
___ན་གཞོན་སྙན་ངག་པ་དང་། གཞོན་ནུ་སྙིང་རུས་ཅན་ཁ་བ་སྙིང་ལྕགས་ལགས། འཇིག་རྟེན་དང་གྱེས་ནས་
ལོ་གཅིག་ཏག་ཏག་འཁོར་བའི་ཉིན་འདིར། ངེད་དྲ་བས་ཆེད་དུ་རྗེས་དྲན་ཐེངས་གཅིག་ཞུས་པ་ཡིན།
སང་ཉིན་མཇལ་ཡོང་།
——འདས་པོ་སྙིང་ལྕགས་ལ་རྗེས་དྲན་དུ།
ནག་པོ།
མཁའ་དབུགས་འཁྱག་པ་དེས ཆབ་རོམ་གྱི་སོ་བར་ནས
གསེར་གྱི་ཉ་མོ་དེ་དག་བསྡམས་པར་མི་ནུས
སྤྲིན་ནག་གི་སྤར་མོའི་བར་ན་ཉི་འོད་ཀྱིས་འཕག་འཚག་རྒྱག
མཚོ་མོ་དེ་བརྒལ་དགོས་བྱུང་ཚེ ཚེ་སྲོག་དེའང་ཉམ་ཆུང
གལ་སྲིད་ཕྱི་མིག་ཅིག་ཡེ་ནས་མེད་ཚེ ཤོག་བུའི་ངོས་སུ་བྲིས་པའི
ཤ་ཁྲག་གི་ཡིག་འབྲུ་དེ་དག་ལ་ལུང་བསྟན་ཞིག་མེད་དམ
ནམ་མཁའ་ནག་པོའི་ངོས་སུ དུས་ཚོད་ཀྱིས་བོར་ཟིན་པ་དང
ཀུན་སྤྱོད་ཀྱིས་བོར་ཟིན་པའི་སེམས་ཁྲལ་དེ ཁྱེད་ཀྱིས་གཞུང་བཞེས་བཏང་སོང
ཚེ་གཅིག་གི་རྨི་ལམ་གྱི་སྨུག་པ་དྭངས་བས དབྱིབས་དང་ཁ་དོག་མི་འདུག
འབུ་མེ་ལྕེབས་ཤིག་མཚམས་མེད་པར་ལྡིང་སྐོར་རྒྱག
ངས་སྐབས་འགར་དྲན་སྲིད་པའི་ཁྱེད་ན་རེ སང་ཉིན་མཇལ་ཡོང
སང་ཉིན་ནི་འཆི་འཕོའི་ལམ་པའོ ཁྱེད་རང་མཐོང་གི་འདུག
2016/6/26
མཚོ་བུ་སྙིང་ལྕགས་དྲན་པ།
__བོད་གཞུག་སྐྱིད།
ན་ནིང་གི་ནམ་ཟླ་ཡང་དེ་རིང་གི་ནམ་ཟླ་བཞིན་འཁྱག
དེ་དུས་ཀྱང་བསིལ་རླུང་ལྡང་
ཆར་ཞོད་འབབ
ཁྱེད་རང་བཞུད་སོང་བས
ང་ལ་དབྱར་ཟླ་མེད་མྱོང་
མཚོ་སྔོན་པོ་སྔར་བཞིན་སྔོ་ལྡེམ་མེར
ཉ་གསེར་མིག་སྔར་བཞིན་གར་དུ་རྩེན
ངས་བུ་མོར་འབུ་མེ་ལྕེབས་ཀྱི་གནའ་གཏམ་བཤད
བཞུད་སོང་ཡང་གསོན་པོར་གནས་པ་དང་འདྲ་བའི་ཁྱེད
དམར་ཡག་སྟག་གི་ཐིག་ལེ་དེ་ཡིན
བྲེ་སར་འབྲོང་གི་རྭ་རྩེ་དེ་ཡིན
གཏམ་རྒྱུད་ཀྱི་མིག་ཆུ་བོད་ལ་བཞག་ཡོད
ཚེ་སྲོག་གི་རྨུ་ཐག་མཚོ་མོར་བརྒྱུས་ཡོད
ཕོ་ལོ་ཉེར་དྲུག
ལུས་གཟུགས་གཞིའི་ལང་ཚོ་ཉི་འོད་ལ་འཁྱིལ་སྟངས་ཡིན
