
འབྱམས་ཀློང་།
སྨུག་པའི་མཆེ་སྡེར ཡང་ན་དུག་ཆུ་བྱུགས་པའི་སེང་རས
སྙིང་ཁམས་སུ་འཐིམས་པའི་གཤེར་ཁུ
ཚོར་བའི་རླུང་དང་ཁུག་རྟའི་གཤོག་འགྱུར མེ་ལྕེའི་ང་རོ
སྤྲིན་གྱི་ལྷན་པའི་འོག་གི་ཉི་ཟླའི་འོ་འཛིན
ཇི་ཙམ་རྒྱང་རིང་དུ་ཕྱིན་ཡང
དེ་ཙམ་གྱིས་མགོ་ཐོག་ནས་འཛུམ་པའི་སྒྲོན་མེ
བསླུ་བྲིད་ཀྱི་ནགས་ཀློང
གནམ་སྔོན་པོ་དང་ས་དོག་མོའི་མིག་ཟུང
འཇམ་མཉེན་གྱིས་ཡང་ཡང་འགེབས་པའི
རྫི་མ་སྔོན་པོ འགྱིག་དང་རྫས་འགྱུར་གྱི་བླ་རེ
གཟུགས་མེད་པའི་སེམས་ཀྱི་ན་བུན
འདི་ལྟར ཉོན་མོངས་ཀྱི་རི་སྒང་ནས་སྤྲོས་པས
ཕ་ཡུལ་གྱི་ལམ་ཁ་གཞི་ནས་བོར་ཟིན
དུམ་བུར་ཆད་པའི་ཡིད་རྟོན་གྱི་དཔྱངས་ཟམ
རལ་གྲིའི་ཕག་གི་འཛུམ་མདངས་ཀྱི་འཇའ་ཚོན
ཧ་ལོའི་མེ་ཏོག གློག་གི་རྨི་ལམ
སྐྱི་པགས་ཀྱི་གསེབ་ལ་སྦས་པའི་ཁྲག་གི་ཆར་བ
བྱེ་ཐང་ན་གཡོ་བའི་གྲོང་ཁྱེར་གྱི་འཚང་ཁ
དུར་ཁྲོད་ཀྱི་རྡོ་དང་རུས་པ
བྱ་ཆེན་གྱི་གྲིབ་མ་བོར་བའི་ནམ་མཁའ
ཝ་སྐྱེས་ཀྱིས་འདྲུད་པའི་རུལ་མྱགས་ཀྱི་ནང་ཁྲོལ
མ་ཡུམ་བོར་བའི་དྭ་ཕྲུག་གི་ངུ་སྐད
ཧམ་སེམས་ཀྱི་ཆུ་སྲིན་དང་རུས་སྦལ
དྲག་ཏུ་འཁོལ་བའི་མཚོ་རླབས་ཀྱི་གཡོ་སྐྱོམ
ལྷན་སྐྱེས་ཀྱི་ཁྲབ་ངོས་སུ་འཛུམ་པའི
ལོ་ངོ་སྟོང་གི་གཉུག་གཤིས་ཀྱི་མཛེས་རིས
ཉ་ཕྱིས་དང འགྲོན་བུའི་ཚེ་སྲོག་གི་རོལ་མོ
བརྩེ་བའི་ཆུ་ཀླུང་སྙེག་པའི་རི་དྭགས
སྒྱུ་མའི་ཕོ་བྲང་ན་མགོ་བོ་འཁོར་བའི་རྒྱལ་སྲས
ཟིལ་བ་གྱོན་པའི་འཇག་མའི་འཆི་འཕོ
གནམ་ས་འགམས་པའི་དུག་རླངས་ཀྱི་ཕེག་རྡོབ
ཆོས་ཉིད་ཀྱི་བདེན་པས་སྟོང་བཞིན
མི་སེམས་ཀྱི་ལྗོན་པ་ཡང་ཡང་བརླན་ཏེ
མུན་པའི་ལོ་མ་སྒུལ་བའི དབྱངས་ཀྱི་གཤོག་པ
ཡང་ན འོད་ཀྱིས་སྦྲུམ་པའི་ངག་གི་མཆི་མ

ཚོགས་གྲུབ།
དངུལ་ལོར་གྱི་མཚོ་ངོགས་སུ་ཤར་བའི་འཇའ་ཚོན
ཚེར་མའི་བང་རིམ་ན་བཞད་པའི་མེ་ཏོག
མེ་ལྕེས་སྦྲེལ་བའི་དུ་ཞགས་ཀྱི་ཐག་པ
དུས་ཚོད་ཀྱིས་སྲེག་བཞིན་པའི་ཚེ་སྲོག་གི་གཙང་པོ
