བདའ་ཚང་སྙེམས་གྲོལ་གྱི་གསར་བྲིས་སྙན་མགུར་ཆེད་འགོད།

6519

རྭ་ཁ་བྲག་ནས་རྗེ་ཙོང་ཁ་པ་དྲན་པ།

གནམ་ཨ་སྔོན་སྤུངས་པའི་ཞོལ་ཅིག་ན། །
བྲག་དམར་སེང་དབུ་རྩེ་ཕྲོམ་མེ་གདའ། །
སྤྲིན་ན་བུན་དཀར་ཆུང་སྤུངས་སེ་གདའ། །
དབེན་རི་ཁྲོད་འདི་ཡི་ཡང་ཁྲོད་དུ། །
གོས་དམར་སྨུག་མནབས་པའི་ཙོང་ཁ་པ། །
རྡོ་ཕ་བོང་སྔོན་མོའི་སྟེང་ཤོད་དུ། །
སྨུག་ཕུང་ངེ་བཞུགས་སམ་སྙམ་སྙམ་ནས། །
སེམས་བྱིའུ་ཆུང་མ་ཟིན་བྲག་ལ་འཕུར། །
བྲག་དམར་པོའི་ཐེམ་ལ་ཡར་ཡར་འཕུར། །
རྫ་ཁྲ་མོ་སྤུངས་པའི་ཞོལ་ཅིག་ན། །
རྡོའི་ཕུག་པ་རང་བྱུང་ཀྱུགས་སེ་གདའ། །
ཤིང་ལོ་མའི་དྲྭ་བ་ཁྲིགས་སེ་གདའ། །
དབེན་རི་ཁྲོད་འདི་ཡི་ཡང་ཁྲོད་དུ། །
དབུ་བཙུན་ཞྭ་གྱོན་པའི་ཙོང་ཁ་པ། །
རྡོའི་ཕུག་པ་གཅིག་གི་ཡང་ཕུག་ཏུ། །
ཐུགས་ཁྲོང་ངེ་བཞུགས་སམ་སྙམ་སྙམ་ནས། །
སེམས་བྱིའུ་ཆུང་མ་ཟིན་བྲག་ལ་འཕུར། །
བྲག་དམར་པོའི་ཐེམ་ལ་ཡར་ཡར་འཕུར། །
སྤྲིན་དཀར་ཆུང་སྤུངས་པའི་ཞོལ་ཅིག་ན། །
བྱ་བྱིའུའི་སྒྲོ་གཤོག་འཇོལ་ལེ་གདའ། །
སིལ་ཤིང་མགོར་དཔྱངས་ནས་ཕྱང་ངེ་གདའ། །
དབེན་རི་ཁྲོད་འདི་ཡི་ཡང་ཁྲོད་དུ། །
ཕྱག་པོ་ཏི་བསྣམས་པའི་ཙོང་ཁ་པ། །
ཤིང་ལྗོན་པ་གཅིག་གི་བསིལ་འོག་ན། །
ཟིལ་བུན་ནེ་བཞུགས་སམ་སྙམ་སྙམ་ནས། །
སེམས་བྱིའུ་ཆུང་མ་ཟིན་བྲག་ལ་འཕུར། །
བྲག་དམར་པོའི་ཐེམ་ལ་ཡར་ཡར་འཕུར། །

