ཚད་པའི་ནང་གི་གྲང་ངར།
ལུས་ཀྱི་རླུང་གིས་སེམས་ཀྱི་ཕ་བོང་ཉིད།།
ཤུགས་ཀྱིས་བསྒུལ་ཀྱང་གང་དུ་ཐོགས་པ་བཞིན།།
རྒྱུ་མཚན་མེད་པར་དེ་ནས་ལུས་པ་ཡིས།།
ཚེ་འདིའི་ཕྱི་དྲོ་དྲན་ཞིང་སྡུག་བསྔལ་སྐྱེས།།
ལམ་དུ་དབྱར་གྱིས་གྲང་བ་བསྐྱེད་ཅིང་སོང་།།
རི་མགོ་རྣམས་སུ་ཁ་བ་ཆགས་པ་མཐོང་།།
སྨུག་པ་གྱ་གྱུའི་རི་མགོ་མཐོ་བ་མཐོང་།།
གང་ལྟར་སེམས་ཀྱིས་འཁྱགས་པ་མང་པོར་རེག།
སྡུག་བསྔལ་གྱི་ཁྲོད་ནས་སྙན་ངག་འབྲི།
ང་ནི་གཡང་གཟར་ཞིག་གི་རྩེ་ན་ཡོད།།
བསེར་བུ་ཤིག་ཤིག་ང་ཡི་གདོང་ནས་ཞོགས།།
གང་ལ་བལྟས་ཀྱང་ཐམས་ཅད་རྡོ་བ་བཞིན།།
འགྲེལ་བཤད་ལྷག་མ་བརྒྱག་རྒྱུ་ཅི་ཞིག་འདུག།
ཚེ་ནི་ཁྲི་ཙི་གང་གི་ཚད་ཙམ་སྟེ།།
ཁྱེད་ཀྱིས་རིང་ཞིང་ང་ཡིས་ཐུང་བར་ལྟ།།
བྲང་ལ་སེན་མོ་བཏབ་ན་བདེ་བ་སྐྱེས།།
དཀྱིལ་མཛུག་རྡོ་ཡིས་གཅིར་ཏེ་རོལ་མོ་བྱས།།
རླུང་བཞིན་ཕྲ་བའི་རྣམ་ཤེས་ཤུགས་ཀྱིས་རྒྱུ།།
རྩོམ་ལ་དོ་བཙོན་བྱ།
ང་རང་དོ་དོ་ཏན་ཏན་ཞིག་མིན་ཙང་།།
རྩོམ་རྣམས་ཆུ་དང་མེ་ལའང་བསྐུར་མྱོང་།།
ད་ནི་རྩོམ་འདང་ཇེ་ཆེ་རུ་སོང་སྟེ།།
དོ་བཙོན་རན་ཙམ་བྱ་དགོས་ཤིག་སྙམ་ཡོང་།།
གཞན་གྱིས་ཅི་ཟེར་ཉན་སྤྲོ་ཡང་ཆེར་མེད།།
ཁོ་ཚོས་རྗེ་བཙུན་ཙོང་ཁ་བར་སྡིགས་ལ།།
སྟག་ལོ་ཆེན་པོར་འདྲེ་ཞེས་ཀྱང་དམོད་ན།།
དེ་ལ་མདོ་ཞིག་མེད་པ་ཡང་ཐག་ཆོད།།།
ཤེས་བྱ་ཕྲན་ཚེགས་ཕྲེང་བ་ལྟར་བསགས་ཀྱང་།།
ནང་གི་རྣམ་དཔྱོད་བག་ཕེབས་སུ་བྱས་ཏེ།།
ཆོས་རྣམ་འབྱེད་པའི་རིག་པ་ཅན་དཀོན་པས།།
རིགས་ཀྱི་བུ་རུ་སྐྱེས་ན་ཨང་སྙམ་བྱུང་།།
གཞན་གྱི་གྲིབ་མའི་འོག་ཏུ་བསྐུངས་པའང་མ་ཡིན།།
ནང་གི་རྣམ་དཔྱོད་ཆུ་ཀླུང་བརྡོལ་བ་ལྟར་བྱས་པའི།།
རྩོམ་རྣམས་རང་གི་རྒྱན་དང་ང་རྒྱལ་དུ་བཟུང་སྟེ།།
སྣོད་དུ་བཅུག་ནས་ཉར་ཚགས་ལེགས་པོ་རུ་བརྣན་འདོད།།
རྩོམ་ཐོ་རེ་ལོང་ངེ་བ་སྐོར་ཞིག
༡
ང་ནི་སྡུག་བསྔལ་ཆེ་བའི་སྲོག་ཆགས་ཤིག།
ཨམ་ཅོག་ཀྲོང་ཀྲོང་བྱས་ནས་མུན་ཁྲོད་ཉུལ།།
ནམ་ཞིག་ཆུ་ཀླུང་བརྡོལ་བའི་རྒྱུན་མཐོང་ངམ།།
ཡང་ན་རྡོ་བ་ཆག་པའི་སྒྲ་གོ་འམ།།
༢
སྐྱེ་རྒ་ན་འཆི་སྐེ་རགས་བཞིན་དུ་བཅིངས།།
དགའ་སྐྱོ་ཆགས་སྡང་ཁུར་ཙ་བཞིན་དུ་འཆང་།།
ང་ཡིས་སྙན་ངག་བརྩམས་ཏེ་སྡུག་བསྔལ་གྱི།།
ས་རྡུལ་ཡང་ཡང་ཕྱགས་ཀྱང་ས་རྡུལ་གྱིས།།
གཤོག་པ་བརྐྱངས་ཏེ་ཕྱི་ཕྱིར་འབབ་པར་བྱེད།།
༣
སྣང་བ་རབ་རིབ་ཆུ་རྒྱུན་ལྟར་མི་ཟད།།
དགའ་ངུ་སྡུག་ངུའི་དབྱངས་རྟར་ཆད་པ་མེད།།
རྟག་ཏུ་སེམས་ཀྱིས་སེམས་ལ་སྡུག་བསྔལ་འབྲི།།
ང་ནི་ཀུན་རྫོབ་སྨུག་པའི་ཀློང་ལ་འཕྱན།།
༤
ཕོ་བ་ཨ་དིར་ཨ་དིར་རྒྱགས་ཆེས་ན།།
ཁྲོམ་དུ་གཡག་ཀྱང་འཆོར་དུ་སྲིད་པ་ཡིན།།
དེ་བཞིན་གཏམ་ནི་རབ་ཏུ་ཤོད་མངས་ན།།
ཁུ་ཚུར་སྐྱུར་དྲི་བྲོ་བ་ཉོ་ཡང་སྲིད།།
༥
ལུས་བརྗེས་ན་ཅིར་སྐྱེས་ཚོད་མི་ཐིག།
གཅིག་ཏུ་ན་འབུ་ཡིས་སྐྱེ་ཡང་སྲིད།།
དེར་མ་ཟད་མགོ་ན་རྭ་གཟེངས་པའི།།
རི་དྭགས་ལ་སྐྱེ་ཡང་སྲིད་པ་ཡིན།།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།