
སྐད་ཆའི་མདོ།
སེམས་པ་བསྲོ་བྱེད་ཀྱི་རྡོ་བའི་འབར་ལྕོག་དེ་ཐལ་བར་གྱུར་སོང་།
མིག་ནང་གི་མེ་ཏོག་དེའི་འདབ་མའང་རྙིད་སོང་།
ཤ་དང་རུས་པས་གྲུབ་པ་མ་ལུས།
ཚིག་དང་ངག་གིས་གྲུབ་པར་བྱའོ།།
རུས་པ་ཆག་སོང་བའི་སེམས་ཀྱི་ཀ་བ།
ལྷུ་དང་ཆ་ཡང་མ་འགྲིག།
དེ་ཡང་། མི་རྣམས་ཀྱི་ལས་སོ།།
མི་སྡུག་པའོ།།
༢༠༡༦།༦།༧ཉིན་དབུས་སུ་གྲུབ།

རུས་པའི་ལྷུ་ལྷོད་ཚུལ།
རྡོ་བ་རེ་འགར་འདབ་མ་དང་ཡལ་ག་རྒྱས་འདུག།
འཆར་ཡན་གྱི་མདུད་པའི་སྣེ་རུ་བཏགས་པའི་ལུས་ཀྱི་གྲིབ་མ།
སེམས་སུ་བསྡུ་མཁན་དེ་མ་མཐོང་།
ལུས་ཀྱི་ཁྲག་རྩ་ཡོད་ཚད་རྩིད་སྐུད་བཞིན་དུ་གྲིམ་ཡང་།
རྒྱང་མར་དེད་པའི་མདའ་རྩེ་དེ།
ང་ཡི་གྲིབ་མར་ཕོག་སྟེ།
རྣམ་ཤེས་རྨས།
༢༠༡༦།༧།༡༠ཉིན་དབུས་སུ་གྲུབ།

བྱིན་རླབས།
ཉི་འོད་ཀྱིས་རིས་མེད་དུ་གནང་བའི།
རིང་བསྲེལ་དཀར་པོ་ཏིལ་འབྲུ་ཙམ་ཞིག་འཕུར་ཡོང་སྟེ།
ཁྱོད་ཀྱི་སྤྱི་གཙུག་གི་བུ་ག་ནས།
ནས་འབྲུ་རྡོག་གཅིག་ལྟར།
འབུས་པར་བྱས་སོ།།
༢༠༡༦།༦།༡༢ཉིན་གཡོས་ཁང་དུ་གྲུབ།

ཉིན་དེར།
ཆར་བས་ཤུགས་ཀྱིས་བརྡུངས་པའི་སེམས་ཀྱི་རུས་པ།
ཉི་འོད་སྤར་མོ་གང་གིས་མིག་ནང་དུ་སྦས་ཀྱང་།
རྡོ་བའི་ངོས་ཀྱི་རི་མོ་ཛ་ཛོར་དག
སྣང་དོགས་ཅི་ཡང་མེད་པར་རེ་རེ་བཞིན།
ཆར་བས་བསུབས།
ངག་གི་གྲིབ་མ་ཁོ་ནས་འཐག་པའི་གཟུགས་ཀྱི་ལག་ཕྱིས་འདིས།
ཁྱེད་ཀྱི་ཁ་མིག་སོགས་ཡག་པོར་ཕྱིིས་རྗེས།
ས་གཙང་ས་ཞིག་ཏུ་འཇོག་གནང་རོགས།
ཆུ་དྭངས་མོ་ཞིག་གིས་བཀྲུ་གནང་རོགས།
མ་རིག་པའི་སེམས་ཀྱིས་མ་སྒྲིབ་པ་ཙམ་གྱིས།
ང་ཡིས་སངས་རྒྱས་དང་རང་གི་ཨ་མར་མཇལ་ཆོག
རུས་པའི་ནང་གི་སྤྲིན་རུས་དེ་དག་ཡལ་རྗེས།
རྗེ་བོ་ལྟ་བུའི་ཁྱེད་ཀྱིས་ང་རང་མ་བརྗེད་པར་གྱིས་དང་།
ཤ་ཟད་དེ་རུས་པར་ཐུག་པའི་གས་ཁ་ལས།
ལྗང་བུ་ཞིག་འཁྲུང་སྲིད།
༢༠༡༦།༦།༡༦ཉིན་དབུས་སུ་གྲུབ།

