རྟོགས་སད་ལྷ་མོའི་སྙན་ངག་ཆེད་འགོད།

304

13695913_1120728987984600_25768694_n.jpg


          ཐིགས་པ། 


ཤིན་ཏུ་ནས་སྐོམ་པའི་སྐབས་སུ

མིག་གི་སྐོང་བུ་རུ་འཁྱིལ་བའི

ཚྭ་བའམ་སྐྱུར་བའི་མཆི་མ་རྡོག་པོ་གཅིག

སྡུག་བསྔལ་མ་ཡིན་པའི་སེམས་ཁྲལ་ནག་པོ་ཞིག་གིས

ཚ་མལ་མལ་ངང་ཁ་ཤའི་ཕྱི་ནང་ནས་རྒྱུགས་ཅིང

མཆུ་ཏོ་འགུལ་ཙམ་གྱིས་ཀྱང

མིད་པའི་ནང་འཛུལ་འོང་བ་དེ

སྔ་ས་ནས་ཁྱོད་ལ་གྲ་སྒྲིག་བྱས་པའི

བརྩེ་གྲོགས་གི་ལག་རྟགས

གསེར་གྱི་ཚིགས་ཁེབས་དེ་དང་འདྲ་ཨང

                                          ༢༠༡༥/༩/༡༡  

IMG_6314.JPG

 
    སྣང་བའི་ཕྱི་རོལ་གྱི་མེ་ཏོག   


ང་ནི་མེ་ཏོག་ཅིག 

སྣང་བའི་ཕྱི་རོལ་དུ་བཞད་པའི་མེ་ཏོག་ཅིག

རྣམ་ཤེས་ས་ལ་འཐིམས་པའི་རྫུ་འཕྲུལ་གྱི་མེ་ཏོག་ཅིག

རེ་འགའ་ཁྱོད་ཀྱི་ཉེ་སར་ཤར་ཞིང་

རེ་འགའ་ཁྱོད་ཀྱིས་ཡེ་ནས་མི་མཐོང་

མེ་ཏོག མེ་ཏོག མེ་ཏོག 

སྣང་བའི་ཕྱི་རོལ་གྱི་མེ་ཏོག  

                   ༢༠༡༥/༦/༡ཉིན། 

IMG_7006.JPG

      
        བྲག་རི་ལྟ་བུར་འགྱིངས་དང་། 


འཁོར་བ་འདི་རླུང་གི་ཁ་ལ་གཡོ་བའི་ལོ་མ་བཞིན

ནམ་ཡང་ལྷིང་འཇགས་ཀྱི་གནས་མལ་ཞིག་དབེན་སོང

འཇིག་རྟེན་འདི་ཆུ་ཡིས་དེད་པའི་གྲོག་ཚང་བཞིན

གང་དུ་འཛུལ་ནས་གནས་མལ་བཅའ་དགོས་མི་ཤེས

དེ་རིང་གི་དེ་རིང་ཁྱེད་རང་ནར་སོང་ཤུལ་ན

ཕ་མ་ཡི་དྲིན་ལན་དང་མིང་སྲིང་གི་འདུ་ཤེས་ཁོ་ནས

བདེ་སྐྱིད་ཀྱི་ལམ་བུ་དེ་ལ་ཤེད་ཀྱིས་འབད་དུས

ཁྱེད་ཀྱི་རང་གཤིས་བྲག་རི་ལྟར་འགྱིངས་ནས

ཁྱེད་ཀྱི་ཁོག་རྒྱ་ནམ་མཁའ་ལྟར་ཡངས་དགོས

དུས་ཚོད་ག་ཙམ་འདས་སོང་ན

འུ་གཉིས་ལ་དབང་བའི་ལམ་ཆུང་དེར

སུས་ཀྱང་རྣོ་ངར་གྱི་ཚིག་རྩུབ་འཕངས་མི་སྲིད་ལ

སུས་ཀྱང་ཕྲག་དོག་གི་དུག་ཆུ་བླུད་མི་སྲིད

རི་བོའི་ཕར་རོལ་དང་ཆུ་བོའི་ཚུར་རོལ་ན

ང་དང་ཁྱེད་ལ་འཛུམ་པའི་མེ་ཏོག་མང་པོ་བཞད་ཡོད་ལ

མེ་ཏོག་ལ་དབང་བའི་བུང་བ་དག་ཀྱང་

སུ་ཞིག་གིས་ཧམ་ཤེད་ཀྱིས་བཟུང་མཁན་མེད

འདི་ནི་ཅི་འདྲའི་ཞི་ལྷོད་དང་བདེ་སྐྱིད་ཅིག་ཅི་ལ་མིན

རི་རྩེ་ལ་སྨུག་སྤྲིན་གཡོག་པའི་ཉིན་དེ་ནི

