རྨོག་རུ་ཤེས་རབ་རྡོ་རྗེའི་སྙན་ངག་ཆེད་འགོད།

397

IMG_0338.JPG

     —རྨོག་རུ་ཤེས་རབ་རྡོ་རྗེ།  སྙན་ངག་པ་དང་སྐད་གྲགས་ཅན་གྱི་གླུ་ཚིག་གསར་རྩོམ་པ་སྟེ། མདོ་སྨད་རྨ་ཆུའི་འབྲོག་ཁྱིམ་ཞིག་ཏུ་དོན་དགུ་ལོར་སྐྱེས།  ༡༩༩༨ལོ་སྟེ་ཕོ་ལོ་བཅུ་དགུའི་སྟེང《རྨ་གཞུང་ནས་འཕུར་བའི་ངང་ཕྲུག》ཅེས་པའི་སྙན་ངག་དེབ་ཐོག་མ་དེ་པར་དུ་བཏབ། ༢༠༠༦ལོར་སྙན་ངག་དེབ་གཉིས་པ《ཁྱོད་རང་ཀློག་པར་སྤྲོ་བའི་སྙན་ངག》ཅེས་པ་པར་དུ་བསྐྲུན། ༢༠༡༤ལོར་སྙན་ངག་དེབ་གསུམ་པ《ཚིག་གི་རྨི་ལམ》ཞེས་པ་པར་བསྐྲུན་བྱས།  སློབ་ཆུང་དགེ་རྒན་དང་གྲོང་རྡལ་སྲིད་གཞུང་གི་ལས་ཀ་སྣ་ཚོགས་བྱེད་མྱོང་། འཚོ་བའི་ནང་གི་རྩེད་དགའ་ལོངས་སྤྱོད་མང་བོ་ན་ཚོད་དང་བསྟུན་ཏེ་ཇེ་ཉུང་ཇེ་ཉུང་ལ་འགྲོ་ཡང་། སྙན་ངག་འབྲི་བའི་སྤོབས་པ་དང་གླུ་ཚིག་འབྲི་བའི་སྤྲོ་བ་སྔར་ལས་མཐོ།



