ཐེའུ་རང་གིས2016ལོར་བྲིས་པའི་དུང་བརྗོད་སྙན་ངག་ཁག་ལྔ།

3026

00000.jpg


མཇུག་འཁྱག་པར་གྱུར་བའི་སྙན་ངག་ཅིག

                                           —མ་གཞི་འདི་ལ་རྨི་ལམ་གྱི་སྟོབས་ཡོད།  འཁོར་བའི་དྲོད་ཡོད།


གློ་བུར་དུ་གཉིད་ལས་སད་བྱུང་།

ཁྱོད་རང་རྨི་ལམ་དུ་རྨིས་ནས་གཉིད་ལས་སད་བྱུང་།

དེ་ནི་ཐང་ཡངས་མོ་ཞིག་རེད།

རྩི་ཏོག་གི་འདབ་མ་དག་ཆུ་ལ་ཆགས་ཡོད།

རྒྱང་རིང་གི་མཁའ་མཐའ་ན་བྱ་ཁྱུ་འཕུར།

ཁྱོད་ཀྱིས་ལག་པ་སྲིང་ནས་ས་གན་ན་འུ་གཉིས་ཀའི་དབྱར་མཚེར་ཡོད་ཟེར།

དེ་ནི་ཉལ་ཁར་བསྐུར་འོང་བའི་འདྲ་པར་ངོས་ཀྱི་ཁྱོད་ཚང་གི་འབྲོག་རུ་ལས་ཀྱང་ཡིད་དུ་འོང་།

ཁྱོད་ཀྱིས་འོ་མ་བཞོ་ཤེེས་ཟེར།

ཐང་ལ་བསྡད་ནས་མེ་ཏོག་གི་སྐྲ་རྒྱན་བསླེ་ཤེས་ཟེར།

ཆུ་མགོའི་ནང་དུ་སྦག་ཆུ་བསྲེ་མི་ཉན་པ་ཤེས་ཟེར།

མགྲོན་པོ་བསླེབ་ན་ཁ་གཤིས་འཇམ་དགོས་པ་ཤེས་ཟེར།

ད་རུང་ཞོགས་ཀར་ལག་ཆུ་ཁྲིགས་ཁྲིགས་བྱ་དགོས་པའང་ཤེས་ཟེར།

ངས་ཁྱོད་ཀྱི་གདོང་ལ་བལྟས་པས་ཉི་འོད་ཚོར་བྱུང་།

ཉི་འོད་ནང་གི་ཚོ་བ་མཐོང་བྱུང་།

དེ་ལ་ཆགས་པའི་འུ་གཉིས་ཀའི་འབྲོག་རུ་མཐོང་བྱུང་།

ཆོན་ཐགས་མགོ་ཡི་བུས་པའི་ཁ་གླན་དེའང་མཐོང་བྱུང་།

ངས་དེ་དག་ཅི་ཡང་མཐོང་བས་ང་གཉིས་སྐྱིད་པ་ལ་ཞེས་ཁྱོད་ལ་སྨྲས།

ཁྱོད་ཀྱིས་སླར་ཡང་ཕ་གིའི་མཁའ་མཐའ་བསྟན་ནས།

ས་གན་ན་འུ་གཉིས་ཀའི་དབྱར་མཚེར་ཡོད་ཟེར།

མ་འོངས་པ་ན་བུས་པ་འབྲོག་ས་ནས་སྐྱེ་དགོས་ཟེར།

ས་མྱིང་ཆུ་མྱིང་རེ་རེ་ངོ་འཕྲོད་པར་བྱ་དགོས་ཟེར།

ཡུལ་སྲོལ་རིག་གནས་དག་ཀྱང་ངོ་འཕྲོད་པར་བྱ་དགོས་ཟེར།

ང་ཡིས་ཁྱོད་ལ་ཉན་ནས་ཡིད་སེམས་ཁྲ་ལམ་མེར་སོང་།

གློ་བུར་དུ་ང་རང་གཉིད་ལས་སད་བྱུང་།

ཤིན་ཏུ་མཛེས་པའི་རྨི་ལམ་གྱི་སྒྲུང་འདི་ཁྱོད་ལ་བཤད་ན་བསམ།

ཁ་པར་ངོས་ཀྱི་མིང་ཡིག་སྙིང་དུ་སྡུག་པ་དེ་མཛུབ་མོས་བྱིལ་པ་ལ།

“ཕ་རོལ་བའི་ཁ་པར་སྒོ་གཏན་འདུག”ཟེར།

ཝ་ཡེ།  མཚན་མོ་འདི་མཛེས་ཤིང་སྡུག་པས་ཡིན་ནམ་ཅི།

འཕྲུལ་ཆས་ཀྱི་མྱི་སྐད་འདིས་ཀྱང་མི་སེམས་གསོད་ཤེས་པ་ལ།                