ཞེ་སྣང་བའི་རི་མོ་ཡ་ཆུང་ནས་བཞེངས་ཚུལ་ཡིན
བློ་རིག་པའི་རལ་གྲི་ནམ་མཁའ་ལ་འཕྱར་དུས་ཡིན
མཚོ་བུ་སྙིང་ལྕགས
ད་དུང་ཡང་ཕངས་སེམས་ཀྱིས་བརྟས་འོང་གི་འདུག
ལོ་ཟླ་ཡང་དེ་དུས་བཞིན་ཚོར་མེད་དུ་མདུན་ལ་འགྲོ
ལམ་བུ་ཡང་དེ་དུས་བཞིན་ཚེར་ལམ་དང་ཚེར་ལམ་རང་རེད
ཡིན་ནའང མཚོ་བུ་སྙིང་ལྕགས
ཁྱེད་ཀྱི་སྲོག་གི་གདུང་མར་འཁེན་དུས
ཁྱེད་ཀྱི་རེ་བའི་མིག་ལ་བལྟས་ཚེ
ཁྱེད་ཀྱི་སེམས་ཀྱི་ནམ་མཁའ་མཐོང་བས
ཁྱེད་ཀྱི་ཡིད་ཀྱི་སྨོན་པ་དྲན་དུས
མཚོ་སྔོན་པོ་ཡིད་ལ་ཡང་ཡང་བརྣགས་ཡོང
ཉ་གསེར་མིག་ཡིད་ལ་ཡང་ཡང་འཁོར་ཡོང
ཕ་ས་གསེར་གྱི་གཞོང་བ་འདྲ་བོ་སྲུང་དགོས
མ་ས་མ་མོའི་བྲང་མགོ་འདྲ་མོ་སྐྱོབ་དགོས
ད་ནི་ཡིད་ཀྱི་མུན་པ་མཐའ་རུ་བསྐྲོད་བར་བྱ
ལེ་ལོའི་ལྕགས་སྒྲོག་གཡང་དུ་བསྐྱུར་བར་བྱ
རྨོངས་པའི་ཨ་ལོང་ཤུགས་ཀྱིས་གཏོར་བར་བྱ
དཔའ་བོའི་ཟོལ་གྱིས་འཆི་བར་མ་ཕོད་ཀྱང
མི་ཡི་གཟུགས་ཀྱིས་འགྲེངས་ནས་འགྲོ་བར་བྱ
2016.06.26 ཙོང་ཆུའི་འགྲམ་ནས།
མ་བུད་པའི་སེམས་པ།
__གཅེས་སུ་འོས་པའི་མི་ཞིག་དྲན་པ།
མཚོ།
དམར་པོ་མེ་དང་དམར་པོ་ཁྲག་དེའི།
དམར་པོ་བྲག་དང་དམར་པོ་སེམས་དེའི།
གོམ་འགྲོས་དལ་དུ་ཕྱིན་པ་ནས།
སྙིམ་པ་གྲོལ་བའི་སོར་བཅུའི་དབུས་ན།
རེ་སྨོན་ག་འདྲ་ཞིག་གི་འབོད་པ་བསྙལ།
ནེམ་ལོའི་ཁུད་དུ་རྟུལ་བའི་གྲི་ཆུང་ཁྱོད།
ས་གཞིའི་ཁ་མདོག་བརྗེ་བའི་འདུ་བྱེད་དུ།
གདུབ་བུ་བོར་བའི་ཁྱེའུ་ལངས་ཤོར་ཅིག
ཁྱོད་ཀྱི་གདུང་སེམས་ཀྱིས།
མ་མ་ག་ཚོད་ཅིག་སྡུག་ལ་སྦྱར།
འདབ་གཤོག་དཀར་པོ་ས་གཞི་རུ་བྱས་པ་ནས།
ཁྱོད་ཀྱི་ནམ་མཁའ་ན།
དུངས་ཞེན་གྱི་ཚོགས་ནི་བྱ་ཁྱུ་རུ་འཕུར།
དགོང་ཁའི་བསང་དུད་ལང་ལོང་ཁྲོད།
མཚམས་སྤྲིན་ལ་འདྲེས་པའི་དྲན་གདུང་ག་ཚོད།
ཁྱོད་ཀྱི་གཤོག་ཟུང་གིས་བཏེགས་མྱོང་བའི་ནམ་མཁའ་བཞིན།
ལྗིད་ཏིག་ཏིག ལྗིད་ཏིག་ཏིག
༢༠༡༦ལོའི་ཟླ༦པའི་ཚེས༢༦ཉིན།
