བཞག་སྲས་ཀྱི་ཉེ་བྲིས་ཚིགས་བཅད་འགའ།

329


མན་དེ་བཟང་མོ།

 

དྲི་མེད་ཀུན་ལྡན་སྤྱིར་བཏང་མིར་བརྩིས་ཏེ།།

མན་དེ་བཟང་མོ་ཕལ་བའི་མོར་བཞག་ན།།

རྒྱལ་བུའི་སྙིང་སྟོབས་རི་བོའི་གྲོགས་ཡིན་ཚེ།།

མན་དེ་བཟང་མོ་གནམ་གྱི་ཕྱེད་ཀ་ཡིན།།

གོ་ཐོབ་མིང་གྲགས་ཟང་ཟིང་ནོར་གྱི་རིགས།།

ལག་པས་ཤོག་ལུད་དོར་འདྲ་རྒྱབ་བསྐྱུར་ནས།།

ཆོད་སེམས་བརྟན་པོ་ཁྱོ་གའི་མགུལ་བཏགས་པ།།

མན་དེ་བཟང་མོ་བྱིར་དམར་རྐེ་རྒྱན་འདྲ།།

བདུན་རིར་ཆས་པའི་ལམ་རྒྱགས་ཆེ་ཕྲ་རེ།།

མོས་ལྡན་སུ་ལ་གཏོང་དུས་ཡིད་ཕངས་རུང་།།

ཁྱོ་གའི་ཅི་བྱས་གནམ་གྱི་བཀར་སྒོམ་པ།།

མན་དེ་བཟང་མོ་ལྕགས་ཀྱི་འཁར་བ་ཡིན།།

གཅེས་པའི་བུ་ཕྲུག་བརྩེ་བའི་ཕུད་ཡིན་རུང་།།

གཡོག་ཏུ་བྱིན་པར་ན་ཟུག་བཟོད་ཆེན་གྱིས།།

བརྩི་བཀུར་ལོང་ཐག་ཁྱོ་གའི་རྣར་དཔྱང་པ།།

མན་དེ་བཟང་མོ་ཕ་ལམ་རྣ་ཀོར་ཞིག།

སྲིད་པའི་མི་ཚོས་ཐོབ་དང་དབང་སྙེག་རུང་།།

ཁྱོ་ག་གཅིག་པུ་གནམ་གྱི་དཔོན་བརྩིས་ནས།།

རྒྱན་དང་སྟོབས་ལ་མོས་བློ་མི་འཁོར་པ།།

མན་དེ་བཟང་མོ་མུན་ནང་གློག་འོད་འདྲ།།

སྐྱེས་མ་ཕལ་ཆེ་འཕྱོར་འགྲོས་བྱེད་མཁས་ལ།།

ལང་ཚོ་མེ་ཏོག་དབེན་པར་རྙིད་བྱས་ནས།།

ཁྱོ་གའི་ཞབས་ཏོག་རིན་ཐང་མཆོག་རྩི་བ།།

མན་དེ་བཟང་མོ་དབྱར་དུས་བསིལ་གཡབ་ཡིན།།

ཆུང་མ་འགའ་རེ་རང་འདོད་བཙན་ཆེ་ནས།།

བཟའ་ཟླའི་གཅིན་པ་གཏོང་བར་ཚོད་བྱེད་ཀྱང་།།

ཁྱོ་གའི་མོས་བཞིན་གཞན་ལ་གཡོག་འགྲོ་བ།།

མན་དེ་བཟང་མོ་དགུན་དཀྱིལ་མེ་སྒོང་ཞིག།

བུ་མོ་ལ་ལ་མྱི་ཁར་འཇིགས་ཆེ་སྟེ།།

རང་འདུན་དག་མ་ལག་ཏུ་ལེན་དཀའ་རུང་།།

དམོད་དང་རྒྱལ་ཁྲིམས་ལྕགས་དྲྭ་བརྟོལ་བྱེད་པ།།

མན་དེ་བཟང་མོ་ནགས་གསེབ་རྒྱ་སྟག་འདྲ།།

བྲམ་ཟེ་རྒན་པོར་འཁང་ར་མི་གནང་ལ།།

ས་སྐྱོང་རྒྱལ་པོར་ལེ་བདའ་མི་སྲིད་ཅིང་།།

བྱུང་ཚད་ལས་དང་ཁྱོ་གའི་མཛད་རློམ་པ།།

མན་དེ་བཟང་མོ་གནམ་མཐའི་སྤྲིན་པ་ཞིག།

བརྩེ་ཞེན་མིག་ཆུ་སེམས་ཀྱིས་སྲོན་བྱེད་ཅིང་།།

སྐྱོ་ངག་སྨྲེང་པ་སྙིང་གིས་འགེབ་བྱེད་དེ།།

རང་ལུས་ཉ་ཆུང་ཁྱོ་གར་གཏན་འབུལ་བ།།

མན་དེ་བཟང་མོ་ཁྱིམ་གྱི་ཐབ་རྡོ་ཉིད།།

རང་བྱུང་སིལ་ཏོག་སྔུན་ཐུས་སྤུང་ཡོང་ཞིང་།།

རྫ་ཆུ་སིལ་མ་སྐོམ་གྱི་སྨན་དྲངས་ནས།།

རི་ཁྲོད་སྐམ་པོར་ཁྱིམ་གྱི་དྲོད་སྩོལ་པ།།

མན་དེ་བཟང་མོ་ཁྱོ་གའི་ཉིན་བྱེད་ཡིན།།

བུ་ཕྲུག་དྲན་པ་སྤྲིན་གྱི་འཕྲིན་བྱས་ཤིང་།།

མྱི་སེམས་རློན་པ་ཆར་གྱི་གཟུགས་ཕབ་ནས།།

བརྩེ་དུང་ཞོ་སར་དྲོད་ཀྱིས་སྙོལ་བྱེད་པ།།

མན་དེ་བཟང་མོ་གཡང་གི་རུ་མ་ཡིན།།

ལྷ་མོ་ཟློས་གར་དར་གྱིས་འགྱོག་བྱེད་ཅིང་།།

དྲི་མེད་ཀུན་ལྡན་སྲོག་གིས་གསོན་བྱེད་པ།།

གནམ་འོག་མཛངས་མའི་ནགས་ཀླུང་རྒྱན་བྱེད་དེ།།

མན་དེ་བཟང་མོ་བརྩེ་བའི་འཇོལ་མོ་ཡིན།།

ཨ་གསར་ཁག་འཇོག་རླུང་དང་སེར་བ་རྣམས།།

གཤིས་ཀྱི་རྒྱུད་ལ་དྲི་ཙམ་མི་བྲོ་ཞིང་།།

གཞུང་བཟང་སྟོན་གྱི་མཁའ་འདྲ་རབ་དྭངས་པ།།

མན་དེ་བཟང་མོ་ཆུང་མའི་ཡང་རྩེ་ཡིན།།

 

2017/8/27

སེམས་ཚོར་དམར་ལྡང་མ།

 