སྨག་རུམ་གྱི་ལྡེབས་ན་འཛུམ་པའི་འཁོར་བའི་གློག་བརྙན
མེ་ལོང་དུ་མངོན་པའི་སྟག་མོའི་འཛུམ་རིས
སྐྱེ་རྒ་ན་འཆི རྩྭ་ཟིལ་དང་རུས་པའི་འོད་ཟེར
རལ་གྲིའི་ཁ་རུ་རྟ་བརྒྱུགས་པའི་ལོ་ཟླ ཀླད་ཕོར
རྐང་སྣམ་གྱི་ཁ་འདིག་ལ་བཏགས་པའི་ཉིན་མཚན
ཤྭ་འོད་ཀྱིས་འཁྱེར་བའི་ཕྱེ་མ་ལེབ
རླབས་རྩེར་གཡེང་བའི་ལོ་མའི་སྟེང་གི་འབུ་སྲིན
ནམ་མཁས་བཙོན་དུ་བཟུང་བའི་འབྲོང་རྒོད
འཁྱགས་དར་གྱིས་གཅུན་པའི་གཡོར་གྲུ
ཡུགས་ས་མའི་ངོ་གདོང་བཙེམས་པའི་རྨ་ཁ
རོལ་དབྱངས་ཀྱིས་སྒུལ་བའི་མགོ་རས་དམར་པོའི་ཐོ་ཡོར
ཟླ་ངོགས་ལ་འཁོར་བའི་རྣམ་ཤེས་ཀྱི་གྲིབ་མ
རྨུ་ཐག་མི་མངོན་པའི་སྨིག་རྒྱུའི་མཆོད་རྟེན
འདམ་རྩྭ་ཟ་བའི་ཁྲུང་ཁྲུང་གི་སྐྱོ་གཞས
རུས་རྐང་ལ་ཟུག་པའི་སྡིག་སྲིན་གྱི་མཆེ་བ
གསེར་གྱི་ཅ་ནེ་གཅོག་པའི་ཕྲེང་བ་ནག་པོ
བར་སྣང་ནས་དཔྱངས་པའི་འོད་ཀྱི་མཆུ་སྒྲོས
བྱེ་ཐང་ལ་འཁྱུགས་པའི་ཆགས་སྲེད་ཀྱི་མེ་རླབས
ཡོད་ཚད
སེམས་ལས་བྱུང་ཞིང
སེམས་ནས་འཕོས་པའི་རྨི་ལམ་གྱི་ཚོགས་གྲུབ

སྲོད་ཁའི་འབྲོག་ཐང་།
རྫ་སྒང་གི་ཁུ་ཚུར་བར་ནས་ཉི་ནུབ་ཀྱི་ཁྲག་དྲོན་བཞུར
བྱ་གླག་གི་མིག་འབྲས་སྔོན་པོས་ཀེང་རུས་ཀྱི་ཡིག་འབྲུ་བཀླགས
དར་ལྕོག་གིས་ཁྲིད་པའི་ནོར་ནག་གི་གོམ་པའི་སྙེ་རླབས
མཚམས་སྤྲིན་གྱི་མདངས་སུ་འཚེར་བའི་བསང་མེའི་འོད་ཀྱིས་བསྙལ
གནམ་ས་འདྲེས་མཚམས་སུ
འཁྱག་གྲང་གི་ཐབ་རྡོས་མེ་ཕུང་གི་སྙན་ངག་གླེང
ཟླ་བ་གླིང་དབྱངས་ཀྱིས་སྒུལ་བའི་སྒྲ་ཐོས་ཀྱང
གཙང་ཆུའི་ཁ་དོག་ཡལ་ཞིང་མེ་ཏོག་གི་མགོ་བོ་དུད
གཞོན་ནུ་མའི་སྐེ་རྒྱན་རྩྭ་ཐང་གི་སྙིམ་པར་ཐོར
སྦྲ་ནག་གི་གོང་ཁ་རུ་སྐར་ཚོགས་ཀྱི་མིག་ཆུ་འཛུམ
ནུབ་རླུང མར་མེ ཁྱི་སྐད
ལྐོག་གྱུར་འབར་བའི་རི་ཚོགས་ཀྱི་གསང་གཏམ
ཡང་ན བར་སྣང་ན་འཛུམ་པའི་མེ་ལོང་སྔོན་པོའི་ལྡོག་བརྙན

རྔོན་པའི་འཁོར་བ།
ཁྱོད་ཀྱིས་གངས་ཀློང་གི་མེ་དྲོད་རྙེད་ཀྱང་སྲིད་དེ
གཞུ་མོའི་ཡ་ཐེལ་ལ་ཉི་ཟླ་འགེལ་བར་མཁས
