རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་གསར་བྲིས་སྙན་ངག་རིང་མོ(འགྱུར་ལྡོག་ཁྲོད་ཀྱི་མེ་ལོང་།)

298

IMG_6253.JPG


ཉི་མའི་འོད་ཀྱིས།

གཙང་བོ་འཐུང་ཞིང་།

གཙང་འགྲམ་གྱི་རུ་བ་དག

ཀོ་གྲུར་བསྡད་དེ་ལམ་ལ་ཆས།

ཁྱེད་གྲུ་ལ་སྡོད་པའི་ལམ་ཁ་དེར་བཤོལ་ནས།

ནགས་ཚུལ་ཞིག་རྗེས་སུ་ཁྲིད་དེ།

རི་ཁྲོད་དུ་སྙེགས་མགོ་བརྩམས།

རི་ཁྲོད།

དར་ལྕོག་གི་ངོས་ནས་ཡི་གེ་རྣམས་འཕུར་ཅིང་།

སྒོམ་ཁང་གི་མདུན་དུ་བྱ་རོག་ཚོགས་འདུ་སའི་ལྗོན་པ་གཡོ།

དུས་དེར་ཁྱེད་རང་ཅི་ལའང་མ་འཛེམ་པར་སྒོམ་ལ་ཞུགས།

ཏིང་ངེ་འཛིན་གྱི་མེ་ལོང་དབུས་སུ།

སྤྲིན་པ་ཐིབ་ཅིང་།

ཆུ་བོ་བྲུག་འོང་བས།

སྒོམ་གྱི་དམིགས་རྣམས་ཀུན་འཛིངས་ཤིང་འཁྲིགས།

ཁྱེད་ཀྱིས་ཡང་བསྐྱར་དཀྱིལ་ཀྲུང་དམ་པོ་བྱས་ཏེ།

བྲག་ངོས་ཀྱི་རྗེ་བཙུན་སྒྲོལ་མར་གསོལ་བ་བཏབ།

བར་ཆད་ཀུན་ཞི་བར་གསོལ་སྐབས།

སྒྲོལ་མ་ལས་རང་འདྲ་གཉིས་པ་ཞིག་ཁྱེད་ཀྱི་མདུན་དུ་བྱོན།

ཁྱེད་ལ་ངོ་འཛུམ་གནག་པ་ལས་བྱིན་རླབས་ཅི་ཡང་མ་བསྩལ།

མཚམས་དེར་ཁྱེད་ཀྱི་དངན་པ་ནི།

དུ་བ་འཚུབ་པ་བཞིན་གཡས་སུ་གཡོ་ཞིང་།

མཚམས་དེར་ཁྱེད་ཀྱི་མཆི་མ་ནི།

རྦབ་རྡོ་འདྲིལ་བ་བཞིན་མཁུར་མགོ་ནས་གཡོན་དུ་ཟགས།

མདུན་ཐད་དུ་སྒྱུ་མ་དང་རྨི་ལམ་ལྟ་བུའི་འཁོར་བ་ཞིག་མངོན།

གཟུགས་སྟོང་བའོ། སྟོང་བ་ཉིད་གཟུགས་སོ།

བདེན་པར་སྨྲ་བ་ནི་རེ་ཞིག་ལྐུག་པའོ།

དམ་བཅའི་ཁུར་འཆང་བ་དག་ནི་རེ་ཞིག་ངལ་ལོ།