ཁྱེད་རང་རྡོ་རུ་གྱུར་སོང་།
རྒུ་རུ་བ་རྡོ།
དུས་ཚོད་མང་པོ་དཀར་ཡོལ་ལས་ས་རུ་ཟགས་སོང
ལོ་ངོ་ཧྲིལ་པོ་གཅིག་ཀྱང་འདི་ལྟར་ཟགས་སོང
ལོ་སྔོན་མའི་དེ་རིང་གི་ཉིན་མོ་འདིར
ངས་སྐད་འཕྲིན་ལས་སྐད་ངན་ཞིག་ཐོས་བྱུང
དེ་ནི་ཆེས་རྒྱུན་ལྡན་གྱི་སྐད་ཆ་ཞིག་སྟེ་
ཁྱེད་རང་མཚོ་རུ་ནུབ་སོང་བ་དེ་རེད
མཆི་མ་ཁོག་ཏུ་མིད་མིད་བྱས
སེམས་སྐྱོ་སྐྱོས་སྙན་ངག་ཅིག་ཀྱང་བྲིས
མཚོ་སྔོན་པོའི་ཁར་སོང་སྟེ་ཉ་ཤ་བཅད
ཞོར་ལ་ཆུ་ནང་གི་སྲོག་ཆགས་ཀུན་གྱི་ཤ་ཡང་ཆོད་སོང
ང་དང་ཉམས་ཆུང་བའི་སྲོག་ཆགས་དེ་དག་གིས་ཁྱེད་ལ་བཀའ་དྲིན་ཞུ་བཞིན་ཡོད
དེ་རིང་སློབ་ཆུང་དུས་སུ་བསླབས་པའི་སློབ་ཚན་ཞིག་ཡིད་ལ་ཡང་ཡང་འཁོར་གི་འདུག
ནང་སོག་རྩྭ་ཐང་ན་སྔོ་ལངས་ངེར་ཡོད་པའི་རྡོ་ནར་ཞིག་མིག་ལ་ཡང་ཡང་ཤར་གི་འདུག
རྔོན་པ་ཧེ་ལི་པུ་ཞེས་པའི་མིང་འདི་ཤ་ཉེ་ཞིག་གི་མིང་དང་འདྲ་བར་ཁ་ནས་འབོད་སྙིང་ཞེ་དྲག་སྐྱེས་ཀི་འདུག
ངས་ནམ་རྒྱུན་མཚོ་སྔོན་པོ་མཐོང་དུས་ཁྱེད་དྲན་ཡོང་གི་འདུག
གསེར་ཉའི་ཚོགས་ཀྱང་དྲན་ཡོང་གི་འདུག
ད་ལོར་མཚོ་འགྲམ་ན་ཁྱེད་ལ་རྗེས་དྲན་གྱི་རྡོ་ནར་ཞིག་བསླངས་ཡོད་པ་འདྲ
ད་ནི་ཁྱེད་རང་རྡོ་རུ་གྱུར་སོང
ད་ནི་ངས་ནམ་ཡང་ཁྱེད་རང་དྲན་ཆོག
ངོ་མི་ཤེས་པའི་ཁྱོད་ཨང
༢༠༡༦/༦/༢༦ཉིན།
རྒྱལ་སྲས་ལགས། མཚོ་རུ་སིམ་པའི་ཁ་བའི་རྒྱལ་སྲས།
__གྲུ་ཆུང་།
རུས་རྐང་གི་མཆོད་མེ་ཁྱེད་ལ་འབུལ།
རུས་རྐང་གི་སྙན་ངག་ཁྱེད་ལ་འབྲི།
དུས་ཚོད་ནི་མཐུར་མེད་པའི་ཅང་ཤེས་ཤིག་དང་འདྲ་བར། ཁ་བར་ལག་བར་ནས་ཤོར་འགྲོ། ངེད་གཉིས་ཀྱིས་ཐོག་མར་ངོ་ཤེས་དུས། ཁྱེད་ཀྱི་ཆེས་ཐོག་མའི་སྐད་ཆ་དེའི་ལན་དུ། ང་ལ་འཛུམ་མདངས་ཤིག་ལས་ཅི་ཡང་མེད། འདི་ནི་ཚེ་འདིར་ངེད་གཉིས་ཀྱི་ཆེས་ཐོག་མའི་ཁ་བརྡ་ཡིན་ལ་ཆེས་མཐའ་མཇུག་གི་བདེ་མོའང་ཡིན།