གཙབ་རལ་དུ་ལུས་པའི་གྱང་ལྡེབས་དང་སྡོང་ཤུན
ཉག་ཕྲན་གྱི་སོ་ཁ་ནས་བསྐམས་པའི་གཡི་ལྤགས
བྲག་རྡོའི་ངོས་ཀྱི་ཁྲག་དྲོན་དང་དེ་ལ་འཁོར་བའི་སྦྲང་ནག
ཡོད་ཚད་ལས་འོད་ཟེར་མཆེད་ཅིང
སྤྱང་མོའི་ངོ་གདོང་གི་མཛེས་སྡུག་ལྷང་ལ་བུད་པས
རླུང་རྟ་དང་ཁ་བའི་མེ་ཏོག
ཁྱོད་ཀྱི་དམར་དྲི་འཐུལ་བའི་སྤྱིལ་ཆུང་དུ་འཕྱོ་ཞིང་ལྡིང
མེ་ཕུང་གི་འབར་མཆེད་ངོགས་ནས
ཁྱོད་ཀྱིས་ཡུན་རིང་བོར་བའི་སྲས་མོའི་ངོ་གདོང་དེ
ཡང་བསྐྱར་རྙེད་ཅིང རང་མོས་ཀྱི་འཁུན་དགོད་ཁྲོད་ནས
རྡོ་སྤྱིལ་གྱི་རྩིག་ལྡེབས་བར་ལ
ཚེ་སྲོག་གི་འགྱུར་ཁུགས་རེ་བསྣན་འོངས

ལག་པ་འདི་དག
དངུལ་ལོར་གྱིས་བཟོས་པའི་ལག་པ
རྐུབ་སྟེགས་ལས་སྐྱེས་པའི་ལག་པ
ཡིག་ཆ་ལས་གྲུབ་པའི་ལག་པ
ལག་པ་འདི་དག
མཁའ་དབུགས་བཞིན
ཕྱོགས་བཞི་ནས་རུབ་འོངས་ཏེ
ངའི་གོམ་འགྲོས་ལ་འཆིང་སྒྲོག་བརྒྱབ་ཟིན
ངའི་སྒོ་ཆེན་ལ་ལྕགས་ཟྭ་བསྣར་ཟིན
ང་ལ་རྐང་པ་མེད་པ་མིན་ཡང
བག་ཡངས་ཀྱི་ལམ་ཁ་མེད་པས
ད་ལྟ་གང་དུ་འགྲོ་དགོས
མིག་ཀོང་ནས་བསྲིངས་པའི་ལག་པ
ཁ་ནང་ནས་བརྐྱངས་པའི་ལག་པ
བྲང་གཞུང་ནས་སྐྱེས་པའི་ལག་པ
ལག་པ་འདི་དག
སྡོམ་དྲ་བཞིན
མགོ་ཐོག་ནས་བསྣོལ་འོངས་ཏེ
ངའི་འཕུར་བསྐྱོད་ལ་སྟངས་འཛིན་བཟོས་ཟིན
ངའི་བར་སྣང་ལ་ཚོད་འཛིན་ཐེབས་ཟིན
ང་ལ་གཤོག་པ་མེད་པ་མིན་ཡང
རང་དབང་གི་ནམ་མཁའ་མེད་པས
ད་ལྟ་གང་དུ་འཕུར་དགོས
ཀུན་སྤྱོད་ཀྱི་བགྲང་ཕྲེང་བསྣམས་པའི་ལག་པ
ལྐོག་གཡོ་ཡི་གསེར་མདོག་བཀྲ་བའི་ལག་པ
གདུག་རྩུབ་ཀྱི་ཁྲག་དམར་འཛར་བའི་ལག་པ
ལག་པ་འདི་དག
གདོན་འདྲེའི་ཐག་པ་བཞིན
ཁོར་ཡུག་ནས་བརྐྱངས་འོངས་ཏེ
ངའི་ཡན་ལག་དམ་ལ་བཏགས་ཟིན
ངའི་མགྲིན་པ་རྩ་ནས་བསྒགས་ཟིན
ང་ལ་སྨྲ་ལྕེ་མེད་པ་མིན་ཡང
དབུགས་ཀྱི་རྒྱུ་ལམ་འགགས་པས
ད་ནི་སེམས་ཀྱི་གཞས་གདངས་ཇི་ལྟར་གྱེར
འཆི་བདག་ལྟ་བུའི་ལག་པ་འདི་དག
རལ་གྲི་ལྟ་བུའི་ལག་པ་འདི་དག
སྒྱུ་འཕྲུལ་ལྟ་བུའི་ལག་པ་འདི་དག
ནགས་ཚལ་ཅིག་དང་འདྲ་བར
གནམ་གྱི་མཐའ་དང
