སེར་ལེགས་འཕྲིན་གྱི་བཅད་རྩོམ་རིང་མོ་འཁོར་བའི་སྙན་ངག (ཕྱི་དུམ)

462

 

26.jpg

             ཡིད་ཀྱི་ཐིག་ལེ།   


ལྷ་ཡི་བྱིན་རླབས་འདྲེན་པའི་ངག་གི་ཕོ་ཉ།།

འཕྲུལ་གྱི་མདའ་མོར་ཆིབས་པའི་རྩེ་དགའ་དང་བཅས།།

ཚོན་མདོག་སྣ་ལྔས་གྲུབ་པའི་ལམ་ཕྲན་ཞིག་ནས།།

སྲིད་པའི་འབྲོག་དགོན་ཉུལ་བའི་ཟོལ་གྱིས་བབས་བྱུང་།།

དབྱངས་ཀྱི་ལོངས་སྤྱོད་བསྐྲུན་པའི་འོད་ཀྱི་ཁྱིམ་ནས།།

སེམས་ཉིད་དྲི་མ་མེད་པའི་རང་རྩལ་སྦྱངས་ཏེ།།

སྟོང་བའི་ནམ་མཁར་འཚེར་བའི་ཉི་ཟླ་ཆ་གཅིག།

གདོང་གི་མུན་པ་སེལ་བའི་གྲོགས་སུ་སྤྲད་ཡོད།།

རང་བྱུང་ཚལ་དུ་འཁྲུངས་པ་འཕྲུལ་གྱི་མེ་ཏོག།

ཤེལ་གྱི་མཚོ་མོ་སྐེམ་པའི་གཤེད་དུ་འབར་ཚེ།།

བྲང་གི་རྔ་ཆེན་བརྡུང་བའི་དབྱུ་གུ་གྲངས་མེད།།

བློ་དང་སྤོབས་པ་འདེབས་པའི་རམ་འདེགས་ཡིན་སོང་།།

ཡུན་རིང་སྤྱད་པས་མི་ངོམས་ལས་ཀྱི་ཐང་ཆེན།།

མི་སྡུག་གཟུགས་ཀྱི་ཁེབས་པའི་དུར་ས་ལགས་ཀྱང་།།

ཁྲག་དང་མཚོན་ཆ་ཐོགས་པའི་རྔམ་པའི་མིག་གིས།།

འཁོར་བའི་རྩ་བ་འཚིག་པའི་འཇིག་ཉེན་མ་མཐོང་།།

འཆར་ཡན་སྨུག་པ་འཐིབས་པའི་སྒྱུ་མའི་གྲོང་ནས།།

བདུད་རྩིའི་ཕབ་རྒྱུན་ལྡེམ་པའི་ཤེལ་དམ་ནང་དུ།།

འདོད་ཡོན་སྣ་ལྔ་དབྱེར་མེད་གཅིག་ཏུ་འཕོས་ཚེ།།

འགྲོ་བའི་མིག་གིས་ཡིད་ཀྱི་སྐོམ་པ་སེལ་སོང་།།

མི་རྟག་རྒྱལ་བོས་གཉེར་བའི་ཚོམས་ཆེན་ནང་དུ།།

ཕུག་རོན་སྔོན་མོས་རྙེད་པའི་ནས་འབྲུ་རྡོག་གཅིག།

འོད་གསལ་སེམས་ཉིད་ཆེན་པོའི་གཤོང་དུ་བཏབ་པས།།

གསེར་གྱི་འབྲུ་སྙེ་དར་བ་ས་གཞིར་མ་ཤོང་།།

སྙིང་ག་པད་པའི་གདན་ལ་ཅི་དགར་རྩེན་པའི།།

འདོད་པའི་རྐང་རྩལ་མཐོ་བ་སེམས་ཀྱི་རྒྱལ་མོས།།

ངོམས་མེད་ལུས་ཀྱི་རོལ་གར་འབྱམས་སུ་ཀླས་པས།།

ཡིད་ཀྱི་ཟུག་རྔུ་ཞི་བའི་དགའ་སྟོན་རེག་བྱུང་།།

གཏམ་དང་གྲིབ་མ་འཚོང་བའི་སྲང་ལམ་ཞིག་ཏུ།།

མི་ཁོམ་ནད་ཀྱིས་སྔངས་པའི་མི་ཚོགས་དབུས་སུ།།

རིག་པའི་དར་ཆ་ཕྱར་བའི་བདག་གི་ཐོབ་ཐང་།།

ངག་གི་གསལ་བརྡ་འདྲེན་པའི་གླ་བ་ཡིན་སོང་།།

སྣང་བའི་མཚོ་མཐའ་བསྐོར་བའི་འཕྲུལ་གྱི་ངང་མོས།།

