གྲོག་མའི་སྙན་ངག་བདམས་བཀོད།

500


____ དངོས་མིང་ལེགས་བཤད་བཟང་པོ་དང་པིར་མིང་ལ་གྲོག་མ་ཟེར། བོད་ལྗོངས་ཆབ་མདོ་རི་བོ་ཆེའི་གྲྭ་པ་བཙུན་ཞིག་ཡིན། ཁོས་ད་ལྟ་སློབ་སྦྱོང་ཞོར་དུ་རྩོམ་རིག་ཚགས་པར«ཕྱེ་མ་ལེབ»ཟེར་བ་ཞིག་གཉེར་གྱིན་ཡོད་ལ། «མི་རིགས་ཀྱི་རྩོམ་རིག»དང་།«མཆོད་མེ་རྩོམ་རིག་དྲ་བ»དང«གངས་རྒྱན་མེ་ཏོག» «གངས་དཀར་རི་བོ»སོགས་སུ་སྙན་རྩོམ་བཅུ་ཁ་ཙམ་སྤེལ་ཡོད།

 

༈ མི་རྟག་པའི་ཐུན།

 

ཕྲུ་གུ་གསར་པ་ཁྱིམ་གྱི་ཕུག་ཏུ་སྐྱེས།།

ལུང་སྟོང་ནང་དུ་ལྗོན་པའི་ས་བོན་གས།།

མི་ནི་འཚར་ལ་རྒས་ནས་ཤི་བའི་དུས།།

ལྗོན་ཤིང་དེ་ཡང་ཁོག་པ་རུལ་ཏེ་འགྱེལ།།

རང་བྱུང་ཆེན་མོའི་ཁམས་སུ་བལྟས་པ་ན།།

སྐྱེ་ཞིང་འཇིག་པའི་གར་གྱི་སྟངས་སྟབས་མཐོང་།།

 

མི་ལུས་ཐོ་ཡོར་འདི་ལ་སྙིང་པོ་མེད།།

ཞེན་ཆགས་རྡོ་ལྟར་མཁྲེགས་ལ་སྙིང་པོ་མེད།།

འཇིག་རྟེན་སྐར་མའི་འོད་ལ་སྙིང་པོ་མེད།།

རྟག་འཛིན་འཁྲུལ་བའི་བློ་ལ་སྙིང་པོ་མེད།།

རྒྱུ་ནོར་བྱ་ཚང་མ་ལ་སྙིང་པོ་མེད།།

འབྱོར་ཕྱུག་སྦྲང་རྩི་འདི་ལ་སྙིང་པོ་མེད།།

གཞན་སྨོན་སྤྲང་པོའི་སེམས་ལ་སྙིང་པོ་མེད།།

རང་ཆེ་གླང་རྒན་མ་ལ་སྙིང་པོ་མེད།།

བཀུར་སྟི་སྤྲེལ་འགྱོག་འདྲ་ལ་སྙིང་པོ་མེད།།

གླེན་པ་མགོ་སྟོང་དག་ལ་སྙིང་པོ་མེད།།

མཁས་པ་ལྕེ་རིང་མ་ལ་སྙིང་པོ་མེད།།

ཆོས་པ་ཨུ་ཚུགས་ཅན་ལ་སྙིང་པོ་མེད།།

སྙན་ཚིག་བྲག་ཆ་དེ࿒་ལ་སྙིང་པོ་མེད།།

སྙིང་པོ་ཏིལ་ཙམ་མེད་པའི་འཁོར་བ་ནས།།

ཟང་ཟིང་འདོད་ཡོན་མེ་ཡི་ཚ་ངར་ལ།།

སྲེད་ཅིང་རྨོངས་པའི་གདུང་བ་ཅི་ལ་བསྟེན།།

 

ཅི་ཡང་མི་བྲེལ་ནམ་ཡང་མི་དལ་བའི།།

ནམ་མཁའི་ཟླ་བ་འདི་ལ་ལྷོད་ཀྱིས་ལྟོས།།

སུ་ལའང་མི་འཁང་གང་ལའང་མི་ཁྲོ་བའི།།

ལྷུན་ཆགས་ཐང་ཤིང་འདི་ལ་ཞིབ་ཀྱིས་གཟིགས།།

 

ནང་ལོ ༢༥༦༡.༡༠.༡༣

 

 

ཁྲུང་ཁྲུང་དཀར་མོ།

 

མུ་མཐའ་མེད་པའི་བདག་གི་བྱེ་ཐང་ན།།

ཡིད་འོང་བསུབ་ཏུ་མེད་པའི་ཞབས་རྗེས་ཤིག།

མཛེས་པར་བཀོད་དེ་རྒྱང་དུ་འཕུར་བའི་ཚེ།།

ཁྱེད་ཀྱི་ངང་རིང་གཤོག་པ་གཡོབ་སྟངས་ལས།།

ང་ཡི་སེམས་ཀྱི་མེ་ལོང་གཙང་མ་སྟེ།།

ཨ་ཁུ་པདྨའི་ཞལ་རས་ཡིད་ལ་འཁོར།།

 