ལྷ་སའི་མཚན་མོར་ཕུལ་བ།
ལྷ་སའི་མཚན་མོ་འདིའི་ང་ཡི་ཟུངས་ཁྲག་ལས་ཀྱང་དམར་བའི།
འབར་ལྕོག་ཅིག་མཆུ་སྣེ་གཉིས་ཀྱིས་བཟུང་ནས་འདུག།
ང་ཡིས་ཁྱེད་ཀྱི་བྱེ་ཐང་གི་རླུང་ཚ་མོ་དེ།
ཕྱིར་ཟློག་པར་སྒུག་ཡོད།
ད་ནི་ང་ཡིས་ཁྱོད་ལ་དབྱངས་གསལ་གྱི་སོ་སྒོ་གཉིས་བརྡར་ཏེ།
གཏམ་རྒྱུད་ཅིག་བཤད་ཆོག་པར་ཞུ།
ང་ཡིས་ཁྱོད་ལ་དབང་བའི་ལྡེ་མིག་ཅིག་བཟོས་ཡོད།
དེ་ནི་ཁྱོད་ལ་དབང་བའི་ལྡེ་མིག་དེ་རེད་མི་འདུག་ན་ཨང་།
ཁྱོད་ཀྱི་དྲན་པ་ལྟ་བུའི་སྣང་བ་དེ་གཙང་བཞེས་གནང་སྟེ།
ལམ་འགྲམ་གྱི་མེ་ཏོག་རེ་ཟུང་གིས།
ང་ལ་སྒོ་དང་སྒེའུ་ཁུང་སོགས་ཅི་ཡང་མེད་པའི།
ཁང་བ་ཞིག་བསྐྲུན་གནང་རོགས།
ཁ་རོག་གེར་སྡོད་པ་ནི།
རང་གིས་རང་ཉིད་དུར་དུ་སྦས་པ་དང་འདྲའོ།།
ལམ་གྱིས་རྐང་ལག་རིང་དུ་བསྲིངས་ཏེ་འདུག་ན་ཡང་།
དེ་ནི་འཆི་བའི་ཕྱོགས་ཀྱི་སྐར་ཁུང་ཞིག་ལས་མ་འདས་པས།
བཟོད་པར་གསོལ། སྙིང་ཉེ་ལགས།
ང་རང་ཤ་བཟའ་མཁན་གྱི་དཔོན་དམག་ཅིག་གི།
མཐའ་སྲུང་མཁན་དུ་གྱུར།
ཁྱོད་རང་མ་ཞེད་པར་གྱིས།
ང་ཡིས་མེ་ལས་དབལ་ཚ་བའི་ལྷ་སའི་ནམ་མཁའ་ནས།
གསོལ་ཇ་ཕོར་བ་གང་བསྐོལ་ཡོད།
ག་ལེར་བཞེས་རོགས་གནང་དང་།
རྟེན་འབྲེལ་འཛོམས་པོ་བྱུང་ན།
སང་ལོ་དབུས་ནས་མཇལ་ཡོང་།
༢༠༡༦།༦།༢༣ཉིན་དབུས་སུ་གྲུབ།

མིང་མེད་ཞིག་དང་འདྲ་ལེ།
རྩྭ་རྒོད་འདི་དག་གཡག་རྭ་ཞིག་དང་འདྲ་ལེ།
ལྷ་སའི་ནམ་མཁའ་ན་ལུས་པའི་རྣམ་ཤེས་དག་དང་འདྲ་ལེ།
ལྷམ་ཡ་གཅིག་ལས་མེད་པའི་བར་སྐོར་དང་།
ཆང་ཁང་གི་སྒེའུ་ཁུང་འདྲ་ལེ།
སོག་རུས་ཆུ་ཡིས་ཕིག་པའི་ཁུང་བུ་ལས།
ཉི་མ་མིག་གིས་བཟུང་།
འུར་གྱིས་བཏང་།
ཅི་བྱའམ།
རི་རྩེ་ཞིག་ཏུ་ལྷ་ས་བཀླགས་པས།
ང་ཡི་ལག་པ་གས་སོང་། ལག་པའི་རུས་པ་གས་སོང་།
རུས་པའི་ནང་གི་རྡོ་བ་དེའང་གས་སོང་།
བཟོ་ལྟ་མི་འདྲ་བ་མང་པོར་གྱུར།
ཞྭ་མོ་སེར་པོ་ཞིག་གི།
སྲུབས་ཀ་ནས་འབུས་པ་གང་ཞིག།
ཁབ་དང་སྐུད་པ་འདྲ་ལེ།
ཆང་མ་དང་ཆང་གཞས་འདྲ་ལེ།
ངག་གི་ཤོག་ལེབ་འདིའི་ངོས་སུ།
ང་ཡི་གྲིབ་མ་འཚེམ་ཤོག།
༢༠༡༦།༧།༣ཉིན་གཡོས་ཁང་དུ་གྲུབ།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།