གློ་རྡེག་ལ་ཁྱེད་རང་ཏིང་ངེ་འཛིན་ལས་ཕྱིར་ལྡོག་ནས།

ལམ་གཉིས་ཀྱི་གཞི་མདོ་ལ་བསླེབས་ཚེ།

རྐང་བ་གཅིག་རང་གི་གྲིབ་མའི་ནང་ལ་བརྐྱངས་ཤིང་།

རྐང་བ་གཅིག་ལམ་གྱི་ཚངས་ཐིག་ལ་སྤོས་ཏེ།

རེ་ཞིག་གཉིད་ལ་ཡུར།

རྨི་ལམ་དུ་སྨ་ར་དཀར་པོ་ཡིན་པའི་རས་པ་ཞིག་ཐོན།

རྨི་ལམ་དུ་མིག་གཉིས་ལོང་བར་གྱུར་བའི་རྟ་ཕོ་ཞིག་ཐོན།

ད་དུང་རྨི་ལམ་དུ།

ཁྱེད་ནི་གཙང་བོའི་འགྲམ་གྱི་ཉ་བ་ཞིག་ཡིན་ལ།

ཉིན་མཚན་དབྱེར་མེད་དུ་མིག་ཟུང་གཙང་པོར་ཅེར་ཀྱང་།

ལག་ཏུ་གང་ཡང་མ་ཐོབ་པའི་ཉ་བ་ཞིག་ཡིན།

སྐབས་རེར་མགོ་བོ་བྲང་ལ་དུད་བཞིན་རས་པ་དེར་གུས་ཤིང་།

སྐབས་རེར་སེམས་སུ་བྲེད་ཤ་འཚུབ་བཞིན་རྟ་ཕོ་དེར་བལྟས།

འོན་ཀྱང་། རས་པ་དེ་ན་རེ།

(བྱས་པའི་ལས་ནི་གོལ་གྱུར་ན།

འབྲས་བུ་ངན་པ་འབྱུང་ངེས་ཏེ།

མདུན་གྱི་རྟ་ཕོ་ལོང་བ་བཞིན།

རང་གི་ལམ་ནི་མི་མཐོང་ངོ།)

དེ་ལྟར་སྨྲ་བའི་རྗེས་སུ།

རས་པ་དེའི་རྒྱབ་གཟུགས་ལས་ཁྱེད་ཀྱིས་གང་ཡང་མ་མཐོང་།

དུས་དེར་ཁྱེད་ནི་ཆུ་རྫིང་གི་ཁར་གཡོ་བའི་ཟླ་གཟུགས་ཤིག

གང་ལའང་ཐོག་མེད་དུ་རྒྱུ་བའི་རླུང་བུ་ལྡོམ་པོ་ཞིག

ཞེན་ཆགས་ཀྱིས་རྣམ་པར་ཤེས་པ་དེ་ག་ཙམ་འཕག་ཀྱང་།

ཁྱེད་ནི་རྐང་ལག་སྦྲིད་བའི་སློང་མོ་བ་ཞིག

གཡོ་འགུལ་མེད་པར།

མིག་སྒྲིབ་རྒྱབ་པའི་ལམ་འགྲོ་བ་བཞིན་ཐེ་ཚོམ་གྱི་ངང་དུ་ལུས།

མཚམས་དེར་ལོང་བར་གྱུར་བའི་རྟ་ཕོ་ན་རེ།

(མིག་ལྡན་གཡང་ལ་ཟགས་པ་ཡི།

རྣམ་པ་འདི་ནི་གད་མོའི་གནས།

ཤེས་རབ་ཉི་འོད་གསལ་བ་ན།

གང་ལ་གོམ་པ་སྤོས་དེ་ལམ།)