ངས་ད་དུང་ཁྱེད་ཀྱི་བྱིས་སྒྲུང་《འབུ་མེ་ལྕེབས》བཀླགས་ཚར་མེད། ཁྱེད་ཀྱི་སྙན་ངག་ཀྱང་བཀླགས་ཚར་མེད། ཏག་ཏག་སྐབས་འདིར། ཁྱེད་རང་། ཕུགས་བསམ་མེ་རུ་བསྒྲོན་རྒྱུར་དགའ་བའི་འབུ་མེ་ལྕེབས་བཞིན་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འཇིངས་སུ་བཞུད་སོང་།
ཁྱེད་ཀྱི་འཁྲེང་སེམས་དང་རེ་སྨོན་མོད་པོ་ཞིག་ད་དུང་མི་ཡུལ་འདིར་ལུས་ཡོད་པ་སྨྲས་མེད་ཡིན་ཨང་། ཁྱེད་རང་མི་ཡུལ་འདིར་འཚོ་དོན། རང་གི་ཡོད་ཚད་སུ་ཞིག་གི་ཞི་བདེའི་ཆེད་དང་། རང་གི་འདུ་ཚོར་ཐ་དག་སྙན་ངག་ཏུ་བཞེངས་བསྐྲུན་བྱ་རྒྱུ་དེ་ཡིན་ལ། ཁྱེད་གློ་བུར་དུ་བཞུད་དོན་ཡང་དེ་ལས་མ་འདས་པས། ད་ནི་མཚོ་མོའི་ངུ་ཤུམ་གྱིས་བསླངས་པའི་གླུ་སྐད་ནམ་མཁའི་མཐོངས་སུ་མཆེད།
མཚོ་སྔོན་པོའི་རླབས་རྒྱུན་དང་བྲག་རྡོ། ཡང་ན། བྱ་ངང་བ་དང་ཀེ་ཚེ་མེ་ཏོག དེ་དག་རེ་རེ་བཞིན་ཁྱེད་ཀྱི་སྙན་ངག་གི་ས་བོན་དང་རུས་ཞེན་གྱི་སྙན་ངག་མ་ཡིན་ནམ།
མཚོ་འགྲམ་གྱི་བྲག་རྡོའི་སྟེང་། ངས་ཁྱེད་ཀྱི་རྒྱབ་གཟུགས་མཐོང་། རང་བྱུང་གི་མཛེས་སྡུག་སྦྲུམ་པའི་ཚེ་སྲོག་ཆུང་ངུ་དེ་དག་གི་སླད་དུ་མེལ་ཚེ་བྱེད་བཞིན་པའི་རྒྱབ་གཟུགས་མཐོང་། ཕ་བོང་དང་འདྲ་བའི་དར་ཟབ་ཏུ་ངས་ཁྱེད་ཀྱི་དགའ་བདེའི་འཛུམ་མདངས་མཐོང་། གསེར་ཉའི་གཅེས་སྲོག་བསྐྱབས་པ་ལས་སྨིན་པའི་ཡིད་འོང་གི་འཛུམ་མདངས་དེ་མཐོང་།
འབུ་མེ་ལྕེབས་ཀྱིས་རང་ཉིད་ལ་དབང་བའི་འོད་སྣང་དང་དྲོད་ཁོལ་གྱི་སླད་དུ་རང་ལུས་མེ་རུ་སྦར་སོང་། ཁྱེད་ཀྱིས་ཀྱང་འདི་ལྟར། མུན་ནག་གིས་གཏམས་པའི་མཚོ་ཁ་དང་། འདོད་ཆགས་ཞེ་སྡང་གིས་ར་བཟི་བར་གནས་པའི་མི་ཡུལ་འདིར་རང་གི་ཚེ་སྲོག་གིས་དྲང་བདེན་གྱི་ལམ་བུ་འདི་བརྒྱུད་དེ། འདི་ལྟར་གྱེས་བརྡ་ཕུལ་བ་ཡིན་ནམ།
བྲག་རྡོའི་ཐེར་ཟུག་དང་མཚོ་མོའི་སྐྱོ་བ། ད་དུང་། འཁྱགས་རེངས་ཀྱིས་གཟེར་གྱིན་པའི་ཁྱེད་ཀྱི་བླ་སྲོག་རིགས་རྒྱུད་ཅིག་གི་བདེན་མཐའ་གསལ་ཆེད་དུ་ཕུལ་བ་ཡག་བྱུང་།
