བོད་གཞུག་སྐྱིད་ཀྱི་སྙན་ངག་བདམས་བཀོད།

208

13461364_1103914742999358_545964787_o.jpg

      ____བོད་གཞུག་སྐྱིད།     མདོ་སྨད་ཁྲི་ཀ་ནས་སྐྱེས། 2006ལོར་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན།  2011ལོར་ཨ་རིའི་སློབ་གྲྭ་ཆེན་མོJohns Hopkinནས་ཟླ་བ་དྲུག་རིང་རྒྱལ་སྤྱིའི་ཐུན་མོང་འཕྲོད་བསྟེན་རིག་པར་སློབ་གཉེར་བྱས།  2013ལོར་མཚོ་སྔོན་གསོ་རིག་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུབ་སློབ་མའི་དམ་བཅའ་བླངས། དེ་དུས་བར་གསེང་གི་དུས་ཚོད་སྤྱད་ནས་ཐེངས་དུ་མར་གཞི་རིམ་སྐྱེས་མ་ཚོར་འཕྲོད་བསྟེན་བདེ་ཐང་གི་རྒྱུན་ཤེས་བརྒྱུད་སྒྲོག་བྱས།  གཞན་ཆེད་ལས་ཀྱི་ཞོར་ནས་རང་གི་དགའ་ཕྱོགས་ཀྱང་མ་དོར་བར་《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《གངས་རིའི་བུ་མོ》སོགས་དུས་དེབ་སྟེང་བརྩམས་ཆོས་སྣ་མང་བཀོད་ཡོད།  2011ལོར་རྒྱལ་ཡོངས་བྱམས་བུད་མེད་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ།  2015ལོར་《སྤྱོད་ལམ་དང་ཁྲིམས་ལུགས》ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མྱོང་།  ད་ལོར་སྙན་ངག་བརྩམས་ཆོས<<སྐྱ་རེངས>>དེབ་སྒོར་ཐོན་ཡོད།  ད་ལྟ་མཚོ་སྔོན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་ནས་གནའ་དཔེའི་ཞིབ་འཇུག་གི་ལས་ཀ་བྱེད་བཞིན་ཡོད།


 

