

ཁྱོད་ནི་འཆི་བདག་དང་དེ་ལ་འཐམ་པའི

སྐྱེས་པའི་ཐམ་ཀ་དང་ཁྲག་གི་སྨོན་ལམ་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

ས་སྲོད་ཀྱིས་རང་གི་མཁར་རྔ་བརྡུང་ཞིང

ཁྱོད་ནི་ལག་པ་དེ་དང་དེ་ཡིས་བཟུང་བའི

ཚ་ཡལ་མེད་པའི་ཇ་ཕོར་བ་གང་པོ་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

གློག་སྒྲོམ་འགྲོ་མཚམས་བཞག་ཅིང་ཤེལ་སྒོ་སྟོང་བར་ཆགས

ཁྱོད་ནི་མིག་ཟུང་དེ་དང་དེ་ལ་ཞེན་པའི

ཤེལ་སྒོའི་ཕྱི་རོལ་གྱི་འགྱུར་བ་བྲལ་བའི་ཡུལ་ལྗོངས་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

དུས་རབས་ཀྱི་གཙང་པོའང་ཟེགས་མ་རེ་རེར་གྱུར་ཅིང

ཁྱོད་ནི་རྐང་པ་དེ་དང་དེ་ཡིས་ཕབ་པའི

རེ་བ་མེད་པར་གང་སར་འཐེན་པའི་ལམ་གྱི་རྗེས་ཤུལ་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

གཏམ་རྒྱུད་ཐན་ཐུན་གྱི་ཁ་བས་རི་མགོ་གཡོགས

ཁྱོད་ནི་མེ་ལོང་དེ་དང་དེ་ལ་ཧ་བཏབ་པའི

སྡུག་བསྔལ་གྱི་རི་མོ་མཚོན་པའི་མེ་ཏོག་དེའོ

ལོ་ཟླ་དང་ཉིན་ཞག་གི་མཐའ་རུ

སྒམ་ཆུང་ནག་པོ་དེའི་མཐའ་རུ་གཉེར་རིས་བབས་ཤིང

ཁྱོད་ནི་སྟོང་བ་དེ་དང་དེ་ཡིས་བསླེས་པའི

འཇིག་པ་བྲལ་བའི་སྒྱུ་མའི་སྐ་རགས་དཀར་པོ་དེའོ

IMG_6238.JPG


       དགའ་བའི་དུས་ཚིགས།


ཁྱོད་དང་ང་ཡི་བར་དུ

འཇིག་རྟེན་ལ་རྨི་ལམ་གྱི་དྲ་བས་ཁེངས

ང་ནི་ཟམ་ཆེན་དེ་ཡི་གྲིབ་མ་དང

དེ་ལ་ཁེན་པའི་སྡོམ་རྒྱའི་འོད་ཟེར་དེའོ

ཁྱོད་དང་ང་ཡི་བར་དུ

རྒྱ་སེ་ལ་ཁ་དོག་ནག་པོས་མཚན་ཞིང

ང་ནི་རྐྱ་འཐབ་པའི་ལྗོན་པའི་ཚོགས་དང

ལེན་ཐབས་བྲལ་བའི་དེ་ཡི་སྙིང་པོའོ

ཁྱོད་དང་ང་ཡི་བར་དུ

དུས་ཀྱི་ལག་པ་ལ་སྡེར་མོ་ཐོགས

ང་ནི་སེང་རས་ཀྱིས་གཡོགས་པའི་གྲོང་ཁྱེར་དང

སྤྲིངས་ཐབས་བྲལ་བའི་འཕྲིན་ཡིག་དེའོ

ཁྱོད་དང་ང་ཡི་བར་དུ

གོ་ལ་ཧྲིལ་པོ་འོད་སྣང་གིས་ཟིན་ཞིང

ང་ནི་གཉེན་སྟོན་ལ་སྒུག་པའི་སྐྱེས་པ་དེ་དང

དེ་ཡི་ར་བཟི་བར་གྱུར་པའི་ཕ་རྒན་དེའོ

ང་དང་ཁྱོད་ཀྱི་བར་དུ

ནམ་མཁའ་ཡིས་སྟོང་བ་གཞས་སུ་གཏོང

ང་ནི་ཕྱུར་བུར་འཕྱུར་བཞིན་པའི་འབྲུ་རིགས་དང

དེ་མ་འབུས་གོང་གི་ཉམ་ཆུང་བའི་ས་བོན་ནོ

ང་དང་ཁྱོད་ཀྱི་བར་དུ

དུས་ཀྱི་ཕོ་ཉ་ཡི་གཤོག་པ་ཆད

ང་ནི་ཁེར་ཧྲེང་གི་མནའ་ཡ་དང

དེའི་པང་དུ་རུམ་པའི་རལ་གྲི་དེའོ

ང་དང་ཁྱོད་ཀྱི་བར་དུ

ཉི་ཟླ་ནི་བྱེད་པོ་གཞན་ཞིག་ཏུ་འགྱུར

ང་ནི་ཞོགས་པའི་མདངས་ཉམས་པའི་རི་རབ་དང

སྒེའུ་ཁུང་ཁའི་འོད་ཟེར་གྱི་ལྷག་མའོ

ང་དང་ཁྱོད་ཀྱི་བར་དུ

ཁ་བ་ཡིས་དགུན་ཁ་བསྐྱུར་ནས་ཕྱིན

ང་ནི་རབ་རིབ་ཏུ་འགྱུར་བའི་མ་ེལོང་དེ་དང

ཆར་ཆུ་ཡིས་བཀྲུ་བཞིན་པའི་ཡི་གེའི་ཕྲེང་བའོ

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།