
____ཐོ་རེངས་ནི། ༡༩༨༧ལོའི་ཟླ་བརྒྱད་པར་རེབ་གོང་རྒྱལ་པོ་སྨན་ཚང་དུ་སྐྱེས། སྔ་ཕྱིར་རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་འགྲིམ་སྟེ་སློབ་མཐར་ཕྱིན་རྗེས་ད་ལྟ་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་དགེ་རྒན་བྱས་ཡོད། ད་ལྟའི་བར་རྩོམ་རིག་བརྩམས་ཆོས་མང་པོ་གཞུང་སྒེར་གྱི་དུས་དེབ་མང་པོའི་སྟེང་དུ་བཀོད་མྱོང་བར་མ་ཟད། བོད་ཀྱི་སྙན་ངག་གི་ཚོགས་པ་མི་རབས་གསུམ་པའི་ཚོགས་མི་དང་བོད་ཀྱི་སྙན་ངག་དུས་ དེབ<<གངས་རྒྱན་མེ་ཏོག>>གི་གདན་ཞུ་རྩོམ་སྒྲིག་པའི་འགན་བཞེས་ཡོད། ༢༠༡༡ལོར་སྙན་དེབ་དང་པོ<<ཚོར་བའི་འཇིགས་ཉེན>>པར་དུ་བསྐྲུན། མི་འགྱངས་བར་སྙན་དེབ་གཉིས་པ་དཔར་བསྐྲུན་བྱ་རྩིས་ཡོད །
མིང་མེད།
སྐྱེ་བ་འདིར ངས་རང་ལ་མནར་གཅོད་བཏང་ནས་འོང
ག་དུས་ཡིན་ཡང
ཁྱེད་དང་ལྷན་དུ་ཕྱིར་ལོག་མི་སྲིད་དེ
ང་ནི་མུན་པ་རུམ་ནས་འཆི་བར་སྒུག་མཁན་ཞིག་ཡིན
བདག་སེམས་ནས་གཟུགས་མེད་པ་མང་པོ་ཞིག་ཀྱང
འཕྲོ་རིམ་འཕྲོར་ལྷུང་ཟིན
ད་ནི་འབུ་སྦྲང་གིས་ཟོས་ཚར་བའི་ལྗན་ལྗིན་གྱི་ཕུང་བོ་དེ་ང་ཡིན་པས
སེམས་ཁུར་དང་བསམ་བློ་གཏོང་དགོས་ས་མང་པོ་ཞིག་ཀྱང་མི་འདུག
སེམས་ཀྱི་སྒྲུབ་ཕུག་ཏུ་སྦས་པ་དེ་དག་ཡིད་དུ་འོང་ཡང
བརྩེ་དུང་གི་གླུ་གཞས་འཐག་མཁན་ཞིག་རྙེད་དཀའོ
ཁེར་རྐྱང་གི་མནོ་བསམ་ལས
ཚེ་ཕྱི་མའི་དུས་ཚོད་ཀྱི་ཕོ་བྲང་རྔམ་ཞིང་བརྗིད་པ་མཐོང
ངས་ཁྱེད་ལ་ཆེས་མཐའ་མའི་ལག་བརྡ་གཏོང་དུས
ཁྱེད་རང་ངལ་དུབ་ཀྱིས་མནར་བའི་སྡུག་བསྔལ་ཁྲོད་ཡོད་ཀྱང་ངེས
ང་ལ་སྙིང་ཉེ་བ་འདྲ་བྱེད་དོན་མེད་དེ
ང་ནི་འཇིག་རྟེན་འདི་དང་ཁྱེད་ལ་མི་དབང་བའི་འོད་ཅིག་གོ
2016 5 10

མོས་པ།
མི་ནི་ཆེས་རྙོག་དྲ་ཅན་གྱི་སེམས་ཅན་ཞིག་རེད
སྐྱེ་འཆི་ཁོ་ན
གཟོད་བདེན་ལུགས་ཀྱིས་གྲུབ་པ་ཁོ་ན་ཉིད
བར་སྐབས་འདིར
ང་རང་རླུང་ལ་ཞོན་པའི་རྐྱང་རྒོད་ཅིག་ལ་དགའ
རྐྱང་རྒོད་ཀྱི་རྔོག་མར་འཐམ་ནས
ཁྱེད་ཀྱི་མཐོང་ལམ་དོག་མོའི་འགག་འཕྲེང་བརྒལ་རྗེས
སྐད་ཅིག་གིས
སྤང་སྔོན་མོའི་ཁུགས་སོར་བབས་ཏེ
རང་དབང་ལ་བསྟོད་གླུ་ལེན་པར་མོས།