ཁྱེད་ལ་ཡི་གར་འོང་བའི་ཕོ་རྒོད་དང་གཞན་གྱིས་ཡིད་སྨོན་འཆོར་བའི་རེ་འདུན་ཆེས་སྤྱིར་བཏང་བ་ཞིག་ཡོད་པའང་ངས་ཤེས། དེ་ནི། ཚེ་འདིར་རང་ཉིད་ལ་དབང་བའི་སྣ་འཛོམས་ཀྱི་དཔེ་ཁང་ཞིག་གཉེར་རྒྱུ་དེ་དང་། རང་ཉིད་ཆེས་དགའ་བའི་བུ་མོ་དེ་དང་ཚེ་གང་བསྐྱལ་རྒྱུ་དེ་རེད། ཇི་འདྲའི་བབ་ཆགས་ཀྱི་ཕུགས་འདུན་ཞིག ཇི་འདྲའི་འདོད་ཆུང་གི་རེ་སྨོན་ཞིག ཇི་འདྲའི་མཛེས་སྡུག་གི་རྨི་ལམ་ཞིག་ཨང་།
ཤུལ་ན་ལུས་པའི་ཁྱེད་ཀྱི་གྲོགས་པོ་དང་གཉེན་ཉེ་གང་གིས་ཁྱེད་ལ་སྙན་ངག་གི་མཆོད་པ་འབུལ་བཞིན། ད་དུང་བརྗེད་མེད་དྲན་ཤིང་གི་རྡོ་རིང་ཞིག་ཀྱང་མཚོ་སྔོན་པོའི་ངོགས་སུ་ཀེར་རེར་བསླངས་ངེས་རེད།
རྒྱལ་སྲས་ལགས། ཁ་བ། བདེ་བར་བཞུད་དང་། ཁྱེད་ཀྱི་འདོད་བློ་དང་འཚམ་པའི་དཔེ་ཁང་ཞིག་ཁྱེད་ལ་ཅིས་ཀྱང་དབང་ངེས། ཁྱེད་ཀྱི་སྐྱོ་རོགས་དང་འདུག་རོགས་ལ་འཚམ་པའི་བུ་མོ་དེའང་ངང་གིས་ཐོབ་ངེས། རྒྱལ་སྲས་ལགས། ཁ་བ། མཚོ་རུ་སིམ་པའི་ཁ་བ། གངས་རི་དང་ཆེས་སྙིང་ཉེ་བའི་མི་ལགས།
ཁྱེད་ཀྱི་བློ་སྤོབས་དང་དྲང་བདེན། ཁྱེད་ཀྱི་རྨི་ལམ་དང་སྙན་ངག ཡོད་ཚད་མཚོ་སྔོན་པོའི་རླབས་རྒྱུན་དང་འདྲེས་སོང་། དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཡིན། དེ་ནི་སྙན་ངག་གི་བླ་སྲོག་ཡིན།།
འདས་པོ་སྙིང་ལྕགས་ལ་བར་དོ་བརྡ་སྤྲོད་པ།
__རྫ་སྐྱེས་ཕུར་བ།
བར་དོ་སྒྱུ་ལུས་ཀྱི་ཕར་ནང་ན།།
སེམས་ཉིད་རང་གསལ་གྱི་ངོ་བོ་ན།།
ལམ་སྣེ་ས་མཁན་གྱི་མ་རྒན་ཞིག།
རྒྱལ་བ་སངས་རྒྱས་དེས་བཞུགས་ཡོད་གསུངས།།
བདེན་ནམ་སྙམ་པ་ཞིག་དེ་ན་གདའ།།
དངོས་སྣང་ཡིན་ཡིན་ཞིག་དེ་ན་གདའ།།
གསལ་འདེབས་རླུང་བསྐུར་གྱི་མགུར་ཆུང་འདི།།
གདུང་བའི་རང་འགྲོས་ཀྱི་བྱ་མ་རྟ།།
བར་དོ་ངོ་སྤྲོད་ཀྱི་ལམ་སྟོན་ཙམ།།
