
__ནག་པོ། མིང་དངོས་ལ་དགའ་བདེ་ཚེ་རིང་ཟེར། སྙན་ངག་དང་འཁྲབ་གཞུང་། གླུ་ཚིག་སོགས་མང་པོ་བརྩམས་ཡོད་ཅིང་། བརྩམས་ཆོས་མང་པོ་དབྱིན་ཇི་དང་། ཧྥ་རན་སི། ཉི་ཧོང་། ཡུ་གུར། སོག་པོ་སོགས་ཀྱི་ཡི་གེར་བསྒྱུར་ཡོད།
གེ་སར་རྒྱལ་པོ།
ཕ་གིའི་ཕོ་བྲང་ནག་པོའི་སྟེང་གི་དར་ཆ
ཁྱེད་ཀྱིས་བསྒྲེངས་པ་ཨེ་ཡིན་ནམ
གྲི་དངོའི་འོ་དོད་དེ་དག
རླུང་ནང་གི་གཟུགས་བརྙན་ཇི་བཞིན་ཁྲག་ལས་འགྱེལ་དུས
ཉེ་འཁོར་རུ་ཚ་སྨུག་ཅིག་འདུག་གམ
ཡང་དང་བསྐྱར་དུ་ས་ལ་འགྱེལ་བའི་བེམ་པོ་དག་གིས
ངའི་རྣམ་ཤེས་གཏོང་རོགས་ཟེར་བཞིན
པུས་མོ་སར་བཙུགས་ནས་ཞུ་བ་བྱེད་སྲིད་དམ
སེང་ལྕམ་འབྲུག་མོ་བོར་ཚར་དུས
ཕ་རོལ་བོ་ནི་རྒྱལ་ཕྲན་མི་འདྲ་བ་ཅི་ཙམ་ཡིན་པ
གོང་སྨན་རྒྱལ་མོའི་ལུང་བསྟན་དུ་བབས་ཡོད་དམ
མཛེས་སྡུག་མཚོན་བྱེད་ཀྱི་བུད་མེད་དེ
དཔེ་ཆ་དང་ལྡེབས་རིས་ངོས་སུ་མཐོང་མྱོང་བའི
ཧོར་གུར་དཀར་གྱི་འགུལ་གྱིན་པའི་ལྕེ་བར་ནས་མྱངས་འདོད་པའི
ལན་རེར་ཏིག་ཏའི་དྲི
ལན་རེར་ཙན་དན་གྱི་དྲི་ལྟ་བུའི
སྨན་ཆུང་དེ་དྲན་སྲིད་དམ
བར་དོ་སྒྲོལ་ཐུབ་མིན་ལ་དོན་སྙིང་མི་འདུག
ལག་སྙོབ་གང་འདོད་དུ་བྱས་ཀྱང
ར་རོར་གྱུར་པའི་མིག་གི་ལྟ་ཕྱོགས་ཀྱིས
གླིང་དཀར་སྟོད་ནི་གཏིང་ཟབ་ཀྱི་མུན་པ་ཞིག་ཏུ་ཆགས་འདུག་པས
རྐྱང་རྒོད་གཡེར་བའི་སྟེང་ནས
ཁྱེད་ཀྱི་ཤ་ཆང་སྤྱོད་མཚམས་བཞག་ནས་བརྩེ་གཞས་ཡང་ཡང་བཏང་བ་ནི
མེ་བཟའ་འབུམ་སྐྱིད་དྲན་པས་ཡིན་ནམ
རྙིད་ལ་ཉེ་བའི་མེ་ཏོག་ཆུན་པོ་འདིར
དུས་ཀྱི་ཆར་སུ་མ་བསུ་བར་ཚོད་ཚོད་ལ་སྐམ་དུ་བཅུག་པས
ཁྱེད་རང་འབྲོག་སྡེ་རེ་རེ་མྱུལ་ནས
ཕྱོགས་བཞིའི་དགྲ་བཞི་བཏུལ་རུང
སྙན་ངག་པ་ཞིག་གི་བརྩམས་ཆོས་ཀྱི་ཆུ་ཁར་གཡེང་ནས
དབུགས་ཀྱི་རྒྱུ་བ་འགག་འདུག
འཆི་ཁ་མར་གཟུང་སྔགས་གོ་དཀའ་བ་ཞིག་ཟློ་བར་བྱེད་ཀྱང
མ་འགག་བཟས་ཐོས་མ་བྱུང
2016/5/17

ས་བོན།
མེ་སྟག་གཉིས་ཀྱི་གཙུབ་བརྡར་ལས
རླུང་གི་སྒྲ་དབྱངས་ཐོས
སུ་ཞིག་གིས་རྒྱབ་ཕྱོགས་ནས་ང་རང་འབོད་པ་དང་འདྲ་ལ
ངས་ཁོ་ལ་ཅི་ཞིག་འཆད་སྲིད
ཉི་མ་ལྷ་ས་ནས་རྙེད་པའི་ནོར་བུ
སྡོད་ཁང་གི་ཉིན་སྲིབ་ནས་འཚོལ་གྱིན་པ་དེར