            ཡུམ་ཆེན། 


ལོ་ཡི་འཁོར་མོ་དྲུག་ཅུ་ཐམ་པའི་ཁྱེད་ལ་བསྙེགས

འཇིག་རྟེན་འདིའི་དགའ་སྐྱོ་ཆགས་སྡང

ཉེ་རིང་ཕྱོགས་ཞེན

ཐ་ན་སྐྱེ་དགའ་ན་འཆི་མང་པོའང

ཁྱེད་ཀྱི་མིག་གིས་བསྐྱལ་ཡོད

ཁྱེད་ཀྱི་ཞལ་ལ་ཐེངས་ཤིག་མཇལ་དུས

དཔྲལ་བར་འཁྱིལ་བའི་གཉེར་རིས་ཟབ་མོས

ངས་ཁྱེད་ཀྱི་མོ་ལོ་བཞི་བཅུའི་སྟོན་གཞུང

མོ་ལོ་སུམ་ཅུའི་དབྱར་ག

མོ་ལོ་ཉི་ཤུའི་དཔྱིད་དཔལ

ཐ་ན་མོ་ལོ་བཅོ་ལྔའི་སོས་ཀའང་དྲན་འོང་གི་འདུག

ལོ་ཟླ་རེ་རེར

ཉིན་མཚན་རེ་རེར

ཁྱེད་ཀྱིས་རང་ཉིད་ཀྱི་ཐོབ་ཤོར་ལ་ཁ་ཡ་བྱས་མྱོང་མེད

རང་ཉིད་ཀྱི་འདོད་འདུན་ལ་རྒྱབ་འགལ་བྱས་མྱོང་ཡོད

འཚོ་བ་ཟེར་བའི་ནགས་ཀློང་འདིའི་ཁྲོད་ནས

ཁྱེད་ལ་བུ་ཕྲུག་གཅིག

བུ་ཕྲུག་གཉིས

བུ་ཕྲུག་གསུམ

སེམས་པ་ག་ཙམ་ཐོགས་པ་གཞལ་ཐབས་བྲལ

གཉིད་ཀྱང་ག་ཚོད་བཅག་པ་བློས་མི་དཔོག

ད་དུང་ད་དུང

བསམ་མེད་ཀྱི་ང་ཚོས

ཁྱེད་ཀྱི་སེམས་པར་ཆུ་འཁྱག་བླུགས་ཡོད་སྲིད

ཁྱེད་ཀྱི་རེ་བ་རྒྱབ་ཏུ་བསྐྱུར་ཡོད་སྲིད

ཡིན་ནའང

ཁྱེད་ནི་ཤེས་རབ་ཀྱི་བདག་མོ་ཡིན་པས

ང་ཚོའི་སེམས་ཁོང་ལ་འོད་སྣང་གི་ས་བོན་བཏབ་ཡོད

ཁྱེད་ནི་བྱམས་ལྡན་གྱི་མ་མ་ཡིན་པས

ང་ཚོའི་མདུན་ལྗོངས་ན་བརྩེ་བ་ཡི་འོད་ཟེར་འཁྱིལ་ཡོད

ཁྱེད་ནི་ཐོག་མར་ཉམ་ཆུང་གི་བུ་མོ་ཞིག

བར་དུ་གནམ་འདེགས་ཀྱི་ཀ་བ་ཞིག

ད་ནི་ས་ཆེན་གྱི་བྲང་གཞུང་ཡིན

ཡུམ་ཆེན

ངས་ཁྱེད་ལ་བསྟོད་གླུ་གྱེར་བར་མི་ཕོད

དབྱངས་རྟ་གང་དེས

ཁྱེད་ཀྱིས་རང་ཉིད་ཀྱི་རྒ་བའི་ལོ་ཟླ་འདི་ལ་ཁོག་དཔུང་སྟེར་མི་འདོད

ཁྱེད་ཀྱིས་ད་དུང་རང་ཉིད་ཀྱི་ཚེ་སྲོག་གི་འོད་སྣང

ང་དང་ང་ཚོར་བསྟིམས་འདོད

དེ་བས་ད་ནི་ལུས་སེམས་ལྷོད་ཙམ་བྱེད་རོགས

ངས་ཁྱེད་ལ་སྨྲེང་གླུ་ལེན་པར་མི་བྱེད

ཁྱེད་ཀྱི་སྐད་ཆ

ཁྱེད་ཀྱི་ལང་ཚོ

ཁྱེད་ཀྱི་གཏམ་རྒྱུད

འདི་དག་ཡོད་ཚད་ཀྱིས་

ངའི་ཐེ་ཚོམ་གྱི་དྲི་བར་ཨ་ལན་གསལ་བོ་བཏབ་ཡོད

ངའི་ངལ་དུབ་ཀྱི་གདུང་བ་རང་སར་ཞུ་ཡོད

ཁྱེད་རང་ཡོད་པས

ང་སྔར་བཞིན་འཛུམ་གྱིས་གསོན་ཆོག

ཁྱེད་རང་བཞུགས་པས

ང་སྔར་བཞིན་སྟོབས་ཀྱིས་བསྐྱོད་ཆོག

ཁྱེད་ཀྱི་བློ་ངོར་མི་ཤོང་བའི་དུས་ཆེན་འདིར

ང་འདི་ལྟར་གློ་རྡེག་ཏུ་ཁྱེད་ཀྱི་མདུན་ལ་ཐོན་དོན

ཡིག་འབྲུ་འདི་དག་གི་དོན་དུ་མིན

ངས་བུ་མོ་དྲན་པ་ནང་བཞིན

ཁྱེད་ཀྱིས་ང་ཡང་དྲན་བཞིན་ཡོད་སྙམ་པས་ཡིན

ཡུམ་ཆེན ཡུམ་ཆེན ང་ཡི་ཡུམ་ཆེན

ཞོགས་པའི་སྐྱ་རེངས་ཀྱི་ཀློང་ནས

སྨྱུང་གནས་ཐུགས་རྗེ་ཆེན་པོ་ལས་གྲོལ་མ་ཐག་པའི་ཁྱེད་ལ

དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ

ཚེ་རིང་ལོ་བརྒྱ་ཤོག

                       2016.05.08ཀ་རྒྱའི་མཐའ་རྒན་རིའི་འདབས་ནས། 
IMG_6355.JPG

                        
           ཞོགས་པ་ལྗང་གུ།


འདམ་རྫུབ་ཀྱི་གསེབ་ནས་མི་ལ་ལག་རྡང་སྦྲེལ་བའི་མི

དྲག་ཆར་གྱི་ཁྲོད་ནས་མི་ལ་ཆར་གདུགས་སྩོལ་བའི་མི

སྨུག་རྒྱུ་ཡི་ཀློང་ནས་མི་ལ་དཔའ་སྤོབས་སྦྱིན་པའི་མི

ངོ་མ་ཐུག་ལོ་ངོ་གསུམ

ངོ་མི་ཐུག་ལོ་ངོ་གསུམ

ལོ་ཟླ་འདི་དག་གིས་བཟོས་པའི་ནག་ཉེས

ངས་རྡོ་ལ་རི་མོ་བཞིན་དུ་བརྐོ་ངེས