                                                                2016-6-20ཡི་ནམ་གུང་དུ།

IMG_6378.JPG

           
                 ལྗོན་ཨཱར།

                                              __བདག་གིས་ལྗོན་ཨཱར་ཅེས་ཡང་ཡང་བོས།


སྡུག་གུར་འབབ་པའི་ཏོ་ནོ་གཙང་བོ་ཁྱོད་ལ་ཆག་བཞག

ཉི་འོད་དང་མེ་ཏོག་དང་འཇའ་ཚོན་ཀྱང་ཁྱོད་ལ་ཆག་བཞག

ཕ་ཡུལ་གྱི་ཚབ་ཀྱང་ཐུབ་པའི་གཞིས་ཀ་ཁྱོད་ལ་ཆག་བཞག

གྲོགས་དང་ན་ཟླ་སྤུན་མཆེད་ཀུན་ཀྱང་ཁྱོད་ལ་ཆག་བཞག

ཤིན་ཏུ་སྙིང་ཉེ་བའི་ཐ་སྙད་ཀྱི་གསེང་དུ་ཁྱོད་རང་བྲིས།

ཧ་ཅང་སྲབ་པའི་སེམས་ཀྱི་ཤོག་བུས་ཁྱོད་རང་ལྗིབས།

སྐྱེ་བ་གཅིག་པུར་བསྐམ་མི་སྲིད་པའི་ཡིད་ཀྱི་གཙང་བོ་ཁྱོད་ལ་གྱེར།

ཁྱོད་ནི་སྨུག་པ་དང་ན་བུན་དང་ཤིན་ཏུ་བསིལ་བའི་རླུང་བུ་སྟེ།

ཁྱོད་ནི་སྐྱོ་བ་དང་དགའ་བ་དང་རབ་ཏུ་སྟུག་པའི་དྲན་པ་སྟེ།

སྐད་ཅིག་སྐད་ཅིག་ལ་སྐྱེས་ཤིང་སྐད་ཅིག་སྐད་ཅིག་ལ་འཐོར་བའི།

ན་ཚ་དང་སྡུག་བསྔལ་དང་སེམས་ཁྲལ་གྱི་ཡིད་འོང་མེ་ཏོག

ཁྱོད་ཀྱི་སེམས་པས་གསོ་ལ་ཁྱོད་ཀྱི་བརྩེ་བས་བྱིལ།

བརྗིད་ཆགས་པའི་རི་རབ་ཇེ་ཆུང་ཇེ་ཆུང་སོང་།

རྒྱུན་རིང་བའི་གཙང་བོ་ཇེ་དལ་ཇེ་དལ་སོང་།

ནམ་མཁའ་དང་ས་གཞི་ཇེ་དོག་ཇེ་དོག་སོང་།

འཚུབ་ཅིང་འཁྲུག་པའི་མི་ཚོགས་ཇེ་ཉུང་ཇེ་ཉུང་སོང་།

ཁྱོད་ལ་བལྟས་པའི་ཁྲ་ཆུང་ལམ་ན།

ཁྱོད་ལས་ལྷག་པའི་འཇིག་རྟེན་མི་སྣང་།

ཁྱོད་ནི་ཡི་གར་འོང་བ་རྟག་པར་གནས་པའི་འཁོར་བ་སྟེ།

ང་རང་ཁྱོད་དང་འཕྲད་པས་བདག་མེད་བོར།

                                         2016-5-3ཉིན།
         ལྗོན་ཨཱར་ནི་དུས་རབས་བཅུ་དགུ་བའི་དབྱིན་ཇིའི་བུད་མེད་རྩོམ་མཁན་གྲགས་ཅན་Charlotte Bronte(夏洛蒂·勃朗特 )ཡི་བརྩམས་ཆོས《简·爱》ནང་གི་མི་སྣ་གཙོ་བོ་སྟེ།བུད་མེད་སྙིང་ལ་སྡུག་པ། རང་གཤིས་ལྡན་པ། བློ་རིག་བཀྲ་བ། སྡུག་ཐེག་པ། བརྩེ་གདུང་ཟབ་པ་དེའི་མིང་ཡིན་ལ། ཁོ་བོ་རྩོམ་རིག་བརྩམས་ཆོས་ཀུན་ལས་མཇལ་མྱོང་བའི། ཆེས་ཡི་གར་འོང་བའི་མི་སྣ་དེའང་ཡིན་བཞག
IMG_6284.JPG