མགུར་ཆུང་མཛོ་འགྲོས་མ།

སྨུག་རིབ་བེ་རི་བརྒྱ་ཡར་ལ་ཆད། །
ནག་རོང་ངེ་ལུང་བརྒྱ་ཐུར་ལ་ཆད། །
སྤྲིན་དར་ཟབ་ཤམ་མེ་དེ་ན་བརྐྱངས། །
ཆུ་དངུལ་དཀར་ཕྱང་ངེ་དེ་ན་འབབ། །
ཁྱོད་མ་གཡེང་རི་བརྒྱའི་འདབས་ལ་ལྟོས། །
འབྲོང་མ་བརྒྱས་བུ་བརྒྱ་འཁྲིད་ནས་གདའ། །
རྩལ་ཡོད་ན་རུ་དམར་ཤབ་འཛིན་བྱོས། །
འབྲོང་བྲེ་ལོའི་མཆུ་ལ་ཞགས་པ་སྐོན། །
ཤ་ཁོག་བུབས་གཅིག་གིས་ལྟོ་ཆས་ཡོང་། །
ཀོ་གཡང་གཞི་གཅིག་གིས་དགུན་མགོ་འཁྱོལ། །
ཚིལ་ཤ་སྣག་གཉིས་ཀྱིས་དོས་ཁལ་ལོངས། །
རྒྱབ་ཁུལ་རྩིད་འཐགས་ན་མགོ་སྦྲ་ཡོང་། །
མགོ་རུ་ཐུར་བལ་ན་ཆང་སྣོད་ཉན། །
སྐྱ་ཁྲིག་གེ་ཐང་བརྒྱ་ཕར་ལ་ཆད། །
ལྗང་སྨུག་གེ་སྤང་བརྒྱ་ཚུར་ལ་ཆད། །
རྩྭ་རྩི་མགོ་ཤིག་གེ་དེ་ན་བཀྲ། །
བྱ་རི་དྭགས་ལྷོད་དེ་དེ་ན་རྒྱུ། །
ཁྱོད་མ་གཡེང་ཐང་བརྒྱའི་མཐའ་ལ་ལྟོས། །
རྐྱང་མ་བརྒྱས་བུ་བརྒྱ་འཁྲིད་ནས་གདའ། །
རྩལ་ཡོད་ན་རྐྱང་ཁྱུར་ཤབ་རྒྱུགས་བྱོས། །
རྐྱང་ཁ་དཀར་མགོ་ལ་མཐུར་མདའ་ཞོག །
རྒོད་གཡུང་ལ་ཕབ་ན་སྒོ་ཟོག་ཉན། །
མགོ་གསེར་སྲབ་སྤྲད་ན་ཆིབས་པ་ཡོང་། །
སྒ་བེ་ཤིང་བསྟད་ན་ཁལ་མར་རུང་། །
ལ་རིང་པོར་འགོ་ན་འགོ་རོགས་འོང་། །
ཆུ་གཙང་པོ་གཅོད་ན་གཅོད་རོགས་ཡོང་། །
སྨུག་ཕུང་ངེ་མཁས་བརྒྱ་ཡར་ལ་ཆད། །
སེར་ལམ་མེ་བཙུན་བརྒྱ་མར་ལ་ཆད། །
ཆོས་པོ་ཏི་ཁྲོང་ངེ་དེ་ན་བརྩིགས། །
ཉམས་རྟོགས་པ་ཐོལ་ལེ་དེ་ན་འབར། །
ཁྱོད་མ་གཡེང་གྲལ་བརྒྱའི་མཐའ་ལ་ལྟོས། །
རྗེ་ཕ་བརྒྱས་བུ་བརྒྱ་འཁྲིད་ནས་གདའ། །
སྙིང་སྲ་ན་བླ་མ་ཏུར་བསྟེན་བྱོས། །
ཕ་བླ་མའི་ཞབས་ལ་མཚོག་མ་གཏུགས། །
ཆོས་མདོ་སྔགས་གཉིས་ཀྱི་ས་ངོ་འཕྲོད། །
ཚེ་འདི་ཕྱི་གཉིས་ཀྱི་ལམ་ངོ་ཤེས། །
བྱམས་སྙིང་རྗེ་གཉིས་ཀྱི་བྲོ་ཁ་འབྱུང་། །
ཡིད་དྲན་ཤེས་གཉིས་ཀྱི་སོ་བ་ཡོང་། །
ལར་འཁོར་འདས་གཉིས་ཀྱི་ལྟད་མོ་མཐོང་། །

