
དར་རྩེ་མདོ།
མཚན་མོའི་ཡར་སྔོན་ཏུ།
མིག་ཕྱེས་ཀྱང་།
ཟླ་བ་ཤར་བ་མ་མཐོང་།
མཚན་མོའི་ཡར་སྔོན་ཏུ།
ངའི་སེམས་ན་འཇིག་རྟེན་ཞིག་ཡོད་སྙམ།
རླུང་གིས།
དར་རྩེ་མདོ་སྒུལ།
དར་རྩེ་མདོ་བུ་ཞིག བུ་མོ་ཞིག
ཐག་རིང་ཞིག
ངས་དྲན་ཙམ་གྱིས།
ང་དང་འཕྲད།
ངས་སྒུག་ཙམ་གྱིས།
ང་དང་གྱེས།
མཚན་མོའི་ཡར་སྔོན་ཏུ།
ངས་མིག་བཙུམས་ཀྱང་།
ཟླ་བ་དཀར་པོ་ཨེ་ཡིན།
མུན་ནག་གིས།
དར་རྩེ་མདོ་བཏུམ།
དར་རྩེ་མདོ་རི་ཞིག ཆུ་ཞིག
ཐག་ཉེ་ཞིག
ངས་སྨོན་ཙམ་གྱིས།
ངས་རྙེད།
ངས་གླེང་ཙམ་གྱིས།
ངས་བོར།
2015’12–2016’4—5’4

ཀ་བློན་སྦུག
གྲང་བསིལ་བསིལ།
ཆར་ཆུ་ཞིག
འདར་སིག་སིག
སྨུག་ལོང་ཞིག
མཐོང་དུས་ཐོས་དུས།
ཁྱེད་ནི་འབྲས་ལྗོངས་ཀྱི།
ཁྱེད་ནི་འབྲུག་ཡུལ་གྱི།
ཁྱེད་ནི་རྒྱ་གར་གྱི།
བྱུང་བྱུང་ཐམས་ཅད།
ངའི་སེམས་ལ་བྱོ།
རྐང་ལམ་གན།
རྐང་ལམ་གཞན་ཞིག
གྲོང་གསེབ་གན།
གྲོང་གསེབ་གཞན་ཞིག
ཡིན་ཡང ཆར་ཆུ་དང་སྨུག་ལོང་།
ང་འགྲོ་བའི་སེམས་པ།
ངས་རང་ལ་བཅོལ་ཡང་།
གང་ཡང་མེད་འདྲ།
ཅི་ཡང་མེད་འདྲ།
ཁྲག་དྲི་ཡལ་ན་ཡལ།
མིག་ཆུ་སྐམ་ན་སྐམ།
དོན་ངོ་མའི་ཁྱེད།
སུའི་རུམ་ན་ཉལ་ཡོད།
བརྩེ་དུང་ཟེར་བ།
གླུ་ཡིན་ནམ་བྲོ་ཡིན།
ཁྱེད་ཀྱི་མིག་ཟུང་།
ག་དུས་རུབ།
ཁྱེད་ཀྱི་གཅེར་གཟུགས།
ག་དུས་འགྱེལ།
དྲན་པར་ཐོགས་པའི་ཁྱེད།
ནམ་ཡང་ཀ་བློན་སྦུག་རེད།
2013’11—2015’08’8’13–23བར་གྲུབ།

ཆུ་སྒྲ།
ཁྱེད་ཀྱིས་སུ་ཁྲིད་ན་ཁྲིད།
ང་མི་འགྲོ།
ཁྱེད་ལ་ཕྱི་མིག་མེད་པས།
ང་ཤིན་ཏུ་ཕངས།
ཁྱེད་ནི་བཞུར་བཞིན།
སྐྱེལ་མ་ལྟར་བཞུར་བཞིན།
ངས་གླེང་མ་ཕོད།
དེ་ནི་འཇིག་རྟེན་བསྐོར་བའི་ལོ་ཞིག
རི་ཚོགས་ཁུ་སིམ་མེར།
ནགས་ཚལ་ཁུ་སིམ་མེར།
ཁྱེད་ཀྱིས་ཕྱི་མིག་བལྟ་རན།
ཁྱེད་ལ་བརྩེ་དུང་མེད་ཕྱིར།
ང་ཤིན་ཏུ་སྐྱོ།
2015’8’10—30