གནམ་གྱི་ལག་པ་ང་ལ་རྐྱོང་བར་ཤོག།

སེམས་ཀྱི་སྐྱོ་བ་རྨང་ནས་བཀོག་པར་མཛོད།།

སྐྱིད་སྡུག་ལ་ལུང་གཅིག་བརྒལ་གཉིས་བརྩེགས་ལ།།

གཉོམ་ཆུང་བུ་ཕོས་རྫོགས་དུས་ནམ་ཞིག་ཡོད།།

མི་ཚེ་ཆུ་བོ་ཕྱིར་འཁོར་མི་སྲིད་ཅིང་།།

ལས་དབང་རི་མོ་ཡང་འབྲི་མི་དཔེ་སྟེ།།

ཁ་སང་བྱ་བ་ཕྱིར་འཐོན་མེད་པས་ན།།

གནམ་འོག་འདི་རུ་རང་དབང་ཅི་ཞིག་ཡོད།།

ཞ་སྨྱུག་ཡིག་རིས་གསུབ་ཅིང་བསྐྱར་ཆོག་ལ།།

སྙན་ཚིག་བཞི་པའང་བཅོས་སྡེབ་གཏོང་རུང་མོད།།

ཁ་སང་ཡོང་བའི་ལམ་ཕྲན་དོག་པོ་དེ།།

སྒུལ་ཙམ་མི་ཐུབ་རྟག་པར་གྱུར་འདི་སྐྱོ།།

ཉེས་པའི་སྐད་ཆ་བསྐྱར་བཅོས་གཏོང་ཆོག་ལ།།

ནོར་བའི་གྱོད་ཆེན་བཤགས་པས་འདག་རུང་མོད།།

འདས་དོན་བརྐོས་མ་སྒྱུར་ཙམ་མི་ཐུབ་པ།།

རྟག་བརྟན་གཡུང་དྲུང་ངོ་བོར་སིམ་དེ་སྐྱོ།།

དོ་ནུབ་ཆར་བ་དྲག་ཏུ་འཇོ་བར་ཤོག།

ཕ་གའི་འབབ་ཆུ་ཤུགས་ཀྱིས་མཆོང་བར་ཤོག།

བདག་སེམས་གཏིང་གི་ཁ་དོག་སྨུག་པོ་དེ།།

གོས་ཀྱི་དྲི་མ་འཁྲུད་བཞིན་འདག་པར་བྱོས།།

སོག་ལེས་ཤིང་སྡོང་གཏུབ་འདྲ་འཐོར་བར་བྱོས།།

སོག་མ་མེ་ལ་སྲེག་བཞིན་ཟད་པར་མཛོད།།

 

2017/8/31

 

ལི་ཐང་དབྱིངས་ནས་མཇལ་བའི་ཚངས་དབྱངས་རྒྱ་མཚོ།

 