ལུས་ཀྱི་རྩེད་མོར་བཞེངས་པའི་མཇུག་སྒྲོ་བརྐྱངས་ཏེ།།

སྟོང་བའི་དབྱིངས་སུ་སྤོབས་པས་རོལ་གར་བསྒྱུར་བཞིན།།

འཚོ་བའི་རྒྱལ་ས་རྒས་པའི་གདུང་རིས་བཤམས་བྱུང་།།

ལས་ཀྱི་དུས་ཚོད་ཁེགས་པའི་དབེན་དགོན་ཞིག་ནས།།

གཡོ་དང་སྒྱུ་མའི་འཕྲུལ་འཁོར་མང་དུ་བསྐོར་ཀྱང་།།

སྲིད་པའི་ལྟད་མོ་མཐོང་ལ་བྲེལ་བའི་མིག་གིས།།

བློ་གྱོང་སྲོལ་ལ་རྒོལ་བའི་ནག་ཉེས་བསགས་སོང་།།

ཏིང་འཛིན་དམིགས་པ་གློད་པའི་ཉམས་ཉིད་ངང་ནས།།

སྒྱུ་མའི་འགྲུལ་ལམ་རེ་རེ་བང་གིས་ལྟེབས་ཏེ།།

ཨ་རེ་འཁོར་བའི་ཕ་ཆོས་སེམས་ཀྱིས་མྱང་བ།།

འཇིག་རྟེན་འདི་རུ་བསྡད་པའི་བདེན་དཔང་ཡིན་སོང་།།

ཤེས་རབ་མེ་དཔུང་སྦྲུམ་པའི་དབྱངས་ཀྱི་དཀྱིལ་འཁོར།།

སྨིག་རྒྱུའི་ཁང་བརྩེགས་ཆེན་མོའི་དབུས་སུ་བཀྲམ་ཚེ།།

སྙིང་རྗེའི་གླུ་ཚིག་མཁའ་ཡི་གཤོག་རྩེར་ཐོགས་པས།།

འོད་ཀྱི་རིག་པ་སྟོང་ཉིད་དྲོད་ཀྱིས་བསྐྱངས་ཡོད།།

སྙིགས་མའི་སེམས་ཅན་འགུག་པའི་སྒྲུང་གི་སྟ་གོན།།

ཆགས་པའི་ཉམས་དང་འདོད་པའི་གར་གྱིས་འཁྱུད་ཚེ།།

མི་མངོན་གདོད་མའི་ཁྱིམ་ནས་གློ་བུར་འགུལ་བའི།།

བདག་གི་རྣམ་ཤེས་གྲུང་བོའི་རླུང་གིས་ཁུར་སོང་།།

IMG_6284.JPG


              ཕྱག་རྒྱ།


སྟོང་བའི་དབྱིངས་སུ་གཟིམ་པའི།།

འོད་གསལ་སེམས་ཀྱི་བུ་ཆུང་།།

འཕོ་ལྟོང་ན་ཚ་མྱོང་བ།།

བཟློག་མེད་དབང་གི་བཀའ་རེད།།

ཟབ་ཅིང་ཕ་མཐའ་མེད་པ།།

ཚངས་ཆེན་དགྱེས་པའི་མཚོ་རེད།།

སྤྱད་ཀྱང་ངོམས་པ་མེད་པ།།

འཁོར་བ་སྒྱུ་མའི་ཆོས་རེད།།

བུ་མོ་གར་མཁན་ཞིག་ལ།།

སྙིང་གི་གདུང་སྨྲེ་བཅོལ་བས།།

སེམས་པ་སྐྱོ་བའི་སྨུག་པ།།

སྐད་ཅིག་དབྱིངས་སུ་ཡལ་སོང་།།

ཁྲག་གི་དུར་ས་ཞིག་ནས།།

རུས་པའི་མེ་ཏོག་བཏུས་པས།།

སྐྱེ་འཆིའི་ཞགས་པ་སྐྱེན་པོས།།

སྙིང་ལ་ལན་མང་གཙེས་བྱུང་།།

འཁོར་བའི་སྒོམ་ཁང་ནང་དུ།།

མགྲོན་པོ་བརྒྱ་འགྲུལ་སྟོང་འགྲུལ།།

ཅང་མེད་གདོད་མའི་སྒྲུབ་ཕུག།

ད་རུང་སྟོང་བ་ཡིན་འདུག།

དྭངས་གཙང་ལྷ་ཡི་མཚོ་མོ།།

ཟླ་བའི་ཁྱིམ་དུ་འཁྱིལ་བས།།

ལས་ཀྱི་མཚོ་བྱ་དཀར་མོས།།