ཨེ་ཡོང་སྙམ་པ་དེས་གྲོགས་ལ་སྤྲིངས།།
ལས་སྣང་སྡིག་སྟོབས་ཀྱི་ཕར་ནང་ན།།
སྨིག་རྒྱུ་ལང་ལོང་གིས་གཡོ་བ་གན།།
ལུས་ཕུང་སྲ་འཐས་ཀྱི་སྤྲུལ་སྒྱུར་འདི།།
ཉམ་ངའི་རང་དོད་ཀྱི་རྟགས་ཡིན་པས།།
རང་སེམས་རང་སྣང་གི་ངོ་བོ་ལ།།
སྐྱེ་འགག་རེས་འཆར་དུ་མོས་པར་གྱིས།།
མྱོང་བའི་ཁང་ཁྱིམ་གྱི་ཕུགས་མ་ན།།
དུ་སྨུག་ཡེར་ཡེར་གྱིས་འགྲོ་བ་དེ།།
སྨྲ་ལྕེ་རང་འདག་གི་བརླན་བཤེར་ཚོགས།།
ལུས་ལ་སྐེམ་ཚུལ་གྱི་རྟགས་ཡིན་པས།།
སྐྱེ་འཆི་ལམ་ཁྱེར་གྱི་འོད་པོ་ཆེ།།
བྱུང་ན་སེམས་ཉིད་དུ་འདྲེས་པར་གྱིས།།
རྐྱེན་བྲལ་སྟོན་གནམ་གྱི་བར་སྣང་ན།།
མེ་སྟག་ཚབ་ཚུབ་དུ་འདུག་པ་ཡང་།།
རང་ལུས་དྲོད་འཛིན་གྱི་རླངས་པ་འདི།།
ཕྱི་ལ་འགྲོ་རན་གྱི་རྟགས་ཡིན་པས།།
སྒྱུ་མའི་རང་སྣང་གི་རྟ་ཁྱུ་དེ།།
གང་ཞོགས་སེམས་ཉིད་ཀྱིས་ངེས་པར་བྱོས།།
དངོས་མེད་འདུ་འབྲལ་གྱི་མཁར་སྟེང་ནས།།
ཤོག་ཁྲ་རྒྱང་རིང་དུ་སྤུར་བ་འང་།།
ཀུན་རྟོག་རླུང་ཞོན་གྱི་རྣམ་ཤེས་འདི།།
ཁེར་འགྲོ་ངེས་མེད་ཀྱི་རྟགས་ཡིན་པས།།
བྱུང་ན་འཆི་མེད་ཀྱི་གནས་ལུགས་ལ།།
དྲན་ཤེས་ཡང་ཡང་དུ་གཅུ་བར་གྱིས།།
གཅིག་ཏུ་རང་སེམས་ལ་གསལ་འདེབས་གྱིས།།
རང་སེམས་ཆོས་སྐུ་རུ་གསལ་འདེབས་གྱིས།།
ཆོས་སྐུ་བར་དོ་རུ་མོས་པར་གྱིས།།
མོས་པ་སྐུ་གསུམ་དུ་ལྟ་བར་གྱིས།།
འོ་སྐོལ་གཉུག་མ་ཡི་ངང་ཚུལ་ལ།།
འདྲེས་བློ་ཅུང་རེ་ཡང་བདོག་པས་ན།།
ལས་འབྲས་དྲང་ལམ་དུ་སྲུང་པས་ཀྱང་།།
ངོ་ཆེན་ཡིན་ཤག་གིས་སོང་ཡང་ཆོག།
རང་ངོ་རང་གསལ་གྱི་བསྐུལ་མ་འདི།།
འདས་སྐལ་སྐྱེམས་ཆང་དུ་འཕྲོད་པར་སྨོན།།
འཆི་བ་སྨག་རིམ་གྱི་ཕར་ནང་གི།
ཆད་སྣང་ཅུང་རེ་ཡང་གསོ་བར་སྨོན།།
ཚེ་རབས་དགེ་སྨོན་གྱི་གླིང་བུ་ཞིག།
ད་ནངས་བུས་པ་ནི་ངེད་རང་ངོ་།།
2015/7/30/
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།