ཕོ་བྲང་པོ་ཏ་ལ་ཡི་གནམ་མཐར་ཟུག་ཅིང་།།

གནའ་གྲོང་ལྷ་ལྡན་ཞིང་གི་བས་མཐར་ཁེལ་ཏེ།།

བཙན་པོའི་དམག་རྒྱུད་གསོན་པའི་འབྲོག་ཐང་ཡངས་པོ།།

ཡིད་ཀྱི་གཙིགས་སུ་འཛིན་པ་ཚངས་དབྱངས་རྒྱ་མཚོ།།

ལི་ཆུའི་སྟོད་རྒྱུད་འགྲམ་དུ་འཕྲིན་ཞིག་བཏང་ཞིང་།།

ལི་ཡི་མེ་ལོང་ཐང་ལ་ཆ་ཞིག་བསྐུར་པས།།

གསེར་མདོག་སྐལ་བཟང་མེ་ཏོག་དགུན་ལ་འཁྲུངས་ནས།།

ཁ་ཆེམས་ལུང་དུ་གྲུབ་པ་ཚངས་དབྱངས་རྒྱ་མཚོ།།

མྱི་སེམས་བདུད་རྩིའི་ཐིགས་པ་སྐྲ་རྩེས་བླངས་ཤིང་།།

ཕྱི་ཚུལ་སྙིགས་མ་རུལ་པོ་གཡང་ལ་སྐྱུར་བཞིན།།

ཁྲུང་ཁྲུང་དཀར་མོ་ཞིག་ལ་གཤོག་རྩལ་གཡར་ཏེ།།

ལི་ཐང་བསྐོར་ནས་ཕེབས་པ་ཚངས་དབྱངས་རྒྱ་མཚོ།།

ཚོར་འདུ་རྟོག་པའི་རུ་དར་དགུང་ལ་ཕྱར་ཅིང་།།

ཐ་སྙད་དཔྱོད་པའི་རལ་གྲི་གློ་ལ་དྲངས་ནས།།

རྟ་པའི་ཉིན་ལམ་བཅོ་བརྒྱད་འབའ་ཡི་ཕྱོགས་ལ།།

ངག་རིག་གོམ་འགྲོས་དཀྲོགས་པ་ཚངས་དབྱངས་རྒྱ་མཚོ།།

འཁྱམ་པོ་ཏིང་བཟང་དབང་པོ་གཙུག་ཏུ་ཐོགས་ཤིང་།།

མ་བཅོས་གཉུག་མའི་སྒྱུ་རྩལ་གྲོགས་སུ་བཀུག་ནས།།

ཉི་ཟེར་ཀློང་གི་སྡེ་ཆེན་ཁམས་སྨད་ལྷོ་རུ།།

མཛའ་བརྩེའི་ཕྱི་མིག་གནང་པ་ཚངས་དབྱངས་རྒྱ་མཚོ།།

སྤོས་སྨན་རིན་ཆེན་སྣ་ཚོགས་གཏེར་དུ་འཛོམས་ཤིང་།།

ས་མཐོ་ཆུ་གཙང་ཁམས་ཀྱི་དྭངས་རྩེར་སོན་པ།།

ཡུལ་སྣེ་གནམ་མཐར་རེག་པའི་ཕ་གཞིས་ཆེན་པོར།།

དམ་བཅའ་རྡོ་རུ་བརྐོས་པ་ཚངས་དབྱངས་རྒྱ་མཚོ།།

ལོ་རྒྱུས་དཀྱོགས་མཚམས་རེ་ལ་རང་ཚུགས་སྲ་ཞིང་།།

མི་རྒྱུས་བརྗེ་མཚམས་རེ་ལ་རང་རྐང་བརྟན་ཏེ།།

ཁམས་ཀྱི་མགོ་རྣ་འགྱོག་པའི་སྡེ་ཆེན་ཁྲ་མོར།།

བརྩེ་སེམས་མེ་ཕུང་བསྒྲོན་པ་ཚངས་དབྱངས་རྒྱ་མཚོ།།

ཟླ་དཀར་དྲན་པ་སྒུལ་བའི་སྟབས་སུ་འཁྲུངས་ཚེ།།

ཞེ་འདྲིས་མ་སྐྱེས་ཨ་མ་ཡིད་ལ་འཁོར་ནས།།

རྒྱང་རིང་ལི་ཐང་སྐོར་བའི་འདུ་ཤེས་གཞན་ཞིག།