མཚོ་མཐའ་གླུ་ཡིས་བསྟད་སོང་།།

ཤེས་རབ་འཕྲུལ་གྱི་རྟ་ཕོས།།

གླིང་བཞིའི་འཇིག་རྟེན་བརྒལ་བས།།

ས་ཆེན་བདག་མོའི་སྙིང་ཁར།།

འོད་ཀྱི་རྒྱ་གྲམ་སྤར་ཡོད།།

ལས་ཀྱི་བདག་པོས་གནང་བ།།

རང་བྱུང་འཁོར་བའི་ལྟད་མོ།།

བྱེད་པོ་རང་གིས་བསྐྲུན་པ།།

ཟག་མེད་ངག་གི་ཚོགས་ཞིང་།།

རྡུལ་གྱི་ནགས་ཚལ་འཇིག་སོང་།།

བུང་བའི་ངུ་སྐད་ཐོས་བྱུང་།།

གཙང་བོའི་རླབས་སྒྲ་དྲག་པོས།།

ཉེས་པའི་གྲིབ་མ་བཀྲུས་སོང་།།

ཕྱི་ནང་ལྷུན་གྱིས་གྲུབ་པའི།།

དབྱངས་ཀྱི་ཕོ་བྲང་ཞིག་ལ།།

ལས་ཀྱི་བཀོད་པ་མཚོན་པའི།།

སྐྱོ་བའི་མཆོད་པ་བཤམས་ཡོད།།

གྲོགས་དང་མཚོན་ཆ་མེད་པའི།།

རྔོན་པ་ཁེར་འགྲོ་ཞིག་གིས།།

བྱམས་པའི་རི་དྭགས་བསད་པར།།

འཾཁོར་བའི་ཁྲིམས་ལ་ཐོགས་སོང་།།

སྲིད་པའི་རི་བོ་སྤྲས་པའི།།

སྨིག་རྒྱུའི་དྲ་བ་དྲ་ཕྱེད།།

སྣང་བའི་ཚོན་རྩི་ཕབ་པ།།

སེམས་ཀྱི་རྒྱན་ཆ་ཡིན་སོང་།།

ངག་གི་འགྱུར་ཁུགས་སྙན་མོས།།

སྲིད་པའི་གདངས་དབྱངས་མཚོན་ཡོད།།

ལས་ཀྱི་ཕྱག་རྒྱ་ཟབ་མོས།།

འཁོར་བའི་ཆོ་འཕྲུལ་བསྟན་ཡོད།།

IMG_6275.JPG


             བསང་མེ་ལམ་ལམ།


ཨུ་ཧུའི་སྡར་སྐད་འབྱིན་པའི་ཉམས་ཆུང་གི་བྱ་ལ།།

དྲང་བདེན་ཟེར་མ་འབར་བའི་གོ་ཁྲབ་ཅིག་བགོས་ཏེ།།

ལུས་ཀྱི་གཤོག་པས་སྣང་བའི་ས་ཆེན་དེ་ཁེབས་པའི།།

འབྱམས་ཀླས་རོལ་གར་བསྒྱུར་བའི་སྤོབས་པ་ཞིག་བཤམས་ཡོད།།

མི་རྟག་རོ་དྲུག་མངའ་བའི་མཆོད་པ་འདི་ཞིམ་པ།།

ནད་དང་གྲིབ་ཀྱིས་ཟིན་པའི་གྲོགས་མོ་འདི་མཛེས་པ།།

ལྕགས་ཀྱི་སྦྱོར་བ་རྩུབ་པའི་ཁྲིམས་ལས་འདི་སྐྱིད་པ།།

གང་ཡང་མི་འདོད་དམིགས་པ་སྟོང་ཉིད་ཀྱི་ཉམས་སྣང་།།

མཛེས་པའི་ང་རྒྱལ་བཅིལ་བའི་ཚུལ་འཆོས་ཀྱི་ལག་པས།།

དུང་བའི་ལྷ་མོ་སེམས་ཀྱི་རི་རྒྱབ་ལ་སྤྲད་པས།།

བརྩེ་བའི་ལྟག་ཆུ་ཆད་པའི་རྫིང་བུ་འདིའི་མཐའ་ན།།

སྐོམ་པའི་ང་རོ་འབྱིན་པ་ཁེར་རྐྱང་གི་རྒྱལ་སྲས།།

ངེས་འབྱུང་རྟ་ཕོས་གཡུགས་པའི་རྐང་ཐང་གི་མི་ལ།།

མེས་པོའི་སྙིང་རྟེན་སྲུང་བའི་ལག་ཆ་ཅང་མེད་པས།།