དགོངས་དག
ས་སྲོས་ནི་བུད་མེད་གཅེར་བུ་ཞིག་རེད
དེའི་ངོ་གདོང་ནི་ཉི་འོད་ཡིན་པ་འདྲ
གཞུང་དྲང་གི་ཕོ་གསར་ཚོས
ཉི་འོད་ཀྱི་ཟེར་མ་རུམ་ནས་ཡུལ་ལ་བསྙེགས་སོང
བར་སྐབས་འདིར
ང་བུད་མེད་གཅེར་བུ་དེ་དང་ལྷན་དུ
གནམ་མཁར་ཟི་ལིང་ཟེར་བའི་གྲོང་ཁྱེར་དེའི་ཕྱོགས་སུ་ཆས་བཞིན་ཡོད
ཁྱུང་སྨོན་སྐྱེས་ཟེར་བའི་གྲོགས་པོ་ཞིག་གྲོང་ཁྱེར་དེ་ན་ཡོད
བུད་མེད་གཅེར་བུ་དེའི་ངོ་གདོང་ང་ལ་མ་དབང་ཀྱང་ཆོག
ཤུན་ལྤགས་མེད་པའི་མཚན་མོ་འདི་ནི
དངོས་ནས་ཡིད་འོང་གི་མཛངས་མ་ཞིག་རེད
མཚན་མོའི་ངོགས་ནས་ང་ལ་སྒུག་མཁན་དེའང
མུན་པ་སྔས་སུ་བྱས་པའི་ཕོ་རྒོད་ཅིག་ཡིན
དགོངས་དག དགོངས་དག
ངས་དུ་སྨུག་གསེབ་ཀྱི་འཇའ་ཚོན་དང
ཆང་ཕོར་ནང་གི་རྒྱ་མཚོ་འཐུང་འདོད་བསམ་ནས
ཁྱེད་ཅག་ལོགས་སུ་བསྐྱུར་བའི་ཉེས་པ་འདི
བསྐལ་བའི་བར་དུ་སེལ་ཐབས་བྲལ
ང་ལ་སྙིང་ནས་གཅེས་པའི་མི་ཨང་།

Aylan kurdi
མུན་ནག་གི་མིག་ཆུས་བངས་པའི་འགྲུལ་བཞུད་ཀྱི་རྨི་ལམ
སྐད་ཅིག་གིས་དཀྲོགས་པར་བྱས
དེ་ནི་མེ་ཏོག་ཅིག་རྙིད་པར་བཏང་བ་དང་ཡོངས་སུ་མཚུངས
རྒྱ་མཚོའི་ནང་གི་འབུ་སྲིན་མང་པོས་ཚོགས་བསྡུས་ཏེ
ཁྱེད་རང་ནགས་ཁྲོད་ནས་འོང་བའམ
ལྗོན་ཤིང་ལས་ལྷུང་བ
འདམ་ལས་འཁྲུངས་བ
གནམ་ནས་བབས་པའི་སྐོར་ལ་དོགས་འདྲི་བྱེད
མེ་མདའ་འཛིན་མཁན་གྱི་རྔོན་པ་དེ་ཚོ་ག་པར་ཡོད་ཨང
གྲུ་ཤན་བཟི་བོ་དེ་དངོས་ནས་དེད་དཔོན་མི་འདུག
ཉི་མ་ནུབ་ལ་བཞུད་དུས
མུན་པའི་གོས་ཟབ་མོས་གཙང་པོའི་ཞལ་ངོ་གཡོགས་སོང
མཚོ་མཐའི་སྨུག་སྤྲིན་གསེབ་ནས
ཀོ་གྲུ་གཏོང་མཁན་གྱི་བྱིས་པ་ཞིག་མངོན་ནའང
དེ་ནི་འཁྲུལ་སྣང་གིས་བཞེངས་པ་ཡིན་གྱིས
ལག་པས་རེག་ཐུབ་བྲལ་འདུག
ཁྱེད་རང་ཁ་སྦུབ་ཏུ་འགྱེལ་ནས་ཅི་ཞིག་ལ་ཉན་པ་ནི
ང་ཚོས་རང་ཁྱིམ་ནས་མེ་སྦར་ཏེ
གླིང་ཕྲན་གཞན་ཞིག་གི་ཆེས་མཐའི་རྒྱལ་ཕམ་ལ
མནོ་བསམ་གཏོང་བ་དང་འདྲ་བོ་འདུག
གསལ་བཤད། སུ་རུ་ཡའི་བྱིས་པ་ཞིག་ནང་མི་དང་བཅས་བཙན་བྱོལ་དུ་འབྲོ་དུས་གྲུ་འགྱེལ་ནས་ཚེ་སྲོག་ཤོར་ཞིང་བེམ་པོ་ཐུར་ཁེའི་མཚོ་འགྲམ་ནས་རྙེད་པ་རེད། དོན་རྐྱེན་དེའི་སྐབས་སུ་ཁོའི་ཨ་མ་དང་ཕུ་བོ། གཅེན་མོ་བཅས་ཀྱང་རྐྱེན་ལམ་དུ་ཤོར་ནས་ཨ་ཕ་གཅིག་པུ་ལྷག་འདུག་ཟེར། བྱིས་པའི་མིང་ལ་ཨེ་ལན་ཁུར་རྡི Aylan kurdi ཟེར་ཞིང་ལོ་གསུམ་ཡིན་འདུག སྙན་ངག་འདི་ཨེ་ལན་ཁུར་རྡིའི་ལས་སྐལ་དང་མཚུངས་པའི་གནམ་འོག་གི་ཉེས་པ་མེད་པའི་བྱིས་པ་མང་དག་ཅིག་ལ་ཕུལ་བ་ཡིན།