ངས་སེམས་ལ་ཨ་ཡིག་བཞིན་དུ་འབྲི་ངེས

ཚུལ་འཆོས་ལ་གཡེང་བའི་མི་ལ་གསལ་འདེབས་བྱེད་མཁན་གྱི་མི

ང་རྒྱལ་གྱིས་གཟིར་བའི་མི་ལ་གོམ་སྒྲ་སྟོན་མཁན་གྱི་མི

ཨ་གསར་གྱིས་བསྐྱོད་པའི་མི་ལ་མེ་བཙའ་འཇོག་མཁན་གྱི་མི

ངོ་མ་ཐུག་ལོ་ངོ་གསུམ

ངོ་མི་ཐུག་ལོ་ངོ་གསུམ

སྨྲ་ལྕེ་བཅད་པའི་ལོ་ཟླ་དམར་པོ

ངས་གཏམ་རྒྱུད་དུ་བསྒྲིགས་ནས་བུ་རབས་ཚ་རྒྱུད་ལ་བརྗོད་ངེས

ངས་ཡིག་འབྲུ་ལ་བརྒྱུས་ནས་ཕྱི་ནང་གསང་གསུམ་ལ་མཆོད་ངེས

ཞོགས་པ་ལྗང་གུ

མུན་ནག་ཏུ་འཚོ་བའི་ཁྱེད་ལ་ཡིད་ཆེས་བརྟན་ཡོད

ཉི་འོད་ལ་ཕྱོགས་པའི་ཁྱེད་ལ་བདེན་པ་སྦྱིན་ཡོད

ངས་ཁྱེད་ལ་བདེ་སྡུག་གི་ཚོར་བ་འདྲི་བར་མི་སྤོབས

ངས་ཁྱེད་ལ་བརྩེ་ཞེན་གྱི་མིག་ཆུ་གླེང་བར་མི་ཕོད

ལོ་ངོ་གསུམ

ལང་ཚོ་ལ་ཕྲ་རྒྱན་འདོགས་པའི་དུས་ཚོད

རྨི་ལམ་ལ་ཐེམ་སྐས་འཛུགས་པའི་ལོ་རབས

བྱ་རྒོད་ཀྱི་གཤོག་རྩལ་གཉོམ་དུས་སུ་སྐྱེས་པའི

ཁྱུང་ཆེན་གྱི་ཟིལ་ཤུགས་ཡལ་དུས་སུ་འཚར་བའི

སྟག་ཤ་ར་སྨུག་པོའི་གདུང་རྒྱུད་ཅན་ཁྱོད

ཡུམ་ཆེན་ཞིག་གི་བུ་ལོ་ཡིན

སྐྱེས་མ་ཞིག་གི་སེམས་སྲུང་ཡིན

བུས་པ་ཞིག་གི་ཨ་ཕ་ཡིན

ཉམ་ཆུང་གི་ཁྱོད

སྟོབས་ཆེན་གྱི་ཁྱོད

ད་ནི་ཕྱི་ཡི་སྣང་བ་ཡིད་ནས་སྒོམ་རོགས

སེམས་ཀྱི་རི་མོ་སེམས་ལ་འབྲི་རོགས

ཚེ་སྲོག་ལ་བར་ཆད་མེད་ན

རེ་སྒུག་ལ་འཛད་མཐའ་མེད

                       ཕྱི་ལོ2016.05.14 ས་ག་ཟླ་བའི་ཚེས8ཉིན།  ཙོང་ཆུའི་འགྲམ་ནས་ཕུལ། 


    སད་ཀྱིས་བཅོམ་པའི་མེ་ཏོག*


ཁྱེད་ཀྱི་དབྱར་གཞུང་ལ་མེ་ཏོག་གི་བསུང་ངད་འཐུལ་ཡོད

རྨི་ལམ་ན་ཉི་འོད་ཀྱི་འཇའ་མཚོན་འཁྱིལ

རེ་ཞིང་སྒུག་པའི་ཟླ་དགུ་ཞག་བཅུ

གྱེས་བྲལ་གྱི་གཡབ་མོ་ཡིན་པ་སུ་ཡིས་རློམ

སྨྲེང་བས་གཏམས་པའི་སྟོན་མཇུག་གི་འཇག་གླུ་དེས

ཕྱིར་དྲན་མ་ལུས་ངའི་སེམས་ལ་ཆར་ཆུ་བཞིན་ཕྱོ་འོང

མིག་ཆུས་ཀློང་ནས་འདུ་བྲལ་གྱི་ཆོས་ཉིད་སྒོམ་ཡང

ཁྱེད་ནི་བཞུད་པ་སྔ་དྲགས་པས

ང་ཡི་སྨྲ་བ་འགག་སོང

ཁྱེད་ཀྱིས་ཚེ་སྲོག་གི་སྲད་བུ་རིང་མོར

བརྩེ་དུང་གི་ཨ་ལོང་བརྒྱུས་ནས

ཞེ་འདང་ལས་འཁྲུངས་པའི་བུ་ཆུང་སྦྲུམ

ཡུམ་ཆེན་གྱི་བརྩེ་བས་བཏེགས་ཀྱང

ལས་དབང་གིས་མ་ཐེག་པའི་ཚེ་སྲོག་དེའི་དོད་དུ

རང་ཉིད་ཀྱང་མུན་ནག་ཏུ་བཞུད་སོང་བས

ལོ་ཟླ་འཁྱག་པོ་འཁྱག་པོ་འདི

གསོན་ངོགས་ན་ལུས་པའི་ང་ཚོས་ཇི་ལྟར་བརྒལ

མཆོད་མེ་སྟོང་ཕྲག་གི་འོད་སྣང་འདི་ཡིས

བར་དོའི་མུན་ཁྲོད་གྱི་སྡུག་བསྔལ་སེལ་བར་ཤོག

མ་ནི་ཡིག་དྲུག་གི་གསོལ་དབྱངས་སྙན་མོས

སྲིད་པ་བར་དོ་ཡི་ལམ་སྣ་གསལ་བར་ཤོག

སྙིང་ཉེ་ལགས ད་ནི་བདེ་བར་བཞུད་ཅིག

འཁོར་བ་ཟེར་བའི་རྩེད་ར་འདི་ལས་ཕྱིར་བུད་དང

ཁྱེད་ལ་མེ་ཏོག་རྐྱང་རྐྱང་གི་བསུ་བ་ཡོད་ངེས

དགོད་སྒྲ་རྐྱང་རྐྱང་གི་འཇིག་རྟེན་གཞན་ཞིག་ཡོད་ངེས

སྙིང་ཉེ་ལགས ཡང་ན་ཕྱིར་ཕེབས་ཤོག

ང་ཡི་ཉེ་འགྲམ་ལ་སླེབས་ཤོག

ང་ཡི་ཁྱིམ་ལ་ལོག་ཤོག

ང་ཡི་བུ་ལ་སྤྲུལ་ཤོག

                                 ༢༠༡༥ལོའི༩པའི༡༩ཉིན། 
               གྲོགས་གཅེས་མ་ཞིག་ལ་སྐྱེལ་མས་ཚུལ་དུ། *སྐུ་ཞབས་དོན་འགྲུབ་རྒྱལ་གྱི་རྩོམ་བྱང་གཡར་བ། 