འཕྲུལ་སྣང་ཕྱལ་ལེ་ཕྱོལ་ལེ།

ང་རང་ཁང་སྟོང་སྒྲོན་མེ་ཆུང་ངུའི་དྲུང་། །
བསྡད་ཀྱིན་བསྡད་ཀྱིན་ནང་སེམས་ཡུལ་ཡུལ་པོར། །
གངས་རྐེད་ཟླ་འོད་མུན་ལ་འདྲེས་ནས་བྱུང་། །
མཐའ་མེད་ནམ་མཁའ་རླུང་གིས་སྦྲེལ་ནས་བྱུང་། །
རི་རྩེ་སྟོང་བ་སྤྲིན་གྱིས་བསྐོར་ནས་བྱུང་། །
དོང་ཞབས་ཆུ་ལ་སྐར་མདའ་ལྷུང་ནས་བྱུང་། །
རྫ་སྲིབ་མེ་ཏོག་བསེར་བུས་བསྒུལ་ནས་བྱུང་། །
སྒང་རྐེད་སྤེན་མ་ཟིལ་བས་བརྒྱན་ནས་བྱུང་། །
ལ་ཁའི་སྐར་མ་སྟོང་འདར་བྱས་ནས་བྱུང་། །
འཁོར་བའི་མུན་ནག་སྟོང་འཐིབས་བྱས་ནས་བྱུང་། །
ང་རང་རྡོ་གསེབ་ཆུ་དྭངས་འཁྱིལ་བའི་ཁར། །
བསྡད་ཀྱིན་བསྡད་ཀྱིན་ནང་སེམས་ཕྲི་ལི་ལིར། །
གནམ་མཐའི་སྤྲིན་ཁྱུ་རུག་རུག་འཐིབས་ནས་བྱུང་། །
རྩྭ་གསེབ་སྦལ་སྔོན་ལིང་ལིང་ལྡིང་ནས་བྱུང་། །
ཤིང་མགོའི་ཆུ་ཐིགས་རིལ་རིལ་ལྷུང་ནས་བྱུང་། །
ཕྱེ་ལེབ་ཁྲ་ཆུང་ཚུབ་ཚུབ་འཕུར་ནས་བྱུང་། །
རི་དྭགས་རྣ་བ་ཀྲོང་ཀྲོང་བྱས་ནས་བྱུང་། །
བྲག་ཁའི་མེ་ཏོག་ཤིག་ཤིག་འདར་ནས་བྱུང་། །
ལྷོ་རླུང་ཕྲ་མོ་ཡབ་ཡབ་ལྡང་ནས་བྱུང་། །
རི་རྐེད་འཇའ་གུར་བུན་བུན་ཕུབ་ནས་བྱུང་། །