སེམས་ཀྱི་སྡིག་སྒྲིབ་འདྲེན་པའི་ཉལ་ཐ་ཡི་ར་ཙེས།།

བྲང་གི་དཔའ་གླུ་མཚོན་པའི་སྦྱོར་བ་ཞིག་བཤམས་འདོད།།

སྣང་བའི་བཙོན་རར་ཚུད་པའི་འདོད་ཡོན་གྱི་དཀྱིལ་འཁོར།།

གསང་བའི་གློག་ཞུ་དམར་བོས་ངོམས་མེད་དུ་སྤྱད་པ།།

སྒྱུ་མའི་རོལ་གར་འཛིན་པའི་གནས་བདག་གི་བུ་ལ།།

དུས་ཀྱི་ལོངས་སྤྱོད་འཇིག་པའི་གསང་བརྡ་ཞིག་ལོས་ཡིན།།

ཉི་ཟླའི་མཛེས་པ་ཕམ་བྱེད་རྨི་ལམ་གྱི་འཇིག་རྟེན།།

ཉམས་དགའི་གླུ་བྲོ་འཕེལ་བའི་མཐོ་ཡངས་ཀྱི་ལྡིང་ཁང་།།

བདུད་རྩིའི་དངོས་གྲུབ་འབེབ་པ་མེ་ཏོག་གི་དག་ཞིང་།།

རང་སེམས་དྭངས་མའི་ངོ་བོར་དབྱེར་མེད་དུ་ཕབ་ཡོད།།

གཟུགས་དང་ལང་ཚོའི་རལ་གྲི་རྨི་ལམ་གྱིས་བརྡར་ཏེ།།

སྲིད་པའི་འཇིག་རྟེན་བསྒུལ་བའི་མེ་རི་ཞིག་བསྣམས་ནས།།

མ་དག་སྣང་བའི་ཞིང་ལ་ཐོགས་མེད་དུ་སྤྱད་པར།།

འཁོར་བའི་ཡང་སྙིང་རྙེད་པའི་རྟིང་མ་ཞིག་ལོས་ཐོབ།།

འཚོ་བའི་ལྷ་མོ་མཆོད་པའི་རྐང་གླིང་ལས་ཐོས་པ།།

རླུང་རྟའི་མཛེས་པ་འཐགས་བྱེད་དར་རྒུད་ཀྱི་རང་སྒྲ།།

སྡུག་པའི་གློག་ཞུ་མཆེད་པའི་སྒོམ་ཁང་ལས་མཐོང་བ།།

འོད་ཀྱི་མཚན་ལམ་བརྒྱན་པའི་འཁོར་བ་ཡི་ཕྱི་ནང་།།

ཨེ་མ་ང་ཡི་དགའ་མ་མི་ཡུལ་ན་བཞུགས་ཡོད།།

འཁོར་བའི་ཕུན་ཚོགས་མཚོན་པའི་བརྩེ་སེམས་ཤིག་བཤམས་ཡོད།

རིག་པའི་མཚན་མ་གདང་བའི་རོལ་རྩེད་ཅིག་ངོམ་ཡོད།།

བདེ་དགའ་ཟད་དུ་མེད་པའི་འཚོ་བ་ཞིག་བཞེངས་ཡོད།།

བསླུ་མེད་ཆོས་ཚུལ་ཟབ་མོའི་མཚོན་རྩལ་དག་བསྡུས་ཏེ།།

མི་འཇིགས་དཔྱད་འཇོག་དག་པའི་གཤོག་ཟུང་ལ་བརྟེན་ནས།།

བདེན་མེད་སྟོང་བའི་དབྱིངས་ལ་ཐོགས་མེད་དུ་སྤྱོད་སྐབས།།

བདག་གི་ཕུང་བོ་ཐབས་ཤེས་ཟུང་འཇུག་གི་འཕྲུལ་འཁོར།།

འོན་ཀྱང་སྨྲ་བསམ་བརྗོད་མེད་མཛེས་སྡུག་གི་ཞིང་ཁམས།།

ཡིད་འོང་འཁོར་བ་ཟབ་མོའི་ཕུན་ཚོགས་དེ་མཐོང་བས།།

སྒྱུ་མའི་ཟས་ཀྱི་བཅུད་ལ་ངོམས་མེད་དུ་སྤྱོད་པའི།།

བདག་གི་ཞེན་པ་ལས་ཀྱི་དགའ་མ་དེས་དྲངས་སོང་།།

                                                    ༢༠༠༥ལོར་ཕ་ཡུལ་ནས་བྲིས།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།