IMG_6478.JPG

           ན་བུན། 


བརྗོད་མི་ཐུབ་པའི་ཚོར་བའི་རི་ཚོགས

ཡ་ཆུང་ན་སྤྲིན་བཞིན་འཐིབས

གྲོལ་མི་ཐུབ་པའི་འཚོ་བའི་དགུ་མདུད

མིག་ཟུང་དུ་གཙང་བོར་གྲུབ

དགུན་ཟླ་ཇི་འདྲའི་འཁྱགས་ནའང

སེམས་ཀྱི་ཉི་འོད་ཐོད་ལ་བཏེགས་ཡོད

ཉི་མ་མི་སྡུག་གཟའ་ཡིས་བཟུང་ཚུལ

གྲོགས་པོས་རིག་ཨེ་མྱོང

ཞོགས་པར་བཏང་འོང་བའི་གཞས་དེས

སྐྱོ་བའི་སྟེང་ལ་སྐྱོ་བ་བསྣན་ཡོང

ངས་ཁྱེད་ལ་སེམས་པ་སྟོན་འདོད

ཡིན་ཡང ཕྱི་མར་གནས་པའི་མི་ལགས

ང་ལ་འཕྱ་སྨོད་མ་བྱེད

ཁྱེད་ཀྱིས་མྱང་མྱོང་བའི

འཇིག་རྟེན་དཀར་ངོགས་ཀྱི་མུན་པའི་སྣང་བ

ང་ད་དུང ཁ་འབྲལ་ཐབས་མི་འདུག

ན་ཟུག་རྟུལ་བོའི་རིགས་ཤིག་གིས

བརྩེ་བའི་རྒྱུད་སྐུད་དེ་སྒུལ་གྱིན་གདའ

ཞེན་པའི་ཨ་ལོང་དེ་བཤིག་བཞིན་གདའ

ཀྱེ སེམས་ཁོང་གི་ལྷ

ང་རང་ག་ཤེད་ཅིག་ཏུ་འཁྲིད་རོགས

ཅིས་ཀྱང་འཁྲིད་རོགས་ཞུ་ཞུ

གལ་ཏེ

བདག་སེམས་འདི་འཆིང་ཐག་རིགས་ཤིག་ལས་ཐར་ཐུབ་ན

མེ་ཏོག་རྐྱང་རྐྱང་གི་འཇིག་རྟེན་ཞིག་མིན་ཡང་ཆོག

                                 ༢༠༡༥ལོའི་ཟླ༡༡པའི་ཚེས༡༨  སྤྱི་སྤྱོད་རླངས་འཁོར82ལས། 

 
     སེམས་ཚོར་རིགས་ཤིག


དྭངས་གཙང་གི་ཁྱེད

དགུན་གཞུང་གི་དབུས་ནས་སུ་ལ་ཕྱོགས་ཡོད

འགྲེལ་བཤད་མི་འགྲོ་བའི་གནས་ལུགས་ཐ་དག

རྒུན་ཆང་གི་མངར་ཁས་བསྣུབས་པར་མི་སྲིད

གཤིས་འཇམ་གྱི་ཁྱེད

རླུང་ཁར་བཟེད་ནས་སུ་ཞིག་སྒོམ་ཡོད

དམྱལ་བར་ལྟུང་བྱེད་ཀྱི་སེམས་ཚོར་ཐ་དག

མཛུབ་རྩེ་ཡི་རོལ་མོས་བསྣོགས་པར་མི་བྱ

གཞུང་དྲང་གི་ཁྱེད

ཉེས་དམིགས་ཀྱི་ཁྲོད་ཉེས་པ་ཅི་ལ་འཁོར་ཡོད

སེམས་པ་བོར་བྱེད་ཀྱི་དྲན་པ་སྣ་ཚོགས

འགལ་འདུའི་རྡུལ་འཚུབ་ཀྱི་གཏོར་བར་མ་ནུས

ཁྲེལ་དང་ལྡན་པའི་མི

ནང་སེམས་ཀྱི་ཤེལ་དཀར་མེ་ལོང་ངོས་ན

བརྩེ་བ་ཤིག་གཙགས་དྲུབ་ཀྱི་རིས་སུ་འཁྱིལ་ཡོད

ཉེས་མེད་ཀྱི་འདོད་བློ་ཐ་དག

མདོ་མེད་ཀྱི་ངས་ཚོད་ཚོད་དུ་གཅིར་བར་མ་ཕོད

འཇིག་རྟེན་ཕ་རོལ་གྱི་མི

སེམས་ཀྱི་མཆོད་ཁང་བཞེངས་ནས་འགྲུབ་ཡོད

དམ་ཚིག་དང་ཕྱི་ཐག་རིང་ན

གསོལ་འདེབས་དང་སྨོན་ལམ་ང་ཡི་ཞུས་ཡོད

                         2016\01\10ལ་ཙོང་ཆུའི་འགྲམ་ནས། 
IMG_6654.JPG

             
                       རྨི་ལམ། 


རྨི་ལམ་དུ་གཏམ་རྒྱུད་དག་གློག་བརྙན་བཞིན་འཆར་འོང་

རྨི་ལམ་དུ་ཕྱི་མར་གནས་པའི་མི་ལའང་མཇལ་འོང་

རྨི་ལམ་དུ་དགེ་འདུན་བྱེ་བ་ཕྲག་བརྒྱའང་འཁོར་འོང་

རྨི་ལམ་ན་ང་ལ་རང་དབང་གི་གཤོག་པ་ཐོགས་འདུག

ཧི་མ་ལ་ཡའི་ཕར་ཚུར་དུ་འཕུར་ཐུབ་ཀྱིན་གདའ

རྨི་ལམ་ན་ང་ལ་ལྷན་འཛོམས་ཀྱི་སྐལ་བ་ཡོད་འདུག

གཞིས་བྱེས་གཉིས་ལོ་སར་གྱི་དཔལ་ལ་རོལ་བཞིན་གདའ

རྨི་ལམ་ལྟ་བུའི་རྨི་ལམ་གྱི་འཇིངས་ན

ང་ལ་ཁེར་ཧྲེང་དང་སྐྱོ་ཡུས་ཡོད་བཟོ་མི་འདུག

རྨི་ལམ་དུ་ཡུལ་མི་དག་འཛུམ་མདངས་ཁྲོད་མཐོང་འོང

རྨི་ལམ་དུ་ཁྲུང་ཁྲུང་གི་ཚོགས་ཀྱང་བསྟར་འགྲོ་ཡི་འདུག

རྨི་ལམ་དུ་ཨ་མ་རྗེ་བཙུན་སྒྲོལ་མའང་མཇལ་ཐུབ་གི་འདུག

རྨི་ལམ་ན་དམ་ཚིག་གི་ཡུ་བ་རུལ་ཚར་འདུག

འཆད་སྤྱོད་ཀྱི་ལས་དག་དུག་བཞིན་ལུས་ལ་ཁྱབ་འདུག

རྨི་ལམ་ནའང་གོམ་པ་རྡོ་ལ་ཐོགས་ཚར་འདུག

ཉིན་མོ་ཡང་རྐང་པ་སྤོ་ཤེས་གི་མི་འདུག

རྨི་ལམ་གྱི་རྨི་ལམ་ཁྲོད་ན

ང་ལ་འཇིགས་དངངས་དང་འཚུབ་ཆའི་ཁེངས་འདུག