སྙིང་བོ་མེད་པའི་ཉིན་ཞག་སྟོང་།
སྒེའུ་ཁུང་ནི་ལྕགས་ཀྱི་དྲ་བས་གཡོགས
ཉི་འོད་ནི་ཤེལ་ངོས་ལས་ལྷོད་ཙམ་ལྷོད་ཙམ་གྱིས་ནང་དུ་རྒྱུ
བྱིས་པའི་རྩེད་ཆས་དང
ཆུང་མའི་བྲང་ཁེབས
དྲི་མ་ཁ་བའི་རྐང་འབོབ
ཁ་མི་གྲགས་པའི་སྣོད་ཅ་ལག་གི་ཚོགས
ཚེར་མའི་མལ་གདན་ཞིག་དང་མཚུངས
ཕར་ལ་ཅི་ཙམ་གྱེས་རུང
བྲག་ཕུག་སྟོང་བ་ཞིག་ཏུ་བསྡད་འདྲའི་བདེ་བ་རྙེད་དཀའ
མི་མེད་དབེན་སྟོང་གི་ཡུལ་ཁམས་ཞིག་ལ་བསྐྱོད་བསམ་ནའང
ཁང་བ་འདིའི་སྒོ་གཅོག་དགོས་ཤིང
ཕྱི་སྒོ་ནང་སྒོ་གཉིས་བཅག་ཚར་ན
དེའི་ཕྱི་རོལ་གྱི་ལྕགས་ཀྱི་དྲ་བ་དང
གློག་གི་བརྙན་མིག་སོགས་ཀྱང་གཏོར་དགོས
དེ་ནས་སྐས་ཐེམ་རེ་རེ་ཞབས་ཀྱིས་བཅག་ན
སྒོ་སྲུང་བའི་ལག་གི་དབྱུག་པ་དང་ངག་གི་བཀའ་ཡང་བརྩི་དགོས
འགང་ཕྲེང་དེ་དག་ལས་རིམ་གྱིས་ཐར་རྗེས
སེམས་པ་གཅེར་བུ་ཞིག་བཟུང་ནས་གང་ལ་རྒྱུགས་ཨང
མི་ཚེ་འདིའི་ནང་ལ་དགའ་མྱོང་བའི་བུ་མོ་དེ་གློ་བུར་དུ་དྲན་སྲིད
བུ་མོ་དེ་རྙེད་པའི་དབང་དུ་བཏང་ནའང
ཁོ་མོས་བྱིས་པ་སྙིང་རྗེ་བོ་ཞིག་པང་ནས་ད་ལྟ་གཞན་ལ་སྒུག་སྲིད་དམ
ཕྱི་ནང་གང་ནས་བསྡད་རུང
མཚོ་ཆེན་དྭངས་མོ་ཞིག་གི་ངོགས་སུ་བསླེབ་པའམ
གངས་རི་དཀར་པོ་ཞིག་གི་རྩེར་བྱོན་པ་ལྟར
སེམས་ཀྱི་བདེ་བ་དངོས་མ་ཞིག་ཐོབ་དཀའ་བས
ཆང་རག་རྫོགས་མེད་པ་ཞིག་ལ་མགོ་བོ་གཏུག་ནས
འཁོར་བའི་ཟངས་ཆེན་གྱི་ནང་ནས་རང་ལུས་སྲེག་ཐུབ་བམ
དེ་ལྟར་ཀྱང་མ་ནུས་ཚེ
ཁྱིམ་གཞི་དང་བུ་ཕྲུག ཆུང་མ་དང་གྲོགས་པོ་ཚོ
རྒྱུས་མེད་པའི་མགྲོན་པོ་དག་ཏུ་འཁྲུལ་ངེས་པས
དཀར་པོ་ཆོས་ལ་མགོ་བསྙེས་ཏེ
འཇིག་རྟེན་མི་རྟག་པའི་གནས་ལུགས་ཤིག་རྙེད་ཐུབ་བམ
དེ་ལྟར་བསམ་རུང
འཆི་བའི་འོད་ཟེར་གྱི་རྣམ་ཤེས་སྒེའུ་ཁུང་ལས་རང་སར་མ་གྲོལ་ཚེ
ལྕགས་ཀྱི་དྲ་མིག་ལས་ལག་པ་བསྲིངས་ཏེ
ལྷོད་ཙམ་ལྷོད་ཙམ་གྱིས་རྒྱུ་བའི་ཉི་མའི་འོད་ཟེར་ཡར་བསྒྲིག་ནས
ལུས་སེམས་གསོ་བའི་ཐབས་ལ་རེ་ན
མི་ཚེའི་སྙིང་བོ་འདྲ་ཡུན་གྱིས་རྙེད་འོང་ངམ
དེ་ཡང་ནོར་བ་ཡིན་ན
འཆི་བ་ཞེས་སྒུག་ནས་སྡོད་དགོས་པའི་མགར་ཐབ་ཅིག་མིན་པར
ཕར་ལ་བཙལ་ན་རྙེད་འོས་པའི་ཕུན་ཚོགས་ཀྱི་སྒོ་ཆེན་པོ་ཞིག་ཡིན་པ་འདྲའོ