ཕོ་མོའི་དབྱེ་བ་མི་འདུག
སྐྱེ་བ་དུ་མའི་རྨི་ལམ་མཚམས་བཞག་པ་ཙམ་གྱིས
ལུས་ཀྱི་ས་རྡུལ་དཀྲུག་དཀྲུག་བྱས
ཁྱེད་རང་བྱོན་པ་ལེགས
2016/5/16

ཆབ་ཆའི་སྙན་ངག
༡
བདེ་སྐྱིད་ཐང་ནས་མོ་ཊར་ཆག་སྐྱོན་བྱུང
ཉི་མར་ལྡེའམ རླུང་གི་རྩེ་མོས་ང་ལ་ཡང་ཡང་བསྣུན
བྲོ་ཁ་བོར་ཚར
ཕ་གི་རྟ་ཕོའི་རྒྱབ་ལ་ཁ་བ་སྟུག་པོ་ཞིག་བབས
པཎ་ཆེན་སྐུ་ཕྲེང་བཅུ་བ་ལགས་ཀྱིས
གཉེན་ཉེ་ཁྱོད་གང་དུ་ཆས་སོང་ཟེར
༢
སྐད་ཅིག་མའི་རླུང་བུ་དེས
མེ་ཏོག་རྙིད་པ་ཅིག་ལ་བལྡགས་ནས་ཡར་བསླངས་ནའང
རང་བཞིན་གྱི་ཉིན་གཅིག་དུས་ཚོད་ནང་བཞིན་གྲུབ་པས
མེ་ལྕེར་གཡོལ་བར་བྱེད་པའི་སེམས་ཀྱི་འདོད་སྲེད
རྨི་ལམ་ནས་བོར་བའི་སྡོམ་པ་ཇི་བཞིན
ཕ་རོལ་བོའི་གདོང་ནས་མངོན་ཐུབ་བམ
༣
སྡོད་མི་ཚུགས་པའི་ཞོགས་པའི་དུས་སྐབས་ཅིག་ལ
འཁྲབ་གཞུང་ཞིག་བྲི་བར་འདོད་དེ
ཤོར་དཀར་གྱི་ངོས་སུ་ཡང་ཡང་བཅར་ནའང
ཐ་སྙད་ཁ་ཤས་རྟ་ཕོ་བཞིན་འཚེར་བ་ལས
སྡོད་ཁང་གི་ནང་དུ
རེག་ཐུབ་པ་ཞིག་སྟོང་བ་ཉིད་ལས་མི་འདུག
༤
མེ་ཏོག་འཁྱགས་པ་དག་གད་སྙིགས་སུ་དོར་ནས
ཉི་འོད་ནང་དུ་ལག་པ་བསྲིངས་ཙམ་བྱས
ཆུང་མའི་རྨི་ལམ་དུ
མེ་ཏོག་དེ་དག་བུད་མེད་གསུམ་དུ་གྲུབ་པ་དང
ངའི་སྐེ་རུ་འཐམས་ནས་ཀུ་ཅོ་བསྒྲགས
ལྡེབས་རིས་ངོས་ཀྱི་ཁྱེད་ནི
ཆང་ཁང་ཞིག་ནས་མཐོང་བ་ལྟར་འཛུམ་ཙམ་བྱས
༥
ཆབ་ཆ་ནས་ཡུན་རིང་ཞིག་ལ་འདུག་ཁོམ་མ་བྱུང
ལམ་བར་གྱི་རྙེད་འདོད་པ་དག་ཀྱང་རེ་རེ་བཞིན་བོར་སོང
མགྲིན་པ་གཟེངས་སུ་བཏེགས་ནས་གཞས་ཤིག་བཏང་བའང
བགྲེས་པོ་ཞིག་གི་རྣ་ལམ་ནས་བོར་སོང
རྒྱང་རིང་ཞིག་ནས་ཕྱིར་ལྟ་བྱེད་དུས
ཉེན་རྟོག་པ་ཞིག་གིས་ག་ལེར་ཕེབས་གསུང་བྱུང
2015/12/28ཉིན་ཟི་ལིང་དུ།

ལྷ་སའི་སྙན་ངག
༡
འབྲི་གུང་གཙང་པོས་རྒས་འཁོགས་ཀྱི་ས་འདི་སྦང་བ་བཞིན
ལྷ་སར་ཉེ་དུས་དབུགས་གཙང་མར་གྱུར
རྩེ་སྐོར་ནས་གཙུག་ལག་ཁང་གི་རྒྱ་ཕིབས་མཐོང་དུས
ཕྱག་ཕྲེང་རྙིང་པ་དེ་ལ་རེག་འདོད་ཅིག་མི་འདུག
མེ་འཁོར་གྱིས་དྲུད་ཡོང་བའི་ང་ཚོར་མཚོན་ན
སྟོད་གཞས་ནང་གི་པོ་ཏཱ་ལ་མཐོང་ཐུབ་མི་འདུག་སྟེ
ཁ་གྲགས་པ་ཙམ་ནས་ཇ་མངར་མོ་ཧུབ་འཐུང་བྱེད་དུས