བྲང་གི་སྲུབས་སུ་བསྣར་བ་ཚངས་དབྱངས་རྒྱ་མཚོ།།

གསུམ་གཅིག་བརྒྱད་ཀྱི་གཞུང་ལམ་ཕོ་བྲང་སྒོ་ནས།།

ལི་ཐང་རྨ་བྱ་ཐང་གི་ལྟོ་བར་བསྣར་པས།།

ད་ལྟ་བསྒྲོད་ལམ་བདེ་བའི་གྲོང་སྡེ་མཐོན་པོ།།

སྔོན་དུས་སེམས་ཀྱིས་མཐོང་བ་ཚངས་དབྱངས་རྒྱ་མཚོ།།

དགོན་དེ་བསོད་ནམས་རྒྱ་མཚོ་ཕྱག་གིས་བཏབ་ཅིང་།།

ཕྱོགས་ལས་རྣམ་རྒྱལ་གླིང་ཞེས་གཟི་བྱིན་རྒྱས་ཏེ།།

དེང་དུས་མཇལ་ཁ་བདེ་བའི་འདུ་ཁང་དམར་པོ།།

སྔོན་དུས་དང་བས་གཟིགས་པ་ཚངས་དབྱངས་རྒྱ་མཚོ།།

ལི་ཐང་གྲོང་སྡེའི་དཀྱིལ་ན་ཕྲ་བཞིན་བཏབ་ཅིང་།།

དཀར་དམར་གློག་སྒྲོན་དགོང་ཁར་འོད་དུ་འཚེར་ནས།།

ཁྲུང་ཁྲུང་ཐང་ཞེས་བཏགས་པའི་ཐང་གསར་དེ་ལ།།

སྙན་ཚིག་རྦ་རླབས་བསྐྱོམས་པ་ཚངས་དབྱངས་རྒྱ་མཚོ།།

སོག་དུང་གནམ་ལྕགས་ཕྲ་མོ་ཉམས་ཀྱིས་བརྗིད་ཅིང་།།

དགེ་བསྙེན་གནས་རིར་གྲགས་པ་འཛུམ་གྱིས་འགྱིང་སྟེ།།

རྨ་ཆེན་འབུམ་ར་ཆེན་པོ་བྱང་ན་འཕགས་པར།།

བྱིན་རླབས་མེ་དྲོད་བསྩལ་བ་ཚངས་དབྱངས་རྒྱ་མཚོ།།

གོས་གདན་ཐང་ལ་བཏིང་འདྲའི་རྩྭ་ཐང་ཡངས་པོར།།

རྟ་ནོར་ལུག་གསུམ་ཁྱུ་དང་ཚོམ་གྱིས་བརྒྱན་པའི།།

སྦྲ་ནག་སྐར་ཚོགས་རྒྱས་འདྲའི་འབྲོག་སྡེ་ཕྱུག་མོར།།

དུངས་པའི་འོ་མཚོ་བསྐྱིལ་བ་ཚངས་དབྱངས་རྒྱ་མཚོ།།

འཛུམ་ཆུང་གདོང་ལ་གྲོལ་བའི་ན་ཆུང་སྒེག་མས།།

འུར་ཆ་ཆུ་མིག་དགུ་སྒྲིལ་གནམ་ལ་གཡུག་ཞོར།།

ལི་ཐང་རི་སྒང་གང་ནས་རྫི་གླུ་ལེན་པ།།

རྣ་བའི་གསོས་སུ་རྟོགས་པ་ཚངས་དབྱངས་རྒྱ་མཚོ།།

དཔའ་སྤོབས་སྙིང་ལ་རྫོགས་པའི་སྐྱེས་ཕོ་དར་མས།།

སྟོང་སྐུད་ཚར་བུ་བཅད་མ་ཐོད་དུ་བཅིངས་ཏེ།།

ཡུལ་སྡེ་ཁྲོམ་ཆེན་གང་ནས་དཔལ་གྱིས་འགྱིང་བ།།

མིག་གི་དཔྱིད་དུ་མཐོང་བ་ཚངས་དབྱངས་རྒྱ་མཚོ།།

མེས་པོའི་སྲོལ་དང་སྐད་ཡིག་སྲོག་རྩར་བཟུང་ཞིང་།།

ཡ་རབས་གོམ་གཤིས་ཆ་ལུགས་ཐོད་དུ་བཏེགས་ཏེ།།