འཇིག་རྟེན་གནམ་གྱི་འོག་ན། *
འཇིག་རྟེན་གནམ་གྱི་འོག་ན
འདུ་བྲལ་ལས་གཞན
བགྲོད་ལམ་གསར་བ་ཞིག་མི་འདུག
འཇིག་རྟེན་གནམ་གྱི་འོག་ན
རྒྱལ་ཕམ་ལས་གཞན
དོན་སྙིང་གསར་བ་ཞིག་མི་འདུག
འཇིག་རྟེན་གནམ་གྱི་འོག་ན
འཁྲིག་སྤྱོད་དགའ་མགུ་ལས་གཞན
བདེ་བ་གསར་བ་ཞིག་འདུག
འཇིག་རྟེན་གནམ་གྱི་འོག་ན
སྙན་ངག་འབྲི་བ་ལས་གཞན
ཚོར་བ་གསར་བ་ཞིག་མི་འདུག
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་དཔོན་གནས་སུ་སོང་ཆོག
ང་ང་ཡི་མགར་ཁང་དུ་བུད་འགྲོ
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་སྙན་གྲགས་ཚོལ་དུ་སོང་ཆོག
ང་ང་ཡི་རོ་སྒམ་བཙལ་དུ་བུད་འགྲོ
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་ཚ་སྒོག་ཉོ་རུ་སོང་ཆོག
ང་ང་ཡི་ཆང་རག་ཉོ་རུ་བུད་འགྲོ
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་གཞན་ཡས་ཁང་དུ་སོང་ཆོག
ང་ང་ཡི་ནང་མ་ཁང་དུ་བུད་འགྲོ
2016 5 12
* གཅན་མེ་སྟག་གི་སྙན་ངག་ཅིག་གི་ཁ་བྱང་ཡིན།

ཚེ་སྲོག་གསར་བ་ཞིག་གི་འགྲེལ་བརྗོད།
__ བུ་ཆུང་དབང་གྲགས་ལ་ཕུལ་བ།
འདོད་པའི་རྩེ་དགའ་ལས
སྔོན་བསགས་བསོད་ནམས་ལས
འཁོར་བའི་བསླུ་བྲིད་ལས
མི་རྟག་སྒྱུ་མ་ལས
བདག་ལ་ཐོབ་པའི་ས་ཆེན་གྱི་གཤོག་པ
སྲིད་པ་གངས་རི་འདེགས་པའི་ལག་ཟུང་ཡིན
བདག་གིས་རྙེད་པའི་ལོ་རྒྱུས་ཀྱི་ཐམ་ཀ
མེས་པོའི་མཛད་འཕྲིན་སྐྱོང་བའི་དཔའ་མཛངས་ཡིན
ཡུལ་གང་དུ
གནས་གང་ནས
ཁེར་སྡོད་ཀྱི་སྣང་བས་ངལ་ཞིང་དུབ་ཚེ
གནམ་གྱི་བུ
ས་ཡི་ཏོག
གངས་དཀར་པོ་འདྲ་བའི་ཁྱེད
དྲན་པ་ཙམ་གྱིས་ང་ཡི་བདེ་སྐྱིད་ལ་རྫོགས་མཐའ་བྲལ

ཨང་ཀི་བཞི་བཀླགས་པ།
གླེགས་བམ་མཐུག་པོ་ཞིག་ལས་རྙེད་འདྲའི་ཨང་ཀི་འདི་དག
བོད་མིའི་སེམས་ངོར
སྐར་ཆ་རེ་རེའི་ནང་དུའང
འོད་སྣང་རེ་རེ་འགྱུར་གིན་འདུག
གྲི་རྣོན་པོ་ཞིག་གིས་གཏུབ་ཅིང་གཙབས་དགོས་པའི་བཀའ་སྒོས་ཀྱང
མི་རེ་རེའི་སེམས་ཀྱི་ཨང་ཀི་འདི་ཉིད
འཕུར་ཤེས་པའི་ཡིག་འབྲུའི་གཤོག་པ་དང་མཚུངས་བར
དུས་གསུམ་གྱི་བར་སྣང་དུ་ཤུགས་ཀྱིས་རྒྱུ
མ་འོངས་བར
ཨང་ཀི་འདི་དག་གིས་གནས་ལུགས་ཤིག་འཆད་རྩིས་ཡོད
རྡོ་གཡའ་མ་དང་ཁ་ཏ་ནག་ཆུང་གང་ཡིན་རུང
གློག་དམར་ཁྲོད་ཀྱི་བོའུ་སྐད་ལ་ཞེ་དྲག་དགའ་བོ་བྱེད་ཀྱིན་མེད
ཁྲག་མདོག་གི་ཞོགས་པས
མིའི་སེམས་ཀྱི་གཙང་བོ་དམར་པོ་བསྒྱུར་ནའང
ང་ཚོ་མི་རེ་རེའི་གདོང་ལ
གངས་ཀྱིས་བསྒོས་པའི་གཟི་འོད་ཅིག་འཁྱིལ་ངེས་ཡིན
ཤིང་རྟ་འཁོར་ལོ་ཞིག་དང་མཚུངས་པའི་ཨང་ཀི་འདིས
ཆ་རྒྱུས་མེད་པའི་ཐ་སྙད་ཀྱི་བང་མཛོད་ཅིག་དྲུད་དེ
ད་ནི་གཞི་ནས་རང་ཡུལ་དུ་ལོག་པའི
ཀྱག་ཀྱོག་གི་ལམ་བུ་དངོས་དེ་བདམས་ཟིན

