
ཀུན་རྫོབ་འཁྲུལ་བའི་མགུར།
ཁྱེད་རང་སྤྲིན་པའི་ཆ་བྱད་དེ།།
བདག་གི་ཚ་བའི་ཉི་འོད་བསྒྲིབས།།
ཁྱེད་ནི་ཟིལ་བའི་ཆ་བྱད་དེ།།
བདག་གི་སྐོམ་གྱི་གདུང་བ་སེལ།།
ཁྱེད་ནི་དཔྱིད་ཀའི་ཆ་བྱད་དེ།།
བདག་གི་འཁྱག་རོམ་ཞུ་བར་མཛད།།
ཨ་ལ་ལ་སྟེ་ཁྱེད་ནི་མེ།།
གྲང་བའི་སྡུག་བསྔལ་སེལ་བ་བོ།།
ཨ་ལ་ལ་སྟེ་ཁྱེད་ནི་རླུང་།།
བྱིང་བའི་གཡང་ལས་སྐྱོབ་པ་པོ།
ཨ་ལ་ལ་སྟེ་ཁྱེད་ནི་ཆུ།།
དྲི་མའི་སྡུག་བསྔལ་སེལ་བ་བོ།།
ཨ་ལ་ལ་སྟེ་ཁྱེད་ནི་ས།།
བརྩེ་བའི་མྱུ་གུ་སྐྱོང་བ་བོ།།
ཨ་ལ་ལ་སྟེ་ཁྱེད་ནི་ཁྱེད།།
བདག་གི་སྡུག་བསྔལ་བསལ་བ་བོ།།
ནགས་ཀྱི་ཨུཏྤལ་དེ་ལ་སྡང་།།
མཚོ་བའི་པདྨོ་དེ་ལ་སྡང་།།
དབྱིངས་ཀྱི་ཚེས་རིས་དེ་ལ་སྡང་།།
ག་བུར་ཙན་དན་དེ་ལ་སྡང་།།
སྒོམ་གྱི་ཉིང་ཏིག་ཝ་ལེ་བ།།
ཏིང་འཛིན་པིར་གྱི་རྩེ་མོ་ལས།།
བྲིས་པའི་མི་གཡོའི་མཉམ་གཞག་ཅན།།
དབེན་པའི་ནགས་ཀྱི་ཁྱེད་རང་དེ།།
འབྱུང་བ་བཞི་ཡི་སྤྲུལ་བ་ཅན།།
ནམ་མཁའི་དབྱིངས་ཀྱི་ཁ་དོག་ཅན།།
བྱ་དང་བྱིའུའི་ཚོགས་རྣམས་ཀྱང་།།
ཁྱེད་ལ་དུངས་སམ་བདག་བློར་ཤར།།
རི་ཁྲོད་འཛིན་པའི་སྨུག་པ་ཡིས།།
སྒེག་པའི་ཉམས་ལ་ལྷ་ཚོགས་བརྒྱ།།
ཉེ་བར་འཁོར་བ་དེ་བདེན་ན།།
ཁྱེད་ཀྱི་དབེན་པའི་ནགས་ཚལ་དུ།།
ཌཱ་ཀིའི་ཚོགས་ཀྱང་ཉིན་མཚན་དུ།།
རྟག་པར་འདུ་བའི་འོད་ལྡན་པས།།
སྣང་བ་ཡན་པའི་སྙན་ངག་པ།།
བྱེ་བ་བརྒྱ་ཡང་འདུ་བར་ངེས།།
རྨི་ལམ་དེ་ཡང་དེ་བཞིན་དེ།།
སྒྱུ་མར་འཕྲུལ་བའི་སྣང་བ་ཞིག།
སྣང་བ་དེ་ཡང་དེ་བཞིན་དེ།།
ཁྱེད་རང་འཛིན་པའི་སྒོམ་ཆེན་ཞིག
སྒོམ་ཆེན་དེ་ཡང་དེ་བཞིན་དེ།།
ཁྱེད་རང་ས་ལ་སྨོན་པ་འོ།།
ལུས་ཀྱི་སྤྲུལ་བའི་ལྷ་ཚོགས་རྣམས།།
གཅིག་ཏུ་འདུ་ཞིང་གཅིག་ཏུ་གྱེས།།
བ་སྤུ་རེ་རེའི་རྩེ་མོ་ན།།
ཁྱེད་ནི་གཙོ་འཁོར་ཀུན་ཀྱི་བདག།
ལྷ་ཡི་ནང་གི་ལྷ