ཅིས་ཀྱང་མི་འདུག་ཟེར་ན་འདི་ལྟར་བྱ།

མི་ལེན་ཁ་རོག་སྡོད་པ་གལ་རེ་ཆེ། །
མི་འདུག་ཅིས་ཀྱང་ལེན་ཞེས་རྣ་བསྐྱོར་ན། །
ས་རྡོ་ཡིན་ཡང་མིག་ཆུ་འཆོར་ལེ་ཞིག །
དུད་འགྲོ་ཡིན་ཡང་ཡིད་སེམས་སྨྲེང་ལེ་ཞིག །
ལེན་ནོ་དེ་མིན་སྐད་ངན་བཙིར་བཙིར་པོ། །
སུར་ཡང་ཡོད་དོ་ཡོད་ཀྱང་སྙིང་པོ་ཅི། །
མི་བཤད་ཁ་རོག་སྡོད་པ་དོན་རེ་ཆེ། །
མི་འདུག་ཅིས་ཀྱང་བཤད་ཅེས་གྲེ་བསངས་ན། །
དམ་པའི་ལྷ་ཆོས་སྐུད་པ་རྒྱུ་རྒྱུ་ཞིག །
འཇིག་རྟེན་མི་ཆོས་འཕང་ལོ་བསྐོར་བསྐོར་ཞིག །
བཤད་དོ་དེ་མིན་ངག་འཆལ་དིག་དིག་པོ། །
སུས་ཀྱང་ཤོད་དོ་ཤོད་ཀྱང་སྙིང་པོ་ཅི། །
མི་འགྲོ་ཁ་རོག་སྡོད་པ་གནད་རེ་ཆེ། །
མི་འདུག་ཅིས་ཀྱང་འགྲོ་ཞེས་གྲབས་བྱེད་ན། །
ཐང་ཆེན་ཐང་ཆུང་ཆོས་དཔེ་རྫོགས་རྫོགས་ཤིག །
ཆུ་ཆེན་ཆུ་ཆུང་ཤོག་བུ་འདྲ་འདྲ་ཞིག །
བྱེད་དོ་དེ་མིན་གོམ་སྟབས་འཐེང་འཐེང་པོ། །
སུར་ཡང་ཡོད་དོ་ཡོད་ཀྱང་སྙིང་པོ་ཅི། །
མི་རྩོད་ཁ་རོག་སྡོད་པ་འགངས་རེ་ཆེ། །
མི་འདུག་ཅིས་ཀྱང་རྩོད་ཅེས་ཕོད་འཛུགས་ན། །
སྔ་རྒོལ་བྱིའུ་ཁྱུ་ཁྲ་ཡིས་འདེད་འདེད་ཅིག །
ཕྱི་རྒོལ་ཁྱི་རྐུན་ཐག་པས་འཁྲིད་འཁྲིད་ཅིག །
བྱེད་དོ་དེ་མིན་ངན་སྐད་རིང་རིང་པོ། །
སུས་ཀྱང་རྒྱོབས་སོ་རྒྱོབས་ཀྱང་སྙིང་པོ་ཅི། །
མི་འབྲི་ཁ་རོག་སྡོད་པ་ཟིལ་རེ་ཆེ། །
མི་འདུག་ཅིས་ཀྱང་འབྲི་ཞེས་ཉམས་འདོད་ན། །
བཀླགས་ཚེ་ནང་སེམས་ཡུལ་ཡུལ་འགྱུར་བ་ཞིག །
གྱེར་ཚེ་མིག་ཆུ་ཉིལ་ཉིལ་ལྷུང་བ་ཞིག །
འབྲི་འོ་དེ་མིན་རྩོམ་པ་མོག་མོག་པོ། །
སུས་ཀྱང་ཕྲིས་སོ་ཕྲིས་ཀྱང་སྙིང་པོ་ཅི། །