རྨི་ལམ་དུ་རྟ་ཕོ་རྣམས་ཀྱང་ཞོགས་འགྲོ་ཡི་འདུག

རྨི་ལམ་དུ་ལུག་ཁྱུ་རྣམས་ཀྱང་བོར་ཚར་གྱི་འདུག

རྨི་ལམ་དུ་རྐང་འོག་གི་ས་གཞི་རྣམས་ཀྱང་གས་འགྲོ་ཡི་འདུག

རྨི་ལམ་ན་བཞུད་ཟིན་པའི་མེས་པོ་ཚོ་འཁོར་ཐུབ་གྱིན་མི་འདུག

རྨི་ལམ་ན་རྨས་ལྕི་བའི་སྟག་ཤར་ཚོ་འགྱིངས་ཐུབ་གྱིན་མི་འདུག

རྨི་ལམ་ན་གཤེགས་ཟིན་པའི་དཔའ་བོ་ཚོ་མཐོང་ཐུབ་གྱིན་མི་འདུག

རྨི་ལམ་ནའང་དྲང་བདེན་གྱི་རྒྱ་མ་ཡོད་ཚོད་མི་འདུག

རྨི་ལམ་དུ་འབྲེལ་ཡོད་འབྲེལ་མེད་ཐམས་ཅད་འདུས་འོང་

རྨི་ལམ་དུ་དྲན་པ་ཐ་དག་རླུང་ལྟར་ལྡིང་འོང་

རྨི་ལམ་དུ་སེམས་པ་ཟེར་བ་རྡུལ་བཞིན་འཚུབ་འོང་

རྨི་ལམ་གྱི་རྨི་ལམ་ཁྲོད་ནང་ལ་ལྷིང་འཇགས་དང་བག་ཡངས་ཡོད་བཟོ་མི་འདུག

རྨི་ལམ་ན་རི་ཆུ་ནགས་གསུམ་གྱིས་མ་ནི་གྱེར་བཞིན་འདུག

རྨི་ལམ་ན་བ་ཆུ་ཐབ་གསུམ་གྱིས་གླུ་དབྱངས་ལེན་བཞིན་འདུག

རྨི་ལམ་ན་ལྷ་འདྲེ་མི་གསུམ་གྱིས་ཟློས་གར་འཁྲབ་བཞིན་འདུག

རྨི་ལམ་དུའང་ཤོག་སྦག་གི་སྐད་སྒྲ་བར་མེད་དུ་གྲགས་འོང་

རྨི་ལམ་དུའང་ལོ་སར་གྱི་སྐྱ་མདའ་གཏོང་ལ་ཉེ་འོང་

རྨི་ལམ་དུའང་བདེ་སྡུག་གི་རྦབ་རྡོ་གཡང་ལས་འགྲིལ་འོང་

རྨི་ལམ་གྱི་རྨི་ལམ་ཁྲོད་ན

ང་ལ་རབ་རིབ་དང་མག་མོག་ལས་ཡོད་བཟོ་མི་འདུག

                              2016.02.06ཙོང་ཁའི་སྐྱེས་རིའི་འགྲམ་རྒྱུད་ནས་གྲུབ། 
IMG_6478.JPG


           ཆར་ཤུལ་དུ།


ཆར་བ་ཟིམ་ཟིམ

གྲང་རླུང་བསིལ་བསིལ

མེ་ཏོག་འདར

ཟེའུ་འབྲུ་འཛུམ

ངའི་དཔྱིད་དཔལ་གང་ལ་བུད་སོང་

ལུས་འདར་སྣ་སྦྲིད

རུས་རྐང་སྐམ་ཁོལ

དོན་ལྔ་འཁྱག

སྣོད་དྲུག་གཟེར

ངའི་འཛུམ་མདངས་གང་ལ་འཁྱེར་སོང་

ཉིན་ལ་མཚན་མཐུད

ཟླ་ལ་ལོ་འཁྱུད

དྲན་པ་སྦངས

མིག་ཆུ་འཐོར

ངའི་མཇལ་འཛོམས་ག་དུས་སླེབས་ཡོང

                                       2016.04.22ཙོང་ཆུའི་འགྲམ། 
IMG_6267.JPG

        
    དབྱར་ཁའི་སྣང་བ། 


འབྲུ་སྙེ་མ་མགོ་ལྕོག་ལྡེམ་ལྡེམ

ནགས་ལྗང་ལོ་ཕར་གཡོ་ཚུར་གཡོ

གནམ་ལ་སྤྲིན་འཁྲིགས

ས་ལ་རྡུལ་འཚུབ

བར་སྣང་གི་གོམ་པ་གང་ལ་ཕྱོགས

ན་མེ་ཏོག་ཁྲ་ཆིལ་དགུ་ཆིལ

རྩྭ་ཟིལ་བ་ཕྱི་གསལ་ནང་གསལ

སྤང་གི་ལུག་འཁྱག

གཙང་གི་ཉ་སྐོམ

གཡང་རྫི་བོའི་མིག་ཟུང་གང་ལ་གཏད

སྲོད་ཀྱི་གྲིབ་མ་རླུང་གིས་བཏེགས་ཡོང

ཞོགས་པའི་སྣང་བ་བསེར་བུས་བསྐྱལ་ཡོང

ཆ་ཡོད་ཀྱི་དབྱར་ཟླ་དྲོན་མོ

རྒྱུས་མེད་ཀྱི་ནམ་ཟླས་འཁྱེར་སོང

ལྷན་འཛོམས་དང་གྱེས་བྲལ་སྐད་ཅིག

དྲན་པ་དང་སྨྲེང་བ་དུས་གཅིག

ཁྱོད་ཀྱི་ནམ་མཁའ་ན་སྐར་མའི་བརྒྱན་ཆ་ཨེ་ཡོད

ཁྱོད་ཀྱི་རྨི་ལམ་ན་ང་ཡི་འཛུམ་མདངས་ཨེ་ཡོད

གོམ་པ་འཚབ་འཚུབ

དྲན་པ་བསིལ་བསིལ

རེ་སྒུག་གི་ལོ་ཟླ་ནམ་ཞིག་ཚར་འགྲོའམ

མཇལ་འཛོམས་ཀྱི་ཉིན་མོ་ག་དུས་སླེབས་ཡོང་ངམ

                                              2016.05.12 ཙོང་ཆུའི་འགྲམ་ནས། 
IMG_6478.JPG

 
       མཚལ་འཆར་དུས།     


ཟླ་བ་མར་ངོ་ནས་མར་ངོ་འགྲིབ་ཡོང

ཚེས་པ་ཡང་ཕྱི་འགྱངས་ནས་ཕྱི་འགྱངས་བྱས་སོང

སྔོན་བརྡ་དག་ཀྱང་འཕྲོ་རིམ་འཕྲོ་ལ་ཐོན་འོང

རླུང་བུ་འདི་བསིལ་བསིལ་ལྡང་བས

ཉི་འོད་ཀྱང་ཟ་ཟི་འདྲེས་པས

སྣང་བ་འདི་རང་དབང་ན་མི་འདུག

ཀུ་ཤུ་ཞིག་ཁྱུར་མིད་བྱས་ཟིན

ཁ་ཚ་ཞིག་ཀྱང་དྲན་འོང་གི་འདུག

སྐྱོ་སེམས་ཀྱིས་བཏེགས་པའི་སེམས་འགྱུ་དམར་པོར