         
            གཏེར་མ།

                                      ___སྙན་ངག་འདི་མ་འོངས་པ་ལ་དབང་ངོ་།


ཞོགས་པ་ཞིག་ལ་ངས་ཉི་འོད་ཀྱི་ནང་ནས་ཆུ་བླངས།

ཧ་ཅང་དྭངས་པའི་ཆུའི་ངོས་སུ་སྐྱེད་ཚལ་བཟོས།

སྐྱེད་ཚལ་དུ་མེ་ཏོག་སྣ་གཅིག་ཁོ་ན་བཏབ།

ས་རྡུལ་མེད།   བུ་ཡུག་མེད།  བསེར་བུའང་མེད།

དུས་ཚོད་ཀྱི་ཐིགས་པ་ཕྲ་མོས་ས་གཞི་ཕུག་པའི་རྗེས་ལ།

སྐྱ་རེངས་སམ་ཉི་ནུབ་ཇི་བཞིན།

ངས་བུ་མོ་ཞིག་སྒུག་ཡོད།

མོའི་ལུས་ཐོག་ནས་ཆུ་བཞུར་འོང་།

ཉི་འོད་འཆར་འོང་།    མེ་ཏོག་སྐྱེ་འོང་།

སྐྱེ་དངོས་སྲོག་ཆགས་ཡིད་དུ་འོང་པ་ཅི་ཡང་མངོན་འོང་།

ལམ་གྱི་ཉི་འོད་ནང་ངས་མ་འོངས་པ་དང་འདས་པ་དྲན།

དྲན་པ་ཚེ་རིང་བ་འདིའི་གཏིང་ན།

ཤིན་ཏུ་ན་ཆུང་པའི་སྐྱེ་བ་འདི་ཡོད།

ཡིད་དུ་འོང་པའི་འཁོར་བ་ཡོད།

ངལ་གསོ་སའི་དུར་ཁྲོད་ཡོད།

སྨོན་ལམ་ཞུ་སའི་སྐྱེ་བ་ཕྱི་མ་ཡོད།

ཁྱིམ་ལ་ལོག་འགྲོ་ཞེས་འབོད་ས་དེ་ཡོད།

ཤོག་ཧྲིལ་ངོས་ཀྱི་སྙན་ངག་འདི་ཡོད།

དེ་དུས།  ངས་ཁྱོད་ལ་བཤད་འོང་།

ཆེས་ཐོག་མར་ངོ་གནོང་ཚུལ་དང་།

སེམས་ཐག་བཅད་ཚུལ་ཁྱོད་ལ་བཤད་འོང་།

                                                     2016-4-2ཉིན།

IMG_6718.JPG


ང་ཡིས་ཁྱོད་ལ་ཐ་སྙད་ཀྱི་འདོགས་ཆ་ཞིག་བཟོ།     


ཡིད་ཆེས་ཀྱི་རྫིང་བུར་ལྷུང་པའི་སྙིང་གི་གེ་སར།

སེམས་ཁྲལ་གྱི་ལྗོན་པའི་ངོས་ཀྱི་དྲན་པ་སེར་པོ།

མ་འོངས་པའི་སྒྲུང་ན་འགུལ་པའི་མི་སྣ་དང་དུས་ཚོད།

ཁེར་རྐྱང་།  ང་ཡི་ལུས་ཐོག་གི་ས་སྲོད་ལྕི་མོ་སྟེ།

ཁྱོད་རང་གློ་རྡེག་ལ་དབྱར་ཁ་བཞིན་ཚེས་པས།

ག་ས་གང་དུ་གཙང་བོ་བཞུར་ཞིང་འདབ་ཆགས་གྲག