ཆང་ལ་ཞེན་པའི་གྲོགས་པོ་ཁྱེད།
དྭངས་མོ་ཆང་ཕོར་གྱི་ཁ་ན་རྩེན་པའི་ཝུ་བ་སོབ་སོབ
ཡང་མོ་རླུང་གིས་སྒུལ་བའི་དར་ལྕོག་ཁྲ་ཁྲ
འདོད་པའི་མེ་ལ་ལྕེབས་པའི་ཕྱེ་ལེབ་ཤི་བོ
འཆད་པ་གཞན་ལ་བསྟེན་པའི་སྨྲ་མཁས་ནེ་ཙོ
འདུན་པ་ཆང་ལ་བསྲེས་པའི་རྫ་བུམ་ཆགས་པོ
མི་ཚེའི་བགྲོད་ལམ་དོར་བའི་བཙོན་མ་ཁེར་འགྲོ་ཞེས
མཚུངས་པ་གསལ་བྱེད་སྒྲ་འདི་དག་གིས
ཁྱེད་རང་མཚོན་པར་ནུས་པས
སྐྱེས་བོ་རེ་རེའི་སེམས་ན
རང་བཞིན་ཁྲོག་པོ་རེ་རེ
མངར་མོ་ཆང་གི་མདུན་ན
སྨྱོན་པའི་ལབ་རྡོབ་རེ་རེའོ
ད་ལྟ
ཁྱེད་ཀྱིས་རང་ཉིད་ཤེལ་དམ་ཞིག་ཏུ་བླུགས་ཚར་བས
ལྟད་མོ་བས་ཧབ་ཆ་དི་རེར་ཐལ་མོ་རྡེབ་ཀྱིན་འདུག
ཁྱེད་ཀྱིས་གསར་གཏོད་ཅིག་གི་སླད་དུ
རུས་རྐང་ཆང་གིས་བརླན་པར་བྱས་པ་ཅི་ཞིག་ཉེས།

གཞིས་ཀ་ཞིག་དང་བྲལ་བ།
ཅ་ལག་དང་རྒྱུ་དངོས་ཡོད་ཚད་བསྡུ་གསོག་རྒྱབ་ཚར
འཐུང་འཕྲོར་ལུས་པའི་ཆང་དམ་དག་ཕྱི་ལ་གཡུགས
གློག་རིན་ཆུ་རིན་སྤྲད་པའི་འཛིན་ཡིག་ཁང་བདག་ལ་སྤྲད
དཔེ་དེབ་ཐ་དག་སྣོད་དུ་བཅུག་ཏེ་ཁྱིམ་མཚེས་ལ་བཅོལ
མདུན་ཅོག་དང་བརྙན་འཕྲིན་སོགས་གཞན་ལ་བཙོང
དཀར་ཡོལ་དང་རྫ་མ དེམ་སོགས་ཤོག་སྒམ་ཅིག་ཏུ་བརྫངས
ཚ་སྒོག་གཡེར་གསུམ་བླུགས་པའི་སྣོད་ཅིག་ཐབ་ཚང་དུ་བསྐྱུར
མགོ་སྨན་དང་སྙིང་སྨན་མང་པོ་གད་སྙིགས་ཀྱི་སྒམ་དུ་བླུགས
འཕྲིན་ཡིག་དང་རྩོམ་དེབ་རེ་གཉིས་མེ་ལ་སྲེག
སྒྲ་སྡུད་འཕྲུལ་ཆས་དང་ཁ་པར་གྱི་སྐུད་པ་སོགས་རྒྱབ་ཁུག་ཏུ་བཅུག
ཁ་བཏོན་དང་ཕྲེང་བ་གཉིས་འབྲི་དེབ་ཀྱི་གསེབ་ཏུ་སྦས
གྱང་ངོས་སུ་སྦྱར་བའི་པར་ཚོམས་ལས་དགེ་ཆོས་ཀྱི་པར་དེ་བླངས
མེ་ལོང་དང་སྲུང་ཤུབས་ཐུམ་གཅིག་ཁང་བདག་མར་གནང་སྦྱིན་དུ་བྱིན
ཆུ་དང་གློག་སྒོ་རྒྱབ་ནས་ང་རང་སྒོ་ཕྱིར་བུད་མ་ཐག
ངག་མི་སྨྲ་བའི་གྲིབ་གཟུགས་ཤིག་ཁྱིམ་དེར་འཛུལ་བ་མཐོང
ངས་དེ་རང་གི་གྲིབ་མ་ཡིན་པར་ཐེ་ཚོམ་ཟོས་ཏེ་ཅུང་ཟད་ཧད
དྲན་པ་སོས་པའི་དུས་ལ་ང་རང་མི་ཚོགས་ཀྱི་ཁྲོད་དུ་གཅིག་པུར་ལུས
ཁྱེད་རང་གང་ལ་འགྲོ་བ་ཡིན ཁྱེད་རང་གང་དུ་སྡོད་པ་ཡིན
འདི་འདྲའི་དྲི་བ་ཞེ་མེར་བ་དག་གིས་ང་རང་ཕོངས་བར་བྱེད
བུད་མེད་མཛེས་མ་ཞིག་གིས་བྱིས་པ་གཅེར་བུ་ཞིག་པང་བ་མཐོང་བས
ངས་ད་གཟོད་རང་སེམས་ཀྱི་མདུད་པ་ཡུན་གྱིས་བཀྲོལ་བར་བྱས
ངལ་དུབ་ཀྱིས་དབང་གིས་ང་རང་ཙོག་པར་བསྡད
ངས་རང་གི་སེམས་དང་རྐང་ལག་འཇོག་སའི་ཁང་བ་གཞན་ཞིག་ཡོད་པ་དྲན
དྲན་ཡང་གནས་དེ་འཇིག་རྟེན་གྱི་ཁམས་ཡངས་པོར་འདི་རུ་མེད་པའང་ཚོར།