ད་ཡང་སྙན་ངག་འབྲི།

ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་ལ་རྐེད་འདི་ནས་འབྲི། །
སྤྲིན་དམ་མེ་དུམ་མེ་ཆད་པ་འབྲི། །
དཀར་ལམ་མེ་འཁྲིགས་པ་ཁྱེད་རང་རེད། །
དམར་ལྷང་ངེ་འཐིབས་པ་ང་རང་རེད། །
དགུང་འདི་ནས་འདྲེས་པ་མཚམས་སྤྲིན་རེད། །
ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་ན་མགོ་འདི་ནས་འབྲི། །
ཆུ་ཀར་རེ་ཀོར་རེ་འཁྱིལ་བ་འབྲི། །
དྭངས་ཤ་ལེ་ཡོད་པ་ཁྱེད་རང་རེད། །
གསལ་ཀྱི་ལེ་བྱེད་པ་ང་རང་རེད། །
ན་འདི་ནས་འདྲེས་པ་རྫ་ཆུ་རེད། །
ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་སྡེ་མཐའ་འདི་ནས་འབྲི། །
ལམ་ཁྱ་གེ་ཁྱོག་གེ་བསྲིངས་པ་འབྲི། །
དྲང་ཤལ་ལེ་འཐེན་པ་ཁྱེད་རང་རེད། །
སྣེ་གྱ་གྱུར་ཡོ་བ་ང་རང་རེད། །
ས་འདི་ནས་འདྲེས་པ་ཚོང་ལམ་རེད། །
ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་ནགས་མཐའ་འདི་ནས་འབྲི། །
བྱ་ཅར་རེ་ཅིར་རེ་གྲག་པ་འབྲི། །
སྒྲོ་ལམ་མེ་བྱེད་པ་ཁྱེད་རང་རེད། །
སྐད་ལྷང་ངེ་གྲག་པ་ང་རང་རེད། །
ཤིང་འདིའི་མགོར་བབས་པ་ལས་དབང་རེད། །
ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་བར་སྣང་ཁམས་ནས་འབྲི། །
འཇའ་ཡལ་ལེ་བཀྲག་གེ་ཤར་བ་འབྲི། །
མདོག་དམར་སེར་འཐིབས་པ་ཁྱེད་རང་རེད། །
འོད་ལྗང་སྔོན་བརྐྱངས་པ་ང་རང་རེད། །
དབྱིངས་འདི་ནས་གསལ་བ་བཟང་ལྟོས་རེད། །
ངས་སྙན་ངག་མི་འབྲི་སྙན་ངག་འབྲི། །
ངས་སྙན་ངག་རི་གཉིས་བར་ནས་འབྲི། །
ཁིས་སྟོང་ངེ་ཧང་ངེ་ཕྱེས་པ་འབྲི། །
ལའི་རྒྱབ་ནས་འགོ་མཁན་ཁྱེད་རང་རེད། །
ལའི་སྔུན་ནས་སྙེག་མཁན་ང་རང་རེད། །
ཁིས་འདི་ནས་ཐུག་པ་ལས་འཕྲོ་རེད། །

མཛེས་རྟོག་གི་ཟླ་ངོགས་ནས་རང་ཉིད་བྲིས་པ།

སྤྲིན་སེར་དམ་དུམ་ཆད་ཅིང་ཆར་ཡང་སི་ལི་ལི། །

གོང་མོས་སྐད་སྙན་འབྱིན་ལ་རྫ་མགོ་སྨུག་སིང་སིང་། །

ང་ནི་ལུག་རྫི་ཞིག་གམ་ཡང་ན་ཤིང་ཐུན་ཞིག །

བྲག་འོག་མེ་སྒོང་བརྒྱབ་ནས་སྒྲུང་དཔེ་ལེན་པའམ། །

ཤིང་དུད་སྔོ་ལོང་ངོགས་ནས་གླིང་བུ་དཔོར་བ་དང་། །

མེ་ཏོག་ཟིལ་བ་སྤྲུགས་ནས་སྣང་སྲིད་མགུར་དུ་ལེན། །

རྫ་མགོར་ཟླ་འོད་འཐིབས་ཤིང་རླུང་ཡང་གྲང་ཅང་ཅང་། །

རི་སྤྱང་སྔོན་མོ་ངུ་ཞིང་སྐར་མ་འདར་ཕྲིལ་ཕྲིལ། །

ང་ནི་གཡོག་མོ་ཞིག་གམ་ཡང་ན་ཨོང་ཐུན་ཞིག །

སྐྱ་མདའ་མ་བརྒྱུགས་སྔོན་ནས་ལྕི་སྒོང་འཐུ་བའམ། །

སྣང་མུན་འདྲེས་མཚམས་ཤིག་ཏུ་རོགས་སྡུག་ལེན་པ་དང་། །

ཆུ་འཁྱག་གཏིང་མེད་བརྒལ་ནས་འཁོར་བ་དོངས་སྤྲུགས་བྱེད། །

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།