ང་རང་ཁྱེད་ཀྱི་ཤ་ཁྲག་ལ་འཐིམས་པའི་དུས་ཚོད་ཡིན་ཏེ

དེ་ནས་བཟུང 

ང་ནི་ཁྱེད་ཀྱི་དུས་ཚོད་གསེད་མཁན་དང

ཁྱེད་ལ་སེམས་ཁྲལ་བཟོ་མཁན་དེ་ཡིན

དེ་ནས་བཟུང་

ང་ནི་ཁྱེད་ཀྱི་སྙིང་ཁ་སྔོག་མཁན་དང

ཁྱེད་ཀྱི་སེམས་ཁ་བསྡམས་མཁན་དེ་ཡིན

ཡང་གཅིག 

དེ་ནས་བཟུང་ང་དང་ཁྱེད་ལ

ཤ་ཁྲག་གི་ཕུང་པོ་ལས་ལྷག་པའི་དུངས་ཞེན་ཟབ་མོ་ཞིག་རྙེད་ཡོད་ཏེ

དེ་ནི་མི་ཁའི་རྣོ་ངར་གྱིས་གསེད་མི་ཐུབ་ལ

ལྐོག་གཡོའི་ངན་ཇུས་ཀྱིས་གཏོར་མི་ཐུབ

དེ་ནི་ཁྱེད་དང་ང་ལ་དབང་བའི་རིན་བྲལ་གྱི་ནོར་བུ་དེ་ཡིན་པས

ངས་ངེས་པར་དུ་བདག་གཅེས་བྱེད་ངེས

               2015/7/4ཉིན་གཏན་གྲོགས་ཀྱི་སྐྱེས་སྐར་ལེགས་སྐྱེས་སུ་ཕུལ། 
IMG_6277.JPG


       བྱེ་ཐང་གི་རྨི་ལམ། 


སྙིང་ལ་མེ་ཏོག་ཅིག་རུམ་ནས

ངས་བྱེ་མའི་གྲོང་ཁྱེར་ཞིག་ཏུ

ས་སྲོད་ཀྱི་དགོང་སྤྲིན་དང་དེའི་དམར་མདངས་ལ་བསྒུག་དུས

ང་རང་ཐལ་བའི་རྡུལ་ལ་སྤྲུལ་ནས

རླུང་བུའི་རྟ་ལ་བཞོན་ནས

བྱེ་ཐང་གི་རྔམས་བརྗིད་ནས་མྱུར་མོར་གཡོལ་ན་སྙམ

རྨི་ལམ་གྱི་ལྡིང་ཁང་ལ་གཡོ་བའི་དར་ལྕོག་ཟད་པོ་དེས

ང་ལ་ལག་གཡུག་བྱེད་པའི་ངང་ཚུལ་མཐོང་འོང་དུས

མིག་ཆུ་ནི་ཐིགས་པ་རེ་རེ་བཞིན་བྱེ་ཐང་ལ་སིམས་ཤིང

གོ་རིམ་ཆ་ཚང་ཞིག་གི་ཁྲོད་དུ

ང་རང་རྒས་སོང་བའི་རྗེས་ཤུལ་མཐོང་ཡོང་གིན་འདུག 

                            ༢༠༡༥/༧/༢༣དགོང་མོ། 
IMG_6639.JPG

           
       མུན་པའི་ཁ་དོག་འཚོལ་བ། 


ཁྱེད་ནི་མུན་པ་སྟེ

ངས་ཅི་ཡང་མི་མཐོང་ཞིང

ཅི་ཡང་རེག་མི་ཐུབ

མི་ཚོས་ཁྱེད་ནི་ཁ་དོག་སྣ་མང་དང

འགྱུར་བ་སྣ་ཚོགས་ཡོད་ཟེར

ངས་གཏན་ནས་ཡིད་མ་ཆེས་ཏེ

ངས་ནན་གཏན་དང་གཞི་འཇམ་ངང

ཁྱེད་དང་ཉེ་བར་བཅར་ནས

ཁྱེད་ཀྱི་ཁ་དོག་ལ་ཅིས་ནས་ཐ་སྙད་ཅིག་འཇོག་འདོད

འོན་ཀྱང    འོན་ཀྱང

མུན་པ་ལགས 

ངས་མཚན་གུང་རེ་རེའི་གཉིད་ཀྱི་བདེ་བ་བོར་ནས

ཁྱེད་ཀྱི་ཁ་དོག་འཚོལ་བར་བརྩམ་དུས 

ང་རང་འཇིགས་དངངས་ཀྱི་འཇིག་རྟེན་འདིར་སླེབས་པར

དགའ་སྤྲོ་ཞིག་ཡེ་ནས་མི་འདུག  

རྒྱུ་མཚན་ནི    

ངའི་མི་ཚེ་འདིའི་རིན་ཐང་ཡོད་ཚད

ཁྱེད་ཀྱི་ཁ་དོག་མ་ངེས་པའི་གཞི་འཇམ་གྱི་གཡོ་འོག་ཏུ་ཚུད་འདུག་མོད