མིག་ཆུ་ཤིག་ཚོད་ཚོད་དུ་བཏང་ནས

བྱབས་ཁྲུས་ཐེངས་ཤིག་བྱ་དགོས་པ་འདྲ

སེམས་ཀྱི་དགུ་མདུད་ཕྲ་མོས

དབང་རྩའང་སྦྲིད་དུ་བཅུག་འདུག

དེ་མིན་མཚལ་འཆར་གྱི་ཆོས་ཉིད་ཀློང་ནས

སྙིང་ཆུང་འདི་ལུ་གུ་ལྡིང་ལྡིང་བྱེད་དོན་ཨེ་ཡོད

མི་ཚོགས་རི་བཞིན་སྤུང་ཡོང་ནའང

ཤེས་པ་འདི་རི་བོའི་ཕ་རོལ་གྱི་ཕ་རོལ་ན་ལུས་འདུག

ད་ནི

གཞས་ཤིག་སྨན་ཞིག་གི་ཚབ་ཏུ་འཐུང་དགོས་པ་འདྲ

ཀ་ཡེ གྲོགས་དང་གྲོགས་མོའི་ཚོགས

སྙན་དབང་གསོ་བའི་གཞས་ཤིག་གཏོང་རོགས

                                           2016.02.03ཙོང་ཆུའི་འགྲམ་ནས། 
IMG_6713.JPG


      ལྷ་རིས་སྙིང་ལ་རྗེ་གོ


ཆུང་ཆུང་མེ་ཏོག་འདྲ་བ། ། 

མེ་ཏོག་ལྷ་རིས་འདྲ་བ། ། 

ལྷ་རིས་སྙིང་ལ་རྗེ་གོ། 

བློས་ནས་ཐོངས་ས་མ་རེད། ། 

མཇལ་འཛོམས་ཞག་རེ་ཞག་གཉིས། ། 

འབྲལ་དུས་ཉི་མ་ཟླ་བ། ། 

ཕན་ཚུན་གྱེས་པའི་དུས་ལ། ། 

ཕར་འཁྲེང་ཚུར་འཁྲེང་མ་བྱེད། ། 

མིག་ཆུ་གཏོང་བ་མ་གནང་། ། 

སྐེར་ཡང་འཁྱུད་པ་མ་མཛད། ། 

ལག་ཟུང་ལྷོད་ལྷོད་གནང་རོགས། ། 

ངག་ནས་བདེ་མོ་བརྗོད་རོགས། ། 

བདེ་མོ་ལམ་ལ་ཞུགས་ནས། ། 

ཨ་མ་ཨ་མ་མ་ཟེར། ། 

རྒྱང་ལ་ཡལ་བ་རིག་ན། ། 

མ་ཡང་མིག་ཆུ་འཐོར་འགྲོ། ། 

ཡང་བསྐྱར་འཛོམས་པའི་རིང་ལ། ། 

གཟུགས་གཞིའི་གཉོམ་ལག་རྒྱས་པའི། ། 

ཁ་བྲོ་བཀྲ་ཤིས་ཡོང་བའི། ། 

སྨོན་ལམ་སེམས་ནས་བཏབ་ཡོད། ། 

IMG_6565.JPG


            དུས་ཆད་ཅིག                  


མཇལ་འཛོམས་ཤིག་རླུང་གིས་བསྐུར་བྱུང

ལས་དབང་ཡང་སྲད་བུས་བརྒྱུས་ཡོང

འདུན་པའང་མེ་སྟག་བཞིན

རང་དབང་གིས་མདུན་ལ་དེད

མི་ཁས་རྒྱབ་ལ་འཐེན

ཐོན་ཡོང་ངམ

ཐོན་ཡོང་ངམ

གཡས་འདང་གཡོན་འདང

རྣམ་ཤེས་སོར་དུ་མ་ཆུག

གནང་ཞུ་ཡི་གེ་ཞིག་ཤར་མར་བྲིས་བྱུང་

རྫུན་ནག་ཅིག་ཡིད་ལ་འཁོར་དཀའ

ཉེས་པའང་དུག་རླངས་བཞིན

བདེན་པས་བདེན་པ་བཙིར

རྫུས་མས་རྔུལ་ཆུ་བསླངས

གཡུག་འཇོག་གམ

གཡུག་འཇོག་གམ

སེམས་འདུན་གཙང་མ་ཐལ་སོང

བདེན་པ་ཉིད་རྒྱལ་སོང

ཁ་བརྒྱ་མིག་སྟོང་གིས་ཅེར་ཡང

ངས་ཁྱེད་རང་ཁོ་ན་མཐོང་སོང

མཐོན་པོའི་རི་ཡང་གླེང་ཡོད

དམའ་མོའི་མཚོ་ཡང་དྲན་ཡོད

བརྗོད་བྱ་སྐོར་ཞིག་ཕྲད་གཞན་དབང་ཅན་རྐྱང་རྐྱང་རེད་འདུག

མཚན་ལྗོངས་ཀྱི་གློག་འོད་ཟ་ཟིས

གྱེས་བྲལ་ལ་འབོད་བརྡ་བཏང་སོང

ཤར་ནས་ཤར་ཏུ་བསྐྱོད་ཡོད

ནུབ་ནས་ནུབ་ཏུ་མ་བལྟས

སེམས་པ་ཤོག་བྱ་བཞིན་མཁའ་ལ་འཁུར་སོང

ལུས་པོ་ཁྱི་རོ་བཞིན་མལ་ན་ལུས་འདུག

གྱང་ལྡེབས་ངོས་སུ

“བདག་མེད”ཅེས་པའི་ཡི་གེ་ཆེན་པོ་གཉིས་ཤེད་ཀྱིས་བྲིས་སོང་། 

                                                               2016.03.15

IMG_6372.JPG


         དཔྱིད་དུག  


ཚོད་ཚོད་ལ་ཆར་བ་ཟམ་ཟིམ

མཚམས་མཚམས་ལ་ཁ་བ་ལྷབ་ལྷབ

ཞོགས་པའི་འོད་མདངས

སྲོད་ཀྱི་རླུང་བུ

ངས་གང་ལ་ཉན

གང་ལ་བལྟ

སྒྱིད་པ་ཡང་ཉ་བེ་ཉོབ་བེ

བཞིན་རས་ཀྱང་རེས་གསལ་རེས་མོག

རྩྭ་ཕྲན་རྡོ་སྲུབ་ན་འཚང་ཁ་ཤིག་ཤིག

སྤྲིན་པ་བར་སྣང་ན་ལང་ངེ་ལོང་ངེར

ངའི་མེ་ལོང་གི་ངོ་ལ་ཅེར་མ་ཡོང

སུ་དང་གང་ཞིག་ཆུད་ཀྱི་མི་འདུག

མཚན་སྨག་གིས་བཀླུབས

ཉིན་བསེར་བུས་འཁྱེར

སྒེའུ་ཁུང་ཁ་ནས

ངའི་དྲན་པ་འདི་གང་ལ་ཤོར་ཡོད

ཡང་ན་མེ་ཏོག་བཞད་ཤོག

ཡང་ན་ཁུ་བྱུག་གྲགས་ཤོག