མཚོ་ཡི་ཟུར་གང་རུང་ནས་བརྡོལ་འོངས་ཏེ
བདག་ལ་དབང་ཆོག་པའི་འོད་ཀྱི་ཆར་བ་བཀག་མཐར
འཇའ་ཚོན་གྱི་ཕག་ནས་ཐལ་མོ་རྡེབ་བཞིན
ནམ་ཉི་མར བལ་དཀར་གྱི་ཁ་ཆུ་ལྟ་བུའི་བདག
ལོ་རྒྱུས་ཀྱི་ཆབ་ཁང་ངམ
དུས་རབས་ཀྱི་སྙིགས་སྒམ་གང་རུང་དུ
སྡོང་ལོ་ཤི་བོ་དག་དང་ཆབས་ཅིག
གཙང་ཤོག་བཞིན་འདེད་པར་ཐེ་ཚོམ་མེད
ལག་པ་འདི་དག་གིས
ཉི་འོད་ཀྱི་ཀློང་ནས་མེ་ཏོག་གི་ཞྭ་མོ་བསླེས་ཏེ
བདག་གི་མཇིང་བར་སྐོན་ཞིང
མུན་པའི་སྦུབས་ནས་རྣོ་དབལ་གྱི་གྲི་གུག་བརྡུངས་ཏེ
བདག་གི་སྙིང་ལ་སྙོབ་པར་རྩོམ
ལག་པ་འདི་དག་གིས སྐབས་རེར
ཁོ་བོ་སྟོད་ལ་བཀྱགས་ཏེ
རི་གསུམ་གྱི་རྩེ་རུ་འཇོག་པར་བྱེད་ལ
ཡང་ལན་རེར ཁོ་བོ་སྨད་ལ་གཡུགས་ཏེ
ལུང་གསུམ་གྱི་མདོ་རུ་འཕེན་པར་བྱེད
ལག་པ་འདི་དག་གིས
ཧ་ཅང་ཉམ་ཆུང་གི་བཟོ་ལྟས
ཁོ་བོའི་རུམ་ཁ་ནས་ཅི་ཞིག་སློང་ཞིང
ཐོབ་འདོད་པ་གང་དེ་ཐོབ་མ་ཐག
བར་སྣང་མཐོ་ས་རུ་འགྲེངས་ཏེ
རྡོ་རྗེའི་ཁུ་ཚུར་གྱི་རྣམ་པས
གཞན་དག་གི་མགོ་བོ་རྡུང་བར་བྲེལ་བས
ལག་པ་འདི་དག་ལ
ཁོ་བོ་སྐྱུག་བྲོ་ཞིང་ཞེ་མེར་རོ
ལག་པ་འདི་དག
ངན་སྔགས་མཁན་གྱིས་དམོད་མོ་བོར་བ་བཞིན
ཁ་སང་དེ་རིང སྤྱི་ཚོགས་ཀྱི་ངོས་གང་ས་ནས་འགུལ
ལག་པ་འདི་དག
ཉོན་མོངས་ཀྱི་སྦྲུལ་ཚང་དཀྲུགས་པ་བཞིན
དེ་རིང་སང་ཉིན མི་སེམས་ཀྱི་ཟུར་སོ་སོ་ནས་འགུལ
ལག་པ་འདི་དག
ཕན་ཚུན་འཐབ་བཞིན ན་ཟུག་གིས་འགུལ
རྒྱུད་མངས་དཀྲོལ་བཞིན ཚོར་ཤེས་ཀྱིས་འགུལ
ལག་པ་འདི་དག་གི་ཁྲོད་ན
ལྷ་ཡུལ་ལ་ཐེམ་སྐས་སྒྲིག་མཁན་ཡོད་ལ
དམྱལ་ཁམས་ཀྱི་ཟངས་སྒོ་འབྱེད་མཁན་ཡོད
ལག་པ་འདི་དག
གྲོང་ཁྱེར་གྱི་གྲུ་ག་སོ་སོ་ནས
སྨད་འཚོང་མའི་མཆུ་སྒྲོས་དང་མྱོས་བུམ་བཞིན
ཟིལ་ཤུགས་དང་ང་རྒྱལ་གྱིས་བརྐྱངས་འོངས་ཏེ
མི་ཡུལ་གྱི་ཉལ་ཁྲི་ཡོམ་ཡོམ་སྒུལ
ལག་པ་འདི་དག་གིས
ངའི་འཇིག་རྟེན་གྱི
གསེར་མདོག་གི་འཁོར་ལོ་བརྒྱ་དང་བརྒྱད་པོ
གཡོན་དུ་བསྐོར
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།