ང་ལ་ད་བར་དེ་འདྲའི་དྲན་ཚོར་ཞིག་རྙེད་མེད་པ་འདྲ

ད་ལྟའི་ཆར

ངས་གོ་རིམ་དང་དུས་ཚོད་མ་ནོར་བར

དགོང་མོ་རེ་རེའི་བར་སྟོང་ངོས་སུ

སྙིང་གི་ཕྱི་ནང་ཡོངས་རྫོགས་བསྟན་ནས

ཁྱེད་ཀྱི་ཁ་དོག་འཚོལ་གྱིན་ཡོད

ནམ་ཞིག་གི་ཚེ་ན 

ངས་ཁྱེད་ཀྱི་ཁ་དོག་ལ་ཐ་སྙད་ཅིག་ངེས་པར་འཇོག་ངེས

                                        ༢༠༡༥/༡༡/༢༡དགོང་མོ།
IMG_6298.JPG

   
     རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ། 


འཇིག་རྟེན་ནི་ཆེ་བའམ་ཆུང་བའི་ཐ་སྙད་ཀྱིས་འགྱུར་མི་སྲིད་ཅིང

མི་གཤིས་ནི་དྲང་བའམ་ཟོལ་བ་ཁོ་ནས་གཏན་ཚིག་ཞིག་མི་ཐོབ་ན

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ

དུས་ཚོད་ཀྱི་འཁོར་ལོ་ལ་འཁྱུད་པའི་གཞོན་ནུའི་ལང་ཚོ་དང

ཉི་འོད་ཀྱི་ཐག་སྣེར་བཞུར་བའི་ཚེ་སྲོག་གི་རིན་ཐང་ཡོད་ཚད

བསམ་ཤེས་ཤིང་བསམ་མ་ཤེས་པའི་བར་སྐབས་དེར

འཇའ་འོད་བཞིན་མིག་གིས་མཐོང་ཞིང་ལག་པས་མ་སྙོབ་པར་ཤོར་སོང་དུས

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ

ཆུང་དུས་སུ་རྨི་ལམ་དང་ཕུགས་བསམ་མོད་པའི་ན་གཞོན་དག

དུས་རབས་ཀྱི་ལམ་ཟུར་ཞིག་ལ

ཉི་འོད་མ་ཡིན་པའི་དྲོད་སྣེ་ཞིག་འཚོལ་བར་སྙེགས་དུས

བདེ་སྐྱིད་ཟེར་བའི་མིང་གི་ཐ་སྙད་དེ

གཡོ་ཟོལ་དང་རྫུ་བག་གིས་ཡོངས་སུ་ཀླུབས་པས

ཆེས་ཐོག་མའི་ལྷད་མེད་དང་དྭངས་གཙང་གི་ཕུགས་བསམ་དེའི་སླད་དུ

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ  

དུས་ཚོད་འདིིའི་བག་ཏུ་ཡིབ་པའི་བློ་སྣ་ཐུང་ཞིང་ཁ་སྣ་རིང་བའི་མི་ཚོགས་དག

སྐབས་སྐབས་སུ་བྱང་སེམས་ཀྱི་སྤྲུལ་དུ་མངོན་ཞིང

དུས་དུས་སུ་གདོན་འདྲེ་ཡི་བྱ་བྱེད་ཀྱིས་བསླུས་སོང་ན

ང་དང་ང་འདྲ་བའི་ཉམས་ཆུང་དག་ཡིག་འབྲུ་ཡི་གྲུ་ཟུར་གང་ན

ཚེ་སྲོག་ལྟར་གཅེས་པའི་སྙན་ངག་ཐུང་ཐུང་རེ

སྨག་ནག་གི་མཚན་གུང་ལ་སྤུར་ཆོག་ན

ང་ཚོ་འདི་རང་གི་འདོད་པ་ལྟར་གྱི་མི་ཞིག་ཅིས་མི་བྱ། 

          ༢༠༡༥/༧/༢༧དགོང་མོ་སྙན་ངག་པའི་མཚན་མོ་ཞེས་པར་ཕུལ་བ། 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།