           འདབ་མ་དགུ་བ།


                    ༡

རྨི་ལམ་གྱི་བྱེའུས་གཤོག་པ་བརྐྱངས

མཐའ་མེད་པར་གཤོག་པ་བརྐྱངས

                ༢

མཚན་མོ་སྟོང་བའི་ཁམས་སུ་འབྱམས

ནག་པོ་འཇམ་པོར་འབྱམས

                 ༣

གཙང་བོ་ཁེར་རྐྱང་གིས་རྒྱུག

ས་གཞིའི་མངལ་དུ་རྒྱུག

              ༤

བདེན་པའི་ཤ་རྗེན་གྱིས་མུན་ནག་བརྫད

རྫུན་གྱི་འཁྲུལ་བས་མིག་བརྫད

                ༥

རླུང་དམར་གྱི་རྟ་ཕོ་བང་གིས་ངལ

མཆེ་བ་དམར་པོ་ཁྲག་གིས་ངལ

                ༦

རི་མོ་སྣ་ཚོགས་ཚོན་གྱིས་བྱེར

དུས་མཐའི་གད་སྙིགས་སུ་བྱེར

               ༧

མཚོ་སྔོན་པོ་རླབས་ཀྱིས་དྲེགས

དེ་ཡི་བུ་ཆུང་ཁྱོད་རིག་པས་དྲེགས

                 ༨

ཆར་བ་ཤེལ་ལེབ་ངོས་སུ་འཐོར

རང་དབང་མེད་པར་འཐོར

             ༩

ལག་གི་དེབ་གསར་བ་དེ་མེ་རུ་བསྒྲོན

ལག་པ་དཔལ་འབར་བཞིན་མེ་རུ་བསྒྲོན

IMG_0339.JPG


       རྟ་ཕོ་ནག་ནག་གསུམ།


རྟ་ཕོ་ནག་ནག་གསུམ་ཡོད

ང་ལ་མིག་ལྡོངས་པའི་རྟ་ཕོ་ནག་ནག་གསུམ་ཡོད

མུན་ནག་གི་ཀློང་ཆེན་པོར་

རྨིག་སྒྲ་འཇགས་པ་མེད་པའི་

རྟ་ཕོ་ནག་ནག་གསུམ་ཡོད

ངའི་རྨི་ལམ་ནག་པོ་རྣ་རྩེར་བཀྱགས་པའི་རྟ་ཕོ་

ནག་ནག་གསུམ

མཉམ་དུ་འཚེར་ཞིང་སྣ་སྦྲིད་ཡང་ཡང་གཏོང་བའི་རྟ་ཕོ་ནག་ནག་གསུམ་པོས

རི་ལ་ཐང་མེད་པར་རྔ་རྔོག་གི་རྒྱུད་སྐུད་རླུང་གི་སོར་མོར་བརྡར

ང་ལ་མིག་ལྡོངས་པའི་རྟ་ཕོ་ནག་ནག་གསུམ་ཡོད

མཚན་མོའི་འདྲེ་མེ་ལ་མི་འདྲོགས་པའི་རྟ་ཕོ་ནག་ནག་གསུམ་ཡོད

རྨིག་སྒྲ་ནག་པོས་མུན་ནག་གི་རྔ་ཆེན་རྡུང་བའི་རྟ་ཕོ་ནག་ནག་གསུམ་པོས

ང་རང་འཇིགས་རུང་གི་རྨི་ལམ་ལས་ཡང་ཡང་སད་དུ་བཅུག

རྟ་ཕོ་ནག་ནག་གསུམ་ལ་

རྨིག་པ་བཞི་གསུམ་བཅུ་གཉིས་ཡོད

                                      ༢༠༡༥.༡༠.༡༠ལ་ཁྱིམ་དུ།
IMG_6711.JPG


                  བྷ་བྷ།


ངའི་སྐེ་ཡི་ཕྲེང་བ་དེ་བོར་ནས་ཡུན་རིང་ཕྱིན

ངས་མཚམས་མཚམས་སུ

ཁྱེད་ཀྱི་བྱད་བཞིན་རབ་རིབ་ཅིག་ལས་མི་དྲན་ཡང

སྣང་བརྙན་ཁ་ཤས་ཡིད་ལ་ཇེ་གསལ་ནས་ཇེ་གསལ་རེད

དབུས་མཇལ་སྐབས་ཀྱི་རྣམ་པ་གང་ཡང་མི་དྲན་མོད

བུ་རམ་རྟ་རྨིག་མ་དེ་ཚོ་ད་དུང་ཡང་ལྕེ་རྟིང་ལ་འཁྱིལ

སྨུག་པོ་གསེར་ལྡན་འདབས་ཀྱི་སྡེ་གྲོང་ཆུང་ཆུང་དེའི་

ཁྱིམ་མཚེས་རྣམས་ད་ལྟ་འཐོར་ནས་ཕྱིར་ལ་བསྡུ་ཐབས་བྲལ་ཡང

ངོ་གདོང་རབ་རིབ་དེ་ཚོའང་ངའི་ཡིད་ལ་འཆར་ཙམ་འཆར་ཙམ་བྱེད

ཁྱེད་ཀྱི་སྐད་ཆ་དུམ་བུ་རེ་ངས་ད་དུང་ཡང་བརྗེད་མེད

ཁྱེད་ཀྱི་དབུ་སྐྲ་དཀར་པོ་དེ་ངའི་དྲན་པར་ཇེ་དཀར་ནས་ཇེ་དཀར་རེད

འདི་ཕྱི་གཉིས་ནི་བར་ཐག་མི་རིང་བ་འདྲ་སྟེ

མི་རྣམས་བརྗེད་ངན་ཡིན་པ་ལས

                            ༢༠༡༥ལོའི་ལུགས་རྙིང་གི་ཟླ་༩བའི་ཚེས་༡༥ཉིན།

 

      ¥ བྷ་བྷ་ནི་ང་ཚོ་མིང་སྲིང་ཚོས་ཨ་མ་མ་རྒན་ལགས་སུ་འབོད་སྟངས་ཡིན་ལ། དེ་རིང་ནི་ཁོང་མོའི་སྐར་ཐོག་ཡིན།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།