གངས་དཀར་གཡང་འཛོམས།
མིང་འདི་མེ་ཏོག་གི་འདབ་མའི་སྟེང་ན་ཡོད
མིང་འདི་འཇའ་ཚོན་གྱི་གུར་ཁང་དབུས་ན་ཡོད
མིང་འདི་རྨི་ལམ་གྱི་སྤྲོ་དགའི་ཀློང་ན་ཡོད
མིང་འདི་སུས་ཀྱང་བསུབ་དཀའ་བའི་བདག་སེམས་ཀྱི་མདུད་པའི་ཁྲོད་ན་ཡོད
མིང་འདིས་ང་རང་བཙོན་ལ་བཅུག་མྱོང
མིང་འདིས་ང་རང་སྨྱོན་པར་བཏང་མྱོང
མིང་འདིས་ང་རང་ལྐུག་ཏུ་བཅུག་མྱོང
མིང་འདིས་ཡང་ཡང་བསླུས་པས
སྐྱིད་རེ་སྡུག་རེ སྐྱ་རེ་སྔོ་རེ
རི་མོའི་མར་མེ་འདྲ་བ
ཆུ་མེད་ཁྲོམ་པ་འདྲ་བ
ནེ་ཙོའི་སྨྲ་བརྗོད་འདྲ་བ
སྒོ་ཁྱིའི་ཟུག་སྐད་འདྲ་བ་དེ་ང་རང་ཆགས་སོང
ངའི་རྣམ་ཤེས་ཀྱི་སྟེང་ལ་སིམ་པ་དེ
ངའི་སྤྲང་ཁུག་ལས་བོར་ཟིན་པ་དེ
གངས་དཀར་གཡང་འཛོམས་ཞེས་པའི་མིང་ཡིག་འདི་ཡིན།

རློམ་རྒྱུ་ཞིག་མི་འདུག
ཁ་སང་གི་ཚ་དྲོད་དེ་འདྲ
དབྱར་དྲུག་པ་མ་གཏོགས
རྒྱས་མི་སྲིད་པ་ཞིག་ཡིན
ཨ་ཁ་ཁ
དེ་རིང་གི་འཁྱག་རླུང་འདི་འདྲ
དགུན་བཅུ་བ་མི་གཏོགས
གཡུག་མི་སྲིད་པ་ཞིག་ཡིན
ཨ་ཁ་ཁ
ད་དངོས་ནས་རློམ་རྒྱུ་ཞིག་མི་འདུག
ཁྱེད་འགྲོ་ཁར
ཆར་དང་ཉི་འོད་དང་ལྷན་དུ་བབས་བྱུང
མེ་དང་ཁ་བ་ཡང་མཉམ་དུ་འབར་བྱུང་།
2016 5 12

བར་ཐག་དང་ངང་སྒུག་གི་གོ་རིམ།
Vickyལ་ཕུལ་བ།
མེས་མི་འཚིག་པའི
ཆུས་མི་འཁུར་བའི
རླུང་ལ་མི་འགྲོགས་པའི
ས་ལ་མི་འབབ་པའི
ལྗིད་ཡོར་ཡོར་བ་འདི་འཁྱེར་དུས
ཤུགས་ཅི་ཙམ་རྒྱབ་པའི་གོ་རིམ་ཧྲིལ་བོར
དུས་ཚོད་ཀྱི་རི་མོའི་ལམ་དུ
ཤིང་ལས་བྱས་པའི་སེངྒེ་ཞིག་འགྱིང་བ་དང་འདྲ་བྱུང
ལས་ཉོན་གྱིས་སྒྲིབ་པའི་བདག་གི་མཐོང་ལམ་དུ
ཆུ་ཤེལ་གྱི་གངས་རི་ཞིག་ཡང་ཡང་མངོན་ནའང
རྨི་ལམ་ག་ཙམ་རྨིས་པའི་མཐའ་མར
གངས་རི་འགྱེལ་ནས་ཁྱེད་རང་རྙེད་ཐབས་བྲལ།
ལས་ཀྱི་ཞགས་པ།
ལོ་ངོ་བཅུའི་རྗེས་སུ
གཟོད་ངས་ཁྱེད་ཀྱི་ཕྱེད་ཀ་མཐོང་སོང
ཕྱེད་ཀ་གཙང་མ་ཞིག
ད་དུང་གང་ཞིག་ཏུ་ཡིབ
སྐྱེ་བ་འདིའི་མཚན་མག་ཁྲོད་ཏུ
འདོད་པའི་མེ་དཔུང་གཉིས་ལྷབ་ལྷུབ་ཏུ་གཡོས་ཀྱང
འཆི་བདག་གི་རླུང་འཚུབ་འཇགས་དུས་ཤིག་ལ་མ་གཏོགས
སུས་ཀྱང་འཁོར་བའི་རྫི་བོར་ངོ་ལོག་བྱེད་པར་དཀའ
རི་རབ་ཀྱིས་བཅད་པའི་གནམ་སའི་མཚམས་སུ
ད་ལྟ་ང་རང་གཉིས་པོ་ཁ་རོག་གེར་བཞུར་ཞིང་གཡོ
ལོ་ངོ་བཅུའི་རྗེས་སུ
ལས་ཀྱི་ཞགས་པས་བཅིངས་བའི་ལམ་གྱི་རིང་ཐུང་ཡང
སུ་ལ་འདྲི སུ་ལ་འདྲི