ཤིན་ཏུ་བསིལ་བའི་རླུང་དང་སྤྲིན་པ་ལྡེམ།

གཡའ་དག་པའི་སྐྱ་རེངས་དང་ཉི་མ་འཆར།

འཁོར་བ།  མི་ཚེ།

ཕུན་སུམ་ཚོགས་པའི་དགའ་སྐྱོ།

རྡུལ་དང་ན་བུན་འཐིབ་པའི་མི་ཡུལ།

དེ་དག་ནི་ཁྱོད་དང་དབྱེར་མེད་ཀྱི་རོལ་མོའམ།

བདག་གིས་ཁྱོད་ལ་གྱེར་བའི་ཕུགས་བསམ་དང་འཚོ་བའམ།

ཉི་ཟླ་ཆུ་ལ་ཆགས་པའི་འཇིག་རྟེན་གྱི་མཚར་སྡུག་གོ

ང་ཡིས་ཁྱོད་ལ་ཐ་སྙད་ཀྱི་འདོགས་ཆ་ཞིག་བཟོ།

ཁྱོད་ནི་འཆི་བའི་སྲོག་ལ་བརྒྱུས་པའི་ཚེ་ཡི་གདུ་བུའོ།།

                                                             2016-5-21ཉིན།

IMG_7078.JPG


བདག་གིས་ཁྱོད་ལ་སྙན་ངག་ཅིག་འབྲི།           

                                                 ___ཡང་ན་འཁོར་བའི་རྨི་ལམ་འབོད་པ།


ལས་འབྲེལ།  ཐུག་འཕྲད།

བསམ་ཡུལ་ལས་འདས་པའི་བག་ཆགས་དང་འཁྲེན་པ།

མཚན་མོ་ཞིག་ལ་སྐོར་ལམ་དུ་བྲིས་པའི་རི་མོ།

རི་མོ་ལས་མཛེས་པའི་ལྔ་མཆོད་དང་མི་ཚོགས།

མི་ཚོགས་གསེང་གི་མཉམ་བྲིས་ཀྱི་རྐང་པའི་སྒྲུང་།

དུས་ཆེན་ཞིག་ལ་འཛོམས་ཆད་བཞག་པའི་རྟེན་འབྲེལ་གྱི་སེམས་ཁམས།

ལམ་ལམ་འདྲེན་པའི་མཚན་ངོགས་དེའི་གསེར་ཀོང་མཆོད་མེ་བཞིན་དྲོ་བ་ལ།

ཡིད་ཀྱི་དུང་བའི་མཚོ་ན་རབ་ཏུ་གཙང་པ་ལ།

འཕྲིན་དང་ཁ་བརྡ་བར་མེད་དུ་བཞུར།

སེམས་ཀྱི་ངལ་དུབ་དྲན་པའི་ཁྲུས་ཀྱིས་གསོལ།

མཚན་ལམ་གྲངས་མེད་ཀྱི་གཉིད་ཆག 

རྒྱུན་མི་ཆད་པའི་སྙིང་གཏམ་ལྷུང་ལྷུང་བཞུར།

གློ་བུར་གློ་བུར་ལ་སོ་སོའི་གམ་དུ་བསླེབ་འདོད་ཀྱི་མེ་བོས།

ཚིག་གི་རུ་མ་དག་སྙིང་གི་རུ་མར་ཆགས།

ཡིད་ཀྱི་ལྗོན་པ་ལྷོད་ལྷོད་སྐྱེས་ཤིང་འདབ་མ་རེ་རེར་གཏམ་རྒྱུད་ཀྱི་ཟིལ་བ་ལྷུང་།

ནམ་ཟླ་དགུན་ཁ་ལའང་བདག་གིས་གྲང་ངར་ཞེས་པ་ཡེ་ནས་མ་ཚོར།