དེ་ལྟར་སྐད་བཏོན་པའི་རྗེས་ལ་ལོང་བར་གྱུར་བའི་རྟ་ཕོ་དེ།

ཁྱེད་ཀྱི་རྗེས་སུ་ཁྲིད་པའི་ནགས་ཚལ་དེར་ཕྱིན་སོང་།

ནགས་ཚལ་དེ་རུ།

དབྱངས་རྟ་ཞིག་དལ་བུར་ཐོས་འོང་།

དབྱངས་ཀྱི་སྣེ་མོ་རུ་སླར་ཡང་རི་ཁྲོད་ཅིག་མངོན་འོང་།

གནམ་གྱི་འཇུ་ཐག་ལས་བབས་པའི་གླེགས་བམ་སེར་པོ་ཞིག་མཐོང་།

གླེགས་བམ་དེ་ཡི་དབུས་སུ།

ཆོས་རྣམས་སྒྱུ་མ་ལྟ་བུར་གསུངས།

ཆོས་རྣམས་རྨི་ལམ་ལྟ་བུར་གསུངས།

རྨི་ལམ་ནས་རྨི་ལམ་གྱི་བྱ་བ་བྱེད་པ་དང་།

སྒྱུ་མས་སྒྱུ་མར་བྱ་བ་བྱེད་པ་དག་ནི།

སྐབས་རེར་དྲང་དོན་ཡིན་ཟེར།

སྐབས་རེར་དངོས་དོན་ཡིན་ཟེར།

ཁྱེད་ཀྱི་ཆུ་བུར་གྱི་མིག་དང་།

ཐོག་བཅས་ཀྱི་རྣ་བ་དེས་ཅི་ཡང་མ་རིག་ཅིང་མ་གོ་བར།

རང་གི་བྲང་ལ་སྤར་མོ་བཏབ།

རྨི་ལམ་ལྟ་བུ་ཡིན་མིན་ལ་བལྟས།

རང་གི་གྲིབ་མ་བཙལ།

སྒྱུ་མ་ལྟ་བུ་ཡིན་མིན་ལ་དཔྱད།

གློ་རྡེག་ལ་སྐད་ཤུགས་བཏོན་ཅིང་།

དངངས་སྐྲག་གིས་སྨྲེ་ངག་ཤོར་སྐབས།

ཁྱེད་རང་གཉིད་ལས་སད་དུས།

རྐང་བ་ཡ་གཅིག་རང་གི་གྲིབ་མའི་ནང་ལ་སྤོས་འདུག

རྐང་བ་ཡ་གཅིག་ལམ་གྱི་ཚངས་ཐིག་ཐོག་ཏུ་སྤོས་འདུག

ལོ་ཟླའི་མེ་ཡིས་བསྲེགས་ཤུལ་གྱི་གྲམ་གཞོང་ཞིག་ཏུ།

ཁྱེད་རང་བསྐྱར་ལོག་བྱས་ཚེ།

པོ་ཏཱ་ལ་ནི་རྒས་ཟིན་པའི་བྲག་སྟེང་གི་ཨོཾ་ཡིག་ཅིག

གཙུག་ལག་ཁང་ནི་ཡལ་ཟིན་པའི་ཆར་རྗེས་ཀྱི་འཇའ་ཚོན་ཞིག

ལམ་ལ་ལམ་འཁྲིད་མེད་ཅིང་།

སེམས་ལ་ཁ་ལོ་མེད་པའི་ཁྱེད་རང་།

གཡས་ཕྱོགས་ཀྱི་ལམ་སྔོན་པོ་དེ་རུ་འགྲོའམ།

གཡོན་ཕྱོགས་ཀྱི་ལམ་སེར་པོ་དེ་རུ་འགྲོ།

ཅི་གང་ཡང་མེད་པའི་ཉི་མ་མང་པོར།

ཁྱེད་ཀྱི་བྱིན་པ་འདར་ཡང་།

སྔར་གྱི་རི་ཁྲོད་དེ་རུ་ལོག་ནས།

ཌཱ་མ་རུ་ཐོགས་ཤིང་།

རྐང་གླིང་འབུད་བཞིན།

རང་གི་ལུས་ཀྱི་ཤ་དང་ཁྲག

ཚིལ་དང་རྐང་སོགས་རིགས་དྲུག་གི་ཉམ་ཐག་རྣམས་ལ་བསྔོ་བའི།

འདུན་པ་འགགས་ཟིན་པའི་ཁར།

ཞེན་པའི་མིག་ཟུང་གིས་ཅེར་རེར་ལྟ་ས་ནི།