བཞུར་དང་མ་བཞུར་བའི་མཚམས་ན།
__བོད་ཀྱི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ལ་ཕུལ་བ།
རྐང་འོག་གི་ས་གཞི་བཞུར་གྱིན་འདུག
མིག་མདུན་གྱི་གཙང་བོ་བཞུར་གྱིན་འདུག
གླུ་སྐད་ཀྱི་ཉིང་ཁུ་བཞུར་གྱིན་འདུག
རྣམ་ཤེས་ཀྱི་འོད་ཟེར་བཞུར་གྱིན་འདུག
དེ་ལྟ་ནའང མི་རེ་རེའི་སེམས་ཀྱི་སྡུག་བསྔལ་ཁོ་ན
སྙིང་གི་དབུས་སུ་ལྟེམས་མེར་འཁྱིལ་ནས་འདུག

བསྔོ་སྨོན།
ན་ཟུག་གི་གཏིང་རིང་ན་ལྷོག་ལྷོག་འབར་པའི
སྙིང་ནད་ཀྱི་གཤེད་པོ་ལགས
ཁྱེད་ཀྱིས་ང་རང གནས་ངེས་མེད་ཅིག་གམ
མི་རྒྱུས་མེད་ཅིག
ཡང་ན བེམ་པོ་བདག་མེད་ཅིག་ལ་སྦྱིན་རོགས
དེ་མིན རྐང་ལག་འདི་དག
འདོགས་སའི་ཡུལ་ཞིག་ཡོད་པ་ནང་བཞིན
སྡུག་བསྔལ་འདི་དག
བྱོ་སའི་སྣོད་ཅིག་དང
འཇིགས་སྐྲག་ཐ་དག
སྦ་སའི་དུར་སྒམ་ཞིག་ང་ལ་སྤྲོད་རོགས
ཨི་ཁུང་མང་པོའི་སེམས་ཁ་འདི
རང་གིས་མྱངས་པའི་སྡུག་བསྔལ་གྱི་དོ་ཟླ་ཡོང་དཀའ
གཞན་གྱིས་ང་ལ་སྤྲད་པའི་ཆག་རག་འདི
ངས་འདོད་ཡོན་བཀྲུ་བའི་ལྷའི་ཆབ་ཏུ་བསྒྱུར་དཀའ
ཚེར་མའི་སྟེང་ལ་ལྕེབས་པའི་འབུ་སྲིན་འདི་ནང་བཞིན
ང་རང་ཉི་འོད་དང་མུན་པ་འཇམ་པོ་འདིའི་ཁྲོད་དུ
སྙིང་ཉེ་བ་དག་གི་མྱ་ངན་དང་མིག་ཆུས་མ་བཀྲུས་པར
དམྱལ་ཁམས་གཞན་ཞིག་ཏུ་ལྕེབས་པར
རོལ་དབྱངས་དང་ཞབས་བྲོའི་ཅི་བྱ།