བསམ་དཀར་ཁོག་ཤེས་ཅན་གྱི་ལི་ཐང་པ་རྣམས།།

ཁམས་ཀྱི་རྩེ་མོར་གཟིགས་པ་ཚངས་དབྱངས་རྒྱ་མཚོ།།

དུང་གི་ལ་ཐོད་བཅིངས་འདྲའི་བྲག་དཀར་གནས་རི།།

གཡུ་འབྲུག་ཐང་ལ་ལྷུང་འདྲའི་ལི་ཆུ་སྔོན་མོ།།

རྩྭ་ཆུ་གཏེར་བཅུད་རྫོགས་པའི་ཀེ་མོའི་ལྗོངས་རྣམས།།

མཛེས་པའི་ཕུད་དུ་བརྩིས་པ་ཚངས་དབྱངས་རྒྱ་མཚོ།།

འབུམ་ཡག་ཐང་ཆེན་དངུལ་གྱི་མེ་ལོང་བཤམས་འདྲ།།

མཚོ་ལའི་མཛེས་ལྗོངས་བཟོ་མཁས་པིར་ལས་འཁྲུངས་བཞིན།།

སྡོང་དཀར་སྤྱི་གླིང་ལྷ་ཡི་སྐྱེད་ཚལ་མཚུངས་རྣམས།།

ས་ཡི་དཔལ་དུ་བཏེགས་པ་ཚངས་དབྱངས་རྒྱ་མཚོ།།

སྐལ་བཟང་རྒྱ་མཚོ་མཆོག་དང་མཁས་གྲུབ་རྒྱ་མཚོ།།

གནམ་གྱི་ཉི་ཟླ་ལྟ་བུའི་སྐྱེས་ཆེན་འཁྲུངས་པས།།

ཉེ་རབས་བོད་ཀྱི་ལོ་རྒྱུས་ཞིབ་ཏུ་བཏང་བ།།

ཆེ་བའི་རྟགས་སུ་བསྟོད་པ་ཚངས་དབྱངས་རྒྱ་མཚོ།།

རི་བསང་རྟ་རྒྱུག་དུས་ཆེན་ཁམས་སུ་གྲགས་ཤིང་།།

གླུ་ལེན་གར་རྩེད་ཀུན་ཡིད་སྐྱིད་ལ་བཀུག་ནས།།

རྟ་ཐོག་མི་རིགས་ཞེས་པའི་མཚན་སྙན་ཐོབ་པ།།

དར་བའི་ལྟས་སུ་བསྔགས་པ་ཚངས་དབྱངས་རྒྱ་མཚོ།།

དཔའ་བོ་གེ་སར་རིག་གནས་འཚོ་བར་སིམ་ཞིང་།།

ལྷ་མོ་ཟློས་གར་བྱིན་རླབས་སེམས་སུ་འདྲེས་ཏེ།།

དམངས་ཁྲོད་སྒྱུ་རྩལ་ཅན་གྱི་ལི་ཐང་པ་ལ།།

མཛེས་པའི་བྱིར་རྒྱན་བཏགས་པ་ཚངས་དབྱངས་རྒྱ་མཚོ།།

བརྩེ་སེམས་མིག་ཆུས་བརླན་པའི་ཉིང་ཁུ་དྭངས་མ།།

དུང་ཞེན་ལག་པས་བསྙལ་བའི་རུ་མ་དཀར་པོ།།

གཤོག་ཡངས་བྱ་ཆེན་ཞིག་གིས་མཁའ་རུ་བཏེགས་ཏེ།།

ལི་ཐང་དབྱིངས་སུ་མངོན་པ་ཚངས་དབྱངས་རྒྱ་མཚོ།།

ངག་རིག་རྒྱལ་རྔ་རྡུང་བའི་འདུ་ཤེས་གསོན་པོ།།

དབྱངས་འགྲོས་དུང་ཆེན་འབུད་པའི་ཚོར་ཤེས་ཟབ་མོ།།

བཅད་མ་ཚིག་དྲུག་མགུར་མའི་སྦུབས་སུ་དྲངས་ཏེ།།

ལི་ཐང་མཁའ་རུ་ཐོན་པ་ཚངས་དབྱངས་རྒྱ་མཚོ།།

 

༈ གསེར་གྱིས་བརྒྱན་པའི་ས་ཡི་ལྷ།

 