                                 2016.3.20

IMG_6368.JPG

             
             82


82ནི་རླངས་འཁོར་ཞིག་ཡིན

སྤྱི་སྤྱོད་རླངས་འཁོར་ཞིག་ཡིན

ང་ཡར་ལ་སྐྱེལ་མཁན་དེ་ཡིན

ང་མར་ལ་འདྲུད་མཁན་དེ་ཡིན

རེ་སྒུག་གི་སེམས་པར་ཆུ་འཁྱགས་བྱོ་མཁན་དེ་ཡིན

བཟོད་བསྲན་གྱི་བསམ་པ་བརྟན་དུ་འཇུག་མཁན་དེ་ཡིན

སྙིང་ན་བར་བྱེད་མཁན་དེ་ཡིན

སྙིང་ཉེ་བར་བྱེད་མཁན་དེ་ཡིན

མཚམས་རེར་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག

མཚམས་རེར་འདུག་སྟེགས་ལ་ཁེར་ལབ་བརྒྱབ་ཆོག

རྐུན་མ་དང་སྡར་མ་མཉམ་འགྲོགས

དྲང་བདེན་དང་ཚུལ་འཆོས་མཉམ་འདུས

ངོ་གདོང་དང་ངོ་གདོང་གི་ཁྲོད་ན

ཟློས་གར་སྟོང་ཕྲག་གི་ཉམས་འགྱུར་མངོན་ཡོང

82ཀུ་རེ་རྩེད་མཁས་ཤིག་ཡིན

དེ་རིང་བདེན་ཡང་སང་ཉིན་རྫུན་དུ་གྱུར་འགྲོ

82ལ་མི་སྒུག་ཟེར་ན་སྒུག་ཏུ་བཅུག་འགྲོ

སྒུག་ནས་སླེབ་རག་བར་ལ

གདམས་གསེས་ནི་རྦ་རླབས་བཞིན་འཕྱུར་འོང

རླངས་འཁོར་བརྗེས་སམ

གླ་གཏོང་འདུག་གམ

ནག་འཁོར་འདུག་གམ

རྐང་པ་རྒྱག་གམ

རྗེས་སུ་ལུས་སམ

སེམས་ཚོར་འདི ང་ཁོ་ནས་མ་གཏོགས་མི་ཤེས

ལམ་ཐག་ལ་རྒྱུས་ཡོད་བྱེད་མཁན་གྱི་བསམ་ཤེས་ཅང་མེད

གནས་ཚུལ་འདིར་བསམ་ཤེས་བྱེད་མཁན་གྱི་འགོ་བའང་མེད

ཞབས་ཞུ་འདིར་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཡང་མེད

82ངན་པ་རྒྱ་རེངས་ཀྱི་རླངས་འཁོར་ཞིག་ཡིན

82དུས་ཐོག་ཆར་འབབ་ཀྱི་རླངས་འཁོར་ཞིག་ཡིན

82རྐང་རྡུགས་ཀྱིས་བཅོམ་བཏང་ན་འདོད་སྤྱད་ཅིག་ཡིན

82མ་ཤི་ན་གཏུབ་མི་ཉན་པའི་རླངས་འཁོར་ཅིག་ཡིན

82

ནམ་ཞིག་ལ་ང་ཁྱེད་དང་གྱེས་བྲལ་བྱུང་ཚེ

ཆེད་དུ་ཐེངས་ཤིག་འདུག་འདོད་ཡོད་ཀྱང་སྲིད

IMG_6599.JPG

         
          མཐུན་པ།     


ཁྱེད་རང་ཉིན་ན་བཞུགས

ང་ནི་སྲིབ་ན་ཡོད

བར་ན་མེ་ཏོག་བཞད

ཁྱེད་རང་གནམ་ན་མཆིས

ང་ནི་ས་ན་འདུག

བར་ན་འཇའ་ཚོན་བཀྲ

ཁྱེད་རང་ལ་འགོ་ན

ང་ནི་ལུང་པར་གནས

བར་ན་གཙང་པོ་རྒྱུ

ཁྱེད་རང་དགུན་ལ་རོལ

ང་ནི་དབྱར་ལ་ཉེ

བར་ན་ལོ་ཟླ་ཟད

ཁྱེད་རང་སྨག་ལ་འཛུམ

ང་ནི་འོད་ལ་འཁྲེང

བར་ན་ཉིན་མཚན་རྒྱུ

ཁྱེད་རང་མདུན་ལ་ཕྱོགས

ང་ནི་རྒྱབ་ན་ལུས

བར་ན་སྙིང་རུས་བསྐྱེད

ཁྱེད་རང་སྡོམ་ལ་སྐྲག

ང་ནི་རྙི་ལ་ཞེད

བར་ན་འཇིགས་སྐྲག་འཚུབ

ཁྱེད་རང་རྒྱང་ལ་འཕུར

ང་ནི་ཉེ་སར་ལྕེབས

བར་ན་སྟོང་ཆ་མཛེས

ཁྱེད་རང་དག་ཞིང་དུ

ང་ནི་དམྱལ་ཡུལ་ན

བར་ན་འཇིག་རྟེན་འཁོར

སྐྱེ་བ་ནས་སྐྱེ་བ

ཕྱི་མ་ནས་ཕྱི་མ

སྨོན་ལམ་འདེབས་ཡོང

སླར་ཡང་མཇལ་ཡོང

                   2016.04.25ལྷོ་རིའི་འདབས་ནས། 
IMG_6650.JPG

 
     དེ་ཅི་ཞིག་ཡིན། 


ལས་ཀྱི་ཐག་སྣེར་འཁྱུད་པ་དེ

ལམ་གྱི་བཞི་མདོར་འཕྲད་པ་དེ

དུས་ཀྱི་ཕྱི་ལོགས་ནས་མངོན་པ་དེ

ནར་སོན་པ་དང་འདྲ་ལ་མ་སོན་པ་དང་འདྲ་བ་དེ

རེ་བ་མེ་ལྕེ་ཙམ་ལ་བསྙབས་པ་དེ

འཇིག་རྟེན་མེ་ལ་བསྲེགས་མཁན་དེ

སྐྱེ་བ་སྔོན་མར་ངའི་ཅི་ཞིག་ཡིན

དགུན་ལ་བཞད་པའི་མེ་ཏོག་དེ

དབྱར་དུ་ཡལ་བའི་ལོ་འདབ་དེ

ཕྱེ་ལེབ་གྱི་གར་སྟབས་མངའ་མཁན་དེ

སྨིན་པ་དང་འདྲ་ལ་མ་སྨིན་པ་དང་འདྲ་བ་དེ

ཚོར་བ་ཆུ་རྒྱུན་ལ་འགྲོགས་པ་དེ

སྣང་བ་སྤྲིན་དཀར་ལ་བརྒྱུས་པ་དེ

སྐྱེ་བ་སྔོན་མར་ངའི་ཅི་ཞིག་ཡིན

ལྕགས་ཀྱི་གོ་ཁྲབ་གྱོན་མཁན་དེ