ཐོག་མའི་ཁ་དན།
ཁྱེད་ལ་ཆགས་པའི་ཞེ་སེམས་དམར་དམར་འདིའི་བཞུར་རྒྱུན་རྩུབ་པོ
འཇིག་རྟེན་གྱི་བྱ་དངོས་ཡོད་དགུའི་དོན་སྙིང་གང་གིས་ཀྱང་མཚོན་པར་མི་ནུས
འཇམ་ཐིང་ངེར་གནས་པའི་རི་རབ་ཀྱི་རྔམ་བརྗིད་འདི་དག་ཀྱང
ཚིག་རློན་པ་ཞིག་གི་བར་དུ་བཅུག་ན་ཉམ་རེ་ཆུང
དེ་ལྟང་ནའང འཁོར་བ་ཟེར་བའི་ཕ་བོང་ཆེན་པོ་འདིས
ང་ཚོ་ཡུན་གྱིས་བཙིར་བཙིར་ནས་བཀད་དུ་བཅུག་སོང
སྐམ་ཐན་གྱི་གདུང་བས་མནར་བའི་བླ་སྲོག་དེ་དག་ཀྱང
རུས་སྒྲོམ་སོབ་སོབ་ཀྱིས་འབྱུང་བཞིར་ནུབ་པར་ཡ་རེ་ང
དམ་ཚིག་གི་རྡོ་རིང་ལས་གྱེས་པའི་འདུ་བྲལ་གྱི་དུས་ཚིགས་འདིར
ཁྱེད་ཀྱི་རྣམ་ཤེས་ཀྱི་འདོགས་ཐག་ངའི་ལག་ནས་ཆད་སོང
མྱ་ངན་ལེབ་མོ་རེ་རེའི་ཁ་དོག་ས་གཞིར་བབས་ཏེ
བདག་སེམས་ཀྱི་རི་ལུང་ལ་གསེར་མདོག་གི་སྡུག་བསྔལ་རྩེག
བདག་གི་ལག་པས
ཁྱེད་ཀྱི་བདེ་སྐྱིད་ཟབ་མོའི་ཉི་འོད་ལ་རེག་ཙམ་ཡང་བྱེད་མ་ཕོད
(བློས་བཏང་གི་རྟོག་རྒྱུན་འདིས
མནར་གཅོད་ཐམས་ཅད བདེ་བ་དང་དགའ་བའི་མཐའ་ཐུག་ལ་བཞག)
ང་ཡི་འདོད་པའི་འཇའ་ཚོན་གྱི་གཤོག་ཟུང་གཉོམ་པོ
ཁྱེད་ཀྱི་སྙིང་ཁ་ནས་མཆེད་པའི་སྡུག་བསྔལ་གྱི་མཆི་ཏོས་ཡོངས་སུ་སྲེག
དུས་ཚོད་ཀྱི་མགྲིན་པ་ལས་བྱུང་བའི་ཀི་ཅོ་ཐ་དག་ནི
འཆི་བདག་གི་མལ་ཁྲིར་གཟིམ་པའི་ནད་པ་ཞིག་གི་འོ་དོད་དང་འདྲ་ཡི་འདུག
ངས་རང་གི་ལམ་ཕྲན་དང་མེ་ཏོག་རྣམས་རྟོག་བཟོ་བྱས་ཚར་ནའང
ཁྱེད་ཀྱི་གྲིབ་མ་ལས་མངོན་པའི་མཚན་མོ་རེ་རེས
བདག་ལ་སྟ་གྲི་དང་དུག་ཁུ་སྤྲད་ནས་རང་སྲོག་གཅོད་པར་སྐུལ
ཁྱེད་ང་དང་བྱེས་པ་ནི་ཨུ་ཚུགས་ཤིག་གི་མཐའ་སྡོམ་ཡིན་ཀྱང་སྲིད
ཁྱེད་ང་དང་གྱེས་པ་ནི་བདེ་སྐྱིད་ཅིག་གི་མགོ་ཁུངས་རྙེད་པས་ཡིན་ཀྱང་སྲིད
ངས་རང་ལུས་འདི་ཆེས་དྭངས་གཙང་གི་པིར་སྨྱུག་ཅིག་ཏུ་བྱས་ཏེ
ཆེས་ཐོག་མའི་ཁ་དན་དེའི་མིང་ལ“ལྡོམ་བུ”ཞེས་བོས་པའང
མགོ་བོ་འདི་སར་དྲུད་ནས་ར་བཟི་བ་ལས་སད་ཐབས་མ་བྱུང་བ་ཡིན་ནོ
ཀཱ་ལི་དཱ་ས།
བ་ལང་གིས་བསྐྱངས་པའི་བདག་མེད་ཀྱི་དྭ་ཕྲུག
གཟུགས་བཟང་ཡང་བློ་རིག་གིས་སྟོང་བའི་བླུན་པོ
དཔྱིད་ལྡན་མའི་ལུས་ཀྱི་དྲི་ཞིམ་རྙོག་མཁན
ལྷ་མོ་ཀཱ་ལའི་རྐུབ་ལ་འབྱར་བའི་སྲིན་འབུ་ནག་པོ
བཙུན་མའི་སྐྱེ་གནས་ལས་རྙེད་པའི་སྨེ་བ་དེ་ཡག་ཨང
འདོད་ལོག་སྤྱད་པའི་ཉེས་མིང་གིས་ཁྱེད་ལ་བལྡག
ནགས་ཚལ་གྱི་ཆུ་ཕྲན་བཏུང
སྤྲིན་དཀར་གླང་ཆེན་འདྲ་བ་མཐོང་ནས་གདུང་བས་མནར
འདོད་པའི་བདེ་བ་སྤངས་པས་ལུས་སེམས་སྡུག་བསྔལ་གྱིས་གཙེས
དཔུང་བའི་བར་དུ་རྒྱུ་བར་བྱེད་པའི་གསེར་གྱི་གདུ་བུ་དག་ནི་ཤིན་ཏུ་ལྕི
ནགས་ཚལ་གྱི་མཁའ་ལ་རྒྱུ་བའི་སྤྲིན་ཕུང་གིས་ཁྱེད་ཀྱི་སེམས་པ་བཏེགས
ཚེ་སྲོག་ལ་བདེ་དྲོད་དང་འོད་སྣང་སྟེར་བའི་འདོད་ལྡན་བུ་མོ་སེམས་ཀྱི་དབུས་ནས་བསྒོམས
ཉིན་དང་མཚན་ལ་སྨྲེང་བའི་གཟོད་མེད་ཀྱི་ན་ཟུག་དེས
སྤྲིན་གྱི་ཕོ་ཉ་བགྲོད་པར་གཅེས་པའི་སྲོག་གིས་རམ་འདེགས་མཛད
སྙན་འགྱུར་ངག་གི་བདག་མོས
ཁྱེད་ལ་དངོས་གྲུབ་ཀྱི་བདུད་རྩི་ཅི་ཞིག་གནང་བ་སུ་ལ་གསལ
བསྐལ་པའི་བར་དུ
ཇི་ལྟར་སྤྱད་ཀྱང་ཚིམས་དུ་མེད་པ་ཁྱེད་ཀྱི་རོ་བརྒྱ་ལྡན་པའི་སྙན་ཚིག་ཉིད
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།