ས་ཡིས་མི་ཞིག་བཟོས་པ་ལྷ་རུ་བཟུང་།།

ལྷ་དེ་གསེར་གྱིས་བརྒྱན་ཅིང་མགོན་དུ་བཀུར།།

ལྷ་དེ་རྒྱ་མོ་ཞིག་གི་བག་སྐལ་ཡིན།།

གསེར་དེ་བགྲེས་མོ་ཞིག་གི་མགོ་རྒྱན་ཡིན།།

ཐང་བོད་དམག་འཁྲུག་ཅི་བྱུང་ལྷ་དེས་རིག།

མགར་བློན་དཔའ་མཛངས་ཅི་ལྡན་སྤྱན་དེས་གཟིགས།།

ཐང་བློན་རུས་ཝང་ཅན་པོའི་རེ་བཅོལ་ལས།།

བྷོད་དམག་ལྷོ་རུ་བཏེགས་པ་ལྷ་དེས་ཤེས།།

གྲུ་གུ་ཞོར་གྱིས་བཅོམ་ཞིང་བྱང་དུ་གཤེགས།།

གོང་མ་རུས་ལིའུ་ཅན་པོ་དངངས་པའི་ཚུལ།།

ཡ་གླིང་ས་ཡི་སུམ་གཉིས་བདག་པའི་ཚུལ།།

ལྷ་དེས་གསལ་གསལ་དག་དག་མཁྱེན་ཏེ་བཞུགས།།

བཙན་པོའི་ཀ་བ་སོག་ལེས་གཏུབ་པའི་དུས།།

བན་བོན་འབྲོང་གཡག་རྡུང་ཁ་འགྱེད་པའི་ཚེ།།

ཞལ་ངོ་འཛུམ་བཞིན་སྤྱན་གཉིས་ཅེར་ཏེ་བཞུགས།།

གསང་བ་གང་ཞིག་ལྷ་དེས་རྟོགས་ཀྱང་སྲིད།།

ཡོ་ག་གསར་རྙིང་ཤི་གསོན་རྩོད་པའི་དུས།།

ཆོས་བརྒྱུད་ཆེ་ཁག་དམར་འཛིང་བགོ་བའི་ཚེ།།

ཕྲག་གོང་མཐོ་བཞིན་སྐྱིལ་ཀྲུང་བསྡམས་ཏེ་བཞུགས།།

གནས་ལུགས་ཅི་ཞིག་ལྷ་དེས་མཁྱེན་ཀྱང་སྲིད།།

ཚ་རོང་ལུང་ཤར་དགེ་ཆོས་མཆོག་བཅས་ལ།།

མ་ཉེས་ཁ་གཡོག་རས་ནག་བཀབ་པའི་དུས།།

ལྷ་དེས་མིག་གཉིས་རྟག་ཏུ་མ་བཙུམ་པས།།

བདེན་རྫུན་རྟོགས་ཀྱང་སྦས་པའི་བརྟུལ་ཞུགས་འཆང་།།

རིག་གསར་རླུང་ནག་ནུབ་ནས་ལྡང་པའི་སྐབས།།

ནག་མོའི་གཅིན་པ་བླ་མར་ལྡུད་པའི་དུས།།

ལྷ་དེས་མཛུམ་མདངས་རྟག་ཏུ་མ་བསྡུས་པས།།

རྒྱ་རྒན་ཞིག་ཀྱང་བཅོས་མའི་དད་རབས་འདུག།

ལྷ་དེ་ས་ཞིག་མ་ཡིན་གསེར་ཞིག་ཡིན།།

གསེར་དེ་རྡོ་ཞིག་མ་ཡིན་སེམས་ཤིག་ཡིན།།

སེམས་དེ་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཡིན།།

དར་རྒུད་རླབས་སུ་འཁྱིལ་བའི་མཚོ་མོ་ཡིན།།