དངུལ་གྱི་སྲབ་མདའ་འཛིན་མཁན་དེ

དུང་གི་རྨོག་ཞྭ་མནབས་མཁན་དེ

དཔའ་མེད་པ་དང་འདྲ་ལ་ཡོད་པ་དང་འདྲ་བ་དེ

གཏམ་རྒྱུད་གྱི་གོང་བུ་བསྒྲིགས་མཁན་དེ

སྙན་དབྱངས་ཀྱི་ཟེའུ་འབྲུ་གཏོར་མཁན་དེ

སྐྱེ་བ་སྔོན་མར་ངའི་ཅི་ཞིག་ཡིན

ལྗོན་རྩེ་ན་འཁོར་བ་དེ

ཆར་ཐིགས་ལ་སིམ་པ་དེ

རླུང་བུ་ལ་འཐིམས་པ་དེ

རྒྱུས་མེད་པ་དང་འདྲ་ལ་ཡོད་པ་དང་འདྲ་བ་དེ

རང་ཉིད་དང་འདྲ་བ་དེ

རང་ཉིད་དང་འདྲིས་པ་དེ

སྐྱེ་བ་སྔོན་མར་ངའི་ཅི་ཞིག་ཡིན

         ཞར་བཀོད་ཅིག

འབྲུག་ཆུང་ལ་སྤྲུལ་ཤོག

འོད་སྣང་དུ་འཕྲོས་ཤོག

མུན་པ་རྒྱང་དུ་སྤྲོད་རོགས

ན་བུན་ཐལ་བར་གཏོར

ཚེར་ལམ་ཤིན་ཏུ་རྩུབ་ནའང

འདས་སོང་གི་ལོ་ཟླ་ཡིད་ལ་མ་བརྣགས

རྟེན་འབྲེལ་ཞུ་བ་ལར་ནས་མིན

སེམས་ཀྱི་འགྲོ་རོགས་ཙམ་མོ

བསམ་ཤེས་བྱ་ཐུབ

བསམ་ཤེས་བྱ་མི་ཐུབ

འགལ་ཟླ་ནི་ངའི་མཚེ་ཡ་དེའོ

ཉེས་པ་ཅི་རིགས

སྡང་སེམས་ཅི་རིགས

རྒྱུ་བའི་དུག་བཞིན་ལུས་ལ་ཞེན་འོང

སྲོག་གི་རྨུ་ཐག་འཐེན་པའི་སར

ཕྱི་ཐག་ཀྱང་དེ་ཙམ་དུ་བསྲིངས་ཡོད

བདེ་སྡུག་གི་ཚོར་བ

ངས་འདྲི་བར་མི་བྱ

ནམ་ཞིག

ཆང་འདྲེན

ཆང་མ་ང་ཡིས་བྱས་ཆོག  

               2016.06.09. ཧོར་ཟླ་ལྔ་བའི་ཚེས་ལྔ།  ཙོང་ཆུའི་འགྲམ་ནས། 
IMG_6699.JPG

   
    ང་ཡི་ཚངས་དབྱངས་རྒྱ་མཚོ། 


མགུར་མའི་དབྱངས་རྟ་རེ་རེ། ། 

དུས་ཀྱི་རླབས་སྒྲར་སྐྱོམ་མྱོང་། ། 

ནམ་ཟླ་ངེས་མེད་དུས་སུ། ། 

སུ་ཡི་མཁའ་ལ་འཕུར་འགྲོ། ། 

དབེན་པའི་རི་ཡི་ཁྲོད་ན། ། 

བུམ་པའི་ཁ་བརྒྱན་ལུས་འདུག

དམའ་མོའི་མཚོ་ཁར་འགྲེངས་དུས། ། 

ཡིད་སེམས་ཡམ་ཡོམ་ཨེ་གཡོ། ། 

སྣང་སྟོང་སྒྱུ་མའི་འཇིག་རྟེན། ། 

ཐོས་བསམ་ཀློང་ནས་བཞེངས་ཀྱང་། ། 

བྱམས་པའི་ཞལ་འཛུམ་གཅིག་གིས། ། 

ལས་ཀྱི་རྦབ་རྡོ་འགྲིལ་སོང་། ། 

ལྷ་དང་ལྷ་མོའི་ཞལ་རས། ། 

གསུངས་དབྱངས་འགག་མེད་བར་ན། ། 

མཆོད་པའི་ལྷ་ཆབ་བསིལ་མ། ། 

དཀོན་མཆོག་གསུམ་གྱི་མདུན་ན། ། 

མཐའ་མེད་འཁོར་བའི་གཏིང་ནས། ། 

ལག་པ་མེ་ཡིས་འཚིག་འགྲོ། ། 

རྐང་པ་རྡོ་ལ་ཐོགས་ཡོང་། ། 

ཕྱིར་མིག་ཡང་ཡང་བལྟས་སོང་། ། 

ང་ཡི་ཚངས་དབྱངས་རྒྱ་མཚོས། ། 

དཀའ་བའི་ལ་མོ་བརྒྱབ་བྱུང་། ། 

ཕར་གསུམ་ཕར་ལ་སོང་ན། ། 

འཁྲེང་སེམས་རི་ལས་ལྕི་བ། ། 

ནམ་མཁར་ཡར་ལ་གཟིགས་དང་། ། 

སྤྲིན་པ་དཀར་པོ་ཨེ་མཐོང་། ། 

བྱེའུ་བང་ཆེན་ཞིག་ལ། ། 

སྐྱོ་བའི་མིག་ཆུ་བསྐུར་ཡོད། ། 

བརྩེ་བའི་མགུར་ཆུང་རེ་རེ། ། 

ནས་ཆང་སྔོན་མོའི་བཟི་ཁ། ། 

ཞབས་བཏེགས་ཡང་ཡང་བརྒྱག་དུས། ། 

སྲིད་པའི་སྣང་བ་འཁྲུལ་འགྲོ། ། 

གཏན་གྲོགས་ཨེ་ཡོང་མ་གསུང་། ། 

ཚེ་གྲོགས་བྱུང་ན་ཆོག་ག། 

དྲན་པའི་གཞས་ཆུང་མ་གཏོང་། ། 

མཇལ་བའི་དུས་ཤིག་ལོས་ཡོད། ། 

མི་ཚོགས་བརྒྱ་འདུས་ཁྲོད་ནས། ། 

བརྩེ་བའི་མཚོ་མོ་མ་བསམ། ། 

ང་ཡི་ཚངས་དབྱངས་རྒྱ་མཚོའི། ། 

རྐང་པ་སྒྲོག་གིས་བཅིངས་འགྲོ། ། 

ང་ཡི་ཚངས་དབྱངས་རྒྱ་མཚོ། ། 

བྱ་ཞིག་ཡིན་ན་བསམ་བྱུང་། ། 

གཤོག་ཐོགས་ཡིན་ན་སྐྱིད་པ། ། 

གར་འགྲོ་རང་དབང་ཐོབ་ག། 

ཐར་བའི་ལམ་ཡིག་ཆེན་པོ། ། 

གཙང་བོའི་གཞུང་ལ་བཏང་ན། ། 

ལས་འཕྲོའི་མདུད་པའི་ཁུགས་ནས། ། 

མི་འཕྲོད་བསམ་པ་མི་འདུག། 

                  2016.06.14ལྷོ་རིའི་འདབས་ནས། 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།