ཀྱེ་ཀྱེ་ཁྲུང་ཁྲུང་དཀར་མོ་སྐྱོ་གདུང་ཅན།།

ནམ་ཟླ་དུས་ཀྱི་འགྱུར་བ་མང་ན་ཡང་།།

དུང་སེམས་འོ་མའི་ཆུ་བོ་ངང་བའི་འགྲོས།།

ཕྱི་ཕྱིར་ང་ཡི་ལོགས་སུ་འབབ་པར་མཛོད།།

 

 

༈ མཇལ་ཁ་ཞུ་བ།  

 

ངང་སེར་གཉིས་ཀྱི་མཛའ་བའི་སྙིང་གཏམ་དང་།།

གནམ་དང་ས་ཡི་ཁ་ཐག་རིང་མོ་སོགས།།

གང་ལའང་ལྟོས་པ་མེད་པའི་ངང་ཚུལ་གྱིས།།

རི་སྤྱང་ར་ལུག་དག་གིས་གྲོས་བསྡུར་བྱེད།།

ངས་ནི་གྱོད་གཞི་འདི་ལ་ལྐོལ་ནས་ཉན།།

 

ཟད་པ་མེད་པའི་གཏམ་དང་ལྦུ་བའི་ཚོགས།།

རེ་དང་དོགས་པའི་འགག་འཕྲང་རིང་མོ་ཡང་།།

ཕ་ཡུལ་ཕྱོགས་ཀྱི་རྫ་ཆུའི་དྭངས་མོའི་ནང་།།

དག་པར་བཀྲུས་ཏེ་དབེན་པའི་གནས་སུ་འོངས།།

 

ཡིག་ཚོགས་བག་མེད་སྤུངས་པའི་རི་བོ་བརྒལ།།

བདེན་ལུགས་ཐང་མར་བརྡལ་བའི་ས་ཆེན་བརྒལ།།

འདི་ནས་ཁོད་ཡངས་ནམ་མཁའ་མི་འཚོལ་ལ།།

མེ་ཏོག་ཁྲ་ཚོམ་དག་ལའང་རེ་བ་མེད།།

མེ་ཏོག་སྟེང་གི་སྦྲང་མ་ཁྲ་བོ་དང་།།

སྦྲང་མའི་གཤོག་སྒྲ་ལྟ་བུའི་གུས་ལུགས་ལ།།

ཞེན་ཆགས་མེད་པར་གཏད་སོ་བོར་ཏེ་འགྲོ།།

 

ཤ་དང་རུས་པ་ཟད་དགོས་མ་བྱུང་སྟེ།།

གོས་དང་ཤུན་པ་ཙམ་ཡང་མ་བརྗེས་པར།།

མཚོ་ལ་གཟའ་སྐར་ཤར་བའི་ངང་ཚུལ་གྱིས།།

ཀློད་དེ་བལྟས་ཚེ་ཁྱེད་ཞལ་གཙང་མ་མཇལ།།

 

 

༈གླུ་མེ་ལོང་མ།  

 

ཞལ་ཐང་རིང་མོའི་བཀོད་པ་ལ།།

ཡིད་སྨོད་སྙན་ངག་མི་འབྲི་འམ།།

བཟོ་བོ་སྨྱོན་པའི་ལག་རྩལ་ལ།།

བསྟོད་པའི་གླུ་ཆུང་མི་ལེན་ནམ།།

རྨི་ལམ་ལྟ་བུའི་མི་ཚེ་སྐྱོ་ལ་སྡུག་པ་འདིར།།

འགྲེལ་བ་བྲིས་ནས་གླེགས་བམ་རི་ལྟར་སྤུངས་ན་ཡང་།།

མེད་པའི་ཆོས་ལ་ལོག་པར་སྤྱོད་པའི་ང་དང་ཁྱེད།།

ལྷ་བཟོ་སྨྱོན་པས་བྲིས་ཤིང་བསུབས་པའི་རྩེད་མོ་ཙམ།།

ཟུངས་ཤིག་ཟུངས་ཤིག་སྨྱུ་གུ་ཟུངས།།

རང་ཉིད་དཀྱིལ་ལ་ཞོག་སྟེ་བྲིས།།

ཕྱི་སྣང་ཐམས་ཅད་གཟུགས་སུ་བྲིས།།

ལས་རྒྱུ་མེད་པའི་བྱིས་པ་བཞིན།།

ཡོད་ཚད་སུབས་ལ་ཡོད་ཚད་བྲིས།།

སེམས་པ་ཁབ་རྩེ་འདྲ་བ་འདིས།།

རིལ་མ་རེ་རེ་མི་འཛིན་པར།།

བློ་རིག་མེ་ལོང་འདྲ་བའི་ནང་།།

སྟོང་ཁམས་ཆེན་མོ་མཆོད་པ་བཤམ།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།། 
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།