རྡོ་ངོས་སུ་མིང་གི་ས་བོན་གཏེར།

སྙིང་གི་བྲག་རིའི་འཕྲང་དུ་མར་ལྷུང་ས་མེད་པའི་དམ་ཚིག་བཞག

མཚམས་མཚམས་སུ་སྐྱོ་གདུང་དང་སེམས་ཁྲལ་གྱི་སྨུག་པ་ཐུ་ལི་ལི།

དྲན་གདུང་གིས་མ་འོངས་པ་ལ་དབྱངས་བརྩམས།

འཁོར་བ་དང་བུ་ཕྲུག་དང་གོ་ཁ་སོགས་ཀྱང་རི་མོར་བྲིས།

རི་མོར་བྲིས་པ་དེ་དག་ཡིད་དབང་གཏིང་ནས་འཕྲོག་པས།

བདག་གིས་ཉི་འོད་ལས་འཇམ་པའི་ཚིག་གིས་ཁྱོད་ལ་ཡང་ཡང་བོས།

ས་སྲོད་ལ་ལོག་འོང་ཚུལ་གྱི་ཕ་གིའི་སྐྱ་མི།

སྦྲ་མཐིང་སྨུག་གི་ཆོན་ཐག་བར་ན་གཡོ་བའི་འབོད་པའི་གཡབ་མོ།

སྨུག་པ།  ནོར་ལུག།   ན་འདམ་དང་མེ་ཏོག 

མཚན་མོར་གོ་ཁ་ཚ་ལམ་མེར་ཡོད་པའི་སེམས་ཀྱི་གཞིས་ཀ།

གཡང་དཀར་བལ་ལས་འཇམ་པའི་ལག་ལས་དང་ཁ་གཤིས།

ཁྱོད་ནི་ནམ་ཟླ་དགུན་ཁ་ཞིག་ལ་འཕྲད་པའི།

བདག་གི་འཁོར་བའི་སྔོ་ལྗང་དང་མི་ཚེའི་སྐྱེ་སྟོབས་དེ་ཨང་།

ང་ཡི་སེམས་ཀྱི་དཀར་འོད་དང་རྒྱ་མཚོ།

རྩ་ལམ་གྱི་ཁྲག་དང་སྙིང་གི་སྒྲ་སྣ་ཚོགས།

རུས་པའི་ངོས་ཀྱི་ལས་འབྲེལ་གྱི་རི་མོ།

སྡུག་བསྔལ་དང་བདེ་སྐྱིད་ཀྱི་ལམ་ཀྱ་ཀྱུ།

མིག་འཚུམ་ནས་ཞེ་ལྷོད་ལྷོད་ངང་སྡོད་སའི་ཡིད་ཀྱི་སྔས་མལ།

བདག་གིས་ཁྱོད་ལ་སྙན་ངག་ཅིག་འབྲི།

སྐྱེ་བ་གཅིག་གི་གཞིས་ཀ་ཉན་པའི་སྙན་ངག་ཅིག་འབྲིའོ།།

                                                         2016-7-6དགོང་མོར་རྨ་ལྷོ་རྫོང་ནས།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

One Response to ཐེའུ་རང་གིས2016ལོར་བྲིས་པའི་དུང་བརྗོད་སྙན་ངག་ཁག་ལྔ།

  1. རུས་ཐལ། ལགས་ཀྱིས:

    ཡག་བྱུང་། བཀླགས་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།