མི་རྣམས་སོང་ཤུལ་གྱི་གཙང་འགྲམ་དེ་དང་།

གྲུ་མཁན་དག་གིས་བསྐྱུར་ཟིན་པའི་གྲུ་རྫིངས་དེ།

ཁྱེད་ནི་ནམ་ཡང་གྲིབ་མ་ཞིག

ནག་ཡོར་ཡོར་གྱི་གྲིབ་མ་ཞིག

མེ་ལོང་ཐོག་གི་ན་བུན་ཞིག

ན་བུན་དེ་ལ་འཁོར་བའི་སྦྲང་ནག་ཅིག

སྐབས་རེར་ཁྱེད་ཀྱི་མཐོང་ལམ་དུ།

ཉི་ཟླ་གཉིས་ནི།

རྒས་མོ་ཞིག་གི་མེ་ལོང་ཟད་པོ་ཞིག་དང་འདྲ་བར།

མདོག་ཉེས་ལ་མདངས་མི་གསལ་བས།

ཚད་མེད་པའི་སྐྱོ་བ་དེ་ལ་སྣོན་པ་བཏབ་འོང་།

ཐང་ཆད་པའི་དུས་ཚོད་དེ་ལ་ཁ་ཆད་བཏབ་འདུག

ཡིན་ཀྱང་། དབུགས་ཀྱི་ཚ་རྔུབ་ཁྲོད།

ཁྱེད་ནི་མེ་མདའི་ཁོག་པ་ན་ངར་བའི་མདེའུ་ཞིག

མིག་ཟུང་བཙིམས་ནས མཆུ་སྒྲོས་ལྷོད་དེ།

ཁྱེད་ཀྱིས་བསམ་བློ་བཏང་འོང་ཚེ།

གནའ་སྔ་མོ་ཞིག་གི་རས་པ་བགྲེས་པོ་དེ་དྲན།

གནའ་སྔ་མོ་ཞིག་གི་རྟ་ཕོ་ལོང་བ་དེ་དྲན།

ཡིན་ཀྱང་། དྲན་པའི་ཡུལ་དུ་གསལ་ལ་མི་གསལ་བའི་ཡིག་འབྲུ་མང་པོ།

མཚར་སྡུག་ལྡན་པའི་ངང་འཕུར་ཟིན་པས།

ཁྱེད་ཀྱིས་ད་ནི་རི་མོ་མི་གསལ་བའི་གོམ་པ་སྤོས་ཤུལ་གྱི་ལམ་རིང་ཐུང་ལ།

མིག་ཟུང་བཙིམས་ནས་འགྲེལ་བཤད་མང་པོ་གནངས་ཀྱང་།

སྒོམ་ཁང་མདུན་ཐད་ཀྱི་བྱ་རོག་འདུ་སའི་ལྗོན་པ་དེ་དང་།

བྲག་ངོས་ཀྱི་སྒྲོལ་སྐུ་དེ་ལས་ཁྱེད་ལ་ཅི་ཡང་མེད་པས།

ཁྱེད་གང་དུ་སོང་ཡང་སླར་དེ་རུ་མི་ལྡོག་ཐབས་མེད་དུ་གྱུར།

ལམ་གྱི་མགོ་རྔ་ཀུན་ཏུ།

ཁྱེད་ཀྱིས་རས་པ་བགྲེས་པོ་དེ་ཡིད་ལ་ག་ཙམ་སྒོམ་ཡང་།

དེ་ནི་རྨི་ལམ་མོ།

ལམ་གྱི་མགོ་རྔ་ཀུན་ཏུ།

ཁྱེད་ཀྱིས་རྟ་ཕོ་ལོང་བ་དེ་ཇི་ལྟར་དྲན་ཡང་།

དེ་ནི་རྨི་ལམ་མོ།

གཞི་ནས་ཁྱེད་རང་རི་ཁྲོད་དེར་བསྐྱར་དུ་སྙེགས་མགོ་བརྩམས་ཤིང་།

གྲིབ་མའི་ཁྲོད་ནས་གཏམ་རྒྱུད་འཚོལ་བཞིན།

ལམ་ཀྱ་ཀྱུ་དེ་འདེད་སྐབས།

སྐྱེ་བ་སྔན་མར་ཁྱེད་དང་མཉམ་དུ་བསྡད་མྱོང་བའི་བྱིའུ་ཞིག་གིས།

ཁྱེད་ཀྱི་སྒོམ་ཁང་གི་འགྲམ་ན་རང་སྲོག་བཅད་འདུག


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།