མཚོ་དེ་དད་པ་ཁོ་ནས་མ་བསྟོད་ཀྱང་།།

སེམས་དེ་རེ་བ་རྐྱང་པས་མ་བསྡམས་རུང་།།

རྣམ་ཤེས་དུང་ཕྱུར་བརྩེགས་པའི་ཁྲི་སྟེང་ན།།

རིན་ཐང་གཞན་གྱི་གཟི་བྱིན་གནམ་ལས་མཐོ།།

 

2018.2.18

༈ ཡིད་མོས་དར་མདུད་མ།

 

གནའ་ལུགས་ཞེ་བློ་སྲོག་ལ་ཀ་ལྟར་འཛུགས།།

དེང་སྲོལ་གཟུགས་རིས་གདོང་ན་འཕན་བཞིན་འཛར།།

རིག་སྟོབས་ཤ་ཆེན་དཔུང་ལ་རྒྱགས་པའི་ཚོགས།།

མི་རྒོད་ཁམས་ཀྱི་ཁྱིམ་ནས་འབྱོན་པར་ཐོས།།

དེ་ལ་སྟབས་སུ་ཤར་བའི་བརྡ་གཟུགས་འདི།།

ཡིད་དབང་དར་མདུད་ཁུགས་ནས་འཕོས་པ་དེས།།

རིག་པ་རྟགས་ཀྱིས་ཚོར་འགྱུ་སྔོག་ནུས་ཤོག།

ཟབ་པ་ཡིད་ཀྱིས་འདུ་ཤེས་དཀྲུག་ནུས་ཤོག།

 

ཅེས་ངག་བཅད་ཐུང་ངུ་འདི་ནི་སྤྱི་ལོ༢༠༡༦ལོའི་སྤྱི་ཟླ༡༢ཚེས༢༥ཉིན། ཁམས་མི་ཉག་པ་བཞག་སྲས་སུ་འབོད་པས་ཁམས་ཀྱི་ན་གཞོན་རྩོམ་དགའ་འགས་མཉམ་དུ་སྒྲུབ་པའི་སྙན་ངག་པའི་དཔུང་སྡེ“གནའ་དེང་སྙན་ངག་ཚང”གྱི་སྐུལ་ངོར་ཙམ་དུ་སྦྱར་ཏེ་ཕུལ་བའོ།།

 

རྟེན་འབྲེལ་རླུང་ཁུར་མ།

 

དེ་རིང་ཁྱོད་ཀྱི་ཚེ་སྲོག་གསར་བ་རྙེད།།

གསེར་གྱི་ཐང་ལ་མེ་ཏོག་བཞད་པ་ཡིན།།

སྟོན་གྱི་སྤང་ལ་ལུག་ཆུང་རྩེ་བའི་སྐབས།།

སྙིང་ཆུང་ཟླ་བ་མཁའ་རུ་ཚེས་པ་ཡིན།།

བརྩེ་བའི་སྐར་མ་དབྱིངས་ལ་འཛུམ་པ་ཡིན།།

བདག་ནི་ཁྱེད་ཀྱི་གམ་དུ་མ་སླེབས་པར།།

ཐག་རིང་ཞིག་ནས་རྟེན་འབྲེལ་སྤྲིན་ལ་སྐུར།།

གནམ་གྱི་རྒོད་པོ་རྒྱང་དུ་འཕུར་ལ་སྐུར།།

ཡིད་ཀྱི་གཤོག་པ་མཁའ་རུ་ལྡང་ལ་སྐུར།།

མི་ཚེ་འདི་ལ་ཁྱོད་ཉིད་བདེ་བར་ཤོག།

འཇིག་རྟེན་དེ་ན་ཁྱོད་རང་སྐྱིད་པར་སྨོན།།

 

2017/9/10ཉིན།

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།