ཉང་བྲན་གྱི་བུ་མོ་དེ་ཟས་ཅོག་གི་མཐའ་རུ་རྦད་དེ་ཧད་འདུག
༢
ཕོ་བྲང་དམར་པོའི་རྒྱབ་ལོགས་སུ་ཉལ་འཕྱི་བར་གྱུར་དུས
སྡེ་སྲིད་ཀྱི་མིག་ཆུ་ནི་མཆོད་མེ་ཞིག་ཏུ་འཁྲུལ
གློ་བུར་ཏུ་ཆུང་མའི་དྲན་པ་ཇེ་གསལ་ཏུ་སོང་སྟེ
རྟ་ཕོ་ཁྱུ་གཅིག་གི་སྡུག་བསྔལ་མ་ལུས་པའམ
དར་ཟབ་གྱིས་རྒྱན་པའི་སྦལ་གདོང་མའི
བགྲང་མི་ཚར་བའི་སྐྱོ་གར་སྐོར་ཀྱང་འདྲི་རྒྱུ་བྱུང
༣
བར་སྐོར་གྱི་གསང་བའི་སྒེའུ་ཁུང་མཐའ་རུ
ངས་ལྷ་སའི་སྦི་རག་འཐུང་བའི་གྲིབ་མ་སུས་མཐོང་སོང་ངམ
གཡག་མགྲོན་ཁང་གི་སྒོ་མདུན་དུ
ངས་ཇོ་ཇོའི་དངོས་ཟོག་རེ་རེ་མིག་ལམ་ལ་མངོན་ཡོང
ཀོ་གྲུ་གཏོང་བར་དགའ་བའི་མེས་པོ་རྣམས་ཀྱིས
གཟའ་ཕུར་བུའི་ངའི་སེམས་ཁམས་འདི་ཚོར་སྲིད་དམ
༤
ཇོ་མདུན་ནས་མིག་ཟུང་བཙུམས་ཏེ
སྨོན་འདུན་གཙང་མ་ཤུར་ཤུར་ལབ་ནའང
འཁྱག་པའི་སྟེང་དུ་བགྲོད་པ་བཞིན
གོམ་པ་གང་རེ་མདུན་དུ་སྤོས་ན་སེམས་པ་འདར་འདར་བྱེད
༥
ཞི་དུལ་གྱི་རྨི་ལམ་མཚར་བོ་འདི
སྟག་རྩེའི་ཨ་ཅག་དེས་འཆད་པ་སུ་ལའང་བཤད་མ་སྤོབས
སྐར་མ་ཨ་བརྟན་མཐོང་ཡོང་གི་འདུག
ཐག་རིང་དུ་ཡོད་པའི་ཚུལ་གྱིས་སྐབས་རེར་འཁྱུག་སྲིད་ནའང
གཡུ་ཡི་རྣ་ཆ་ཞིག་ཉོ་བའི་ཕྱིར་ཏུ
སྐྱ་རེངས་མ་གྲགས་གོང་ནས་ཚོང་ལ་ཉུལ་དགོས
བཙས་མེད་པའི་ངའི་བུ་མོ་ལ་གནང་ངམ
སྡེ་བས་གཞུང་བཞེས་གཏོང་བར་ཉར་ཚགས་བྱེད
༦
དྲན་པའི་ངོས་སུ་བསུབ་ཐབས་མི་འདུག
ཤ་དང་ཁྲག་དང་ཀེང་རུས་ཕྱེ་ལེབ་ཀྱི་གཤོག་པར་འབྱར
ནམ་མཁའ་ཡར་ལ་བལྟས་ནས་མིག་འཕུར་ཙམ་བྱས
འཆི་འཕོའི་སྐོར་ལ་རྩད་འདྲི་གནང་མཁན་མ་བྱུང
༧
གློ་སྙིང་མཆིན་གསུམ་འདུས་པའི་གཟུགས་དང་ཁ་དོག་སོགས
ནོར་བུ་གླིང་གའི་མཐའ་རུ་སྤྲད་དེ
གནམ་སྔོན་པོའི་ངོས་སུ་གསལ་ལེར་བཀྲམས
འབྲོང་གཡག་གི་དཔུང་ཚོགས་ཀྱང་དེའི་མཐའ་རུ་གཤར
སུས་ཀྱང་ཁེད་དཀའ་བའི་ངའི་གཞས་ཚིག་རིང་མོ་དེའང
ལུང་བསྟན་དུ་ཡང་ཡང་བབས།
༨
དྲི་བ་དྲིས་ལན་གྱིས་བསལ་བའི་ཚོགས་དྲུག་གི་དབུས་མཇལ་ཁྲོད
སྨྲ་ལྕེའང་རུལ་བར་ཉེ
སྐུ་མཁྱེན
སྐུ་མཁྱེན
2015/10/6ཉིན་བྲིས།
2015/10/26ཉིན་བཅོས།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།