ཆར་བ་སྔར་བཞིན་ཤག་ཤག
ཆར་བ་སྔར་བཞིན་ཤག་ཤག
ཡུན་རིང་མ་མཐོང་བའི་ཟླ་བ་དེ།
གང་ན་ལྷག་ཡོད།
བོས་ན་བཙལ་ན།
མཇལ་སྐལ་གང་ཡིན།
ཟླ་ཚེས་གང་ཡིན།
ལན་ནི་མུན་པ་ལས་ཅི་ཡོད།
ཆར་བ་སྔར་བཞིན་ཤག་ཤག
དྲན་སྣང་གི་མི་དེ།
ངའི་གཉེན་ཉེའམ་ཁྱོད་ཀྱི་མཛའ་བོ།
རྩྭ་ཐང་ན་ཡོད་དམ།
ས་མཐའ་ན་ཡོད།
འཕྲད་པའི་སྟེས་དབང་བསྐོར་བ་གཅིག་བསམ།
བྲལ་བའི་མཐའ་མཇུག
དྲན་གདུང་ལས་ཅི་ཡོད།
ཟླ་བ།
ངའི་མཚན་མོ།
ཆར་བ།
ངའི་འཇིག་རྟེན།
དྲན་སྟངས་རེ་རེ།
ཁ་དོག་གང་ཡིན།
ཆར་བ་སྔར་བཞིན་ཤག་ཤག
2015’7’8—-7’15

མེ་ཏོག་ཐོར་ཤུལ་ཏུ།
སྦྲང་མས་སྐྱོ་གླུ་ལེན་བཞིན།
ཡང་འཕུར་སོང་།
རྟོག་བཟོའི་སྦྲང་མ།
གཤོག་པ་ཞིག་ཡིན་ནམ།
ཉི་མས་དབུགས་རིང་བསྟུན་ནས།
ཡང་བཞུད་སོང་།
རྟོག་བཟོའི་ཉི་མ།
འོད་ཐིགས་ཤིག་མིན་ནམ།
ཤུལ་གྱི་མཐའ་དག
འདར་འདར་ངང་།
ཡང་སུ་ཞིག་དུས་ཚིགས་འདི་རུ་འོང་།
ཤུལ་གྱི་ང་ཞིག
ཡང་སུ་ཞིག་དུས་ཚིགས་འདི་རུ་ལུས།
རྒྱང་གི་ཁྱོད་ཅིག
མ་གཞི་བཤད་མི་ཚར་བའི་སྒྲུང་ཞིག
2016’2
2016’5’1—-3

འཁྱམ་པོ།
ཉི་མ་མེ་ཡིན་ན།
མུན་པ་མེ་རུ་སྦར་རོགས།
གོམ་ཁ་གཅིག
ལམ་བུ་གཉིས།
ཟླ་བ་ཆུ་ཡིན་ན།
མུན་པ་ཆུ་རུ་བསྐྱུར་རོགས།
སྐྱེ་བ་གཅིག
ལས་དབང་གཉིས།
ཨོ ཤར་ན་མུན་པ།
མེ་མིན་པའི་ཉི་མ།
ཨོ ནུབ་ན་མུན་པ།
ཆུ་མིན་པའི་ཟླ་བ།
2016’5’2—8

མར་ཡུལ་མཚོ་མོ་རི་རི་འགྲམ་ནས།
ངས་ས་སྤར་གང་སྦར་ནས།
ཨམ་ཕྲག་ཏུ་བཅུག་མྱོང་།
ས་འདིའི་གླུ་ཡིས།
མངའ་རིས་སྐོར་གསུམ་ལ་ཁྲིད་ན།
ལམ་ཕྲ་མོ།
གཡས་འཁྱོག་གཡོན་འཁྱོག
ངས་ཆུ་ཁྱོར་གང་བཅུས་ནས།
ཧུབ་གང་མིད་མྱོང་།
ས་འདིའི་བྲོ་ཡིས།
མངའ་རིས་སྐོར་གསུམ་ལ་སླེབས་ན།
སེམས་སྐྱ་མོ།
ཡར་འཁྱམ་མར་འཁྱམ།
ངས་རི་རྩེ་མིག་ལ་བསུས་ནས།
དྲན་པར་སྦས་མྱོང་།
རི་འདིའི་གཟུགས་ཀྱིས།
མངའ་རིས་སྐོར་གསུམ་ལ་སྐྱེལ་ན།
ལུས་གཅིག་པུ།
རང་དབང་གཞན་དབང་།
མངའ་རིས་སུ་ཁ་བ་འབབ།
ཕོ་བྲང་གསུམ།
མངའ་རིས་སུ་ལྷགས་རླུང་ལྡང་།
རྒྱལ་སྲས་གསུམ།
མཐའ་མཇུག་གི་དབུགས་ཤིག་གིས།
མངའ་རིས་སྐོར་གསུམ་བགྲང་།
མཐའ་མཇུག་གི་རང་ཉིད།
མར་ཡུལ་མཚོ་མོ་རི་རིའི་འགྲམ་དུ་འགྱེལ།
2014’8མར་ཡུལ་ལ་དྭགས།
2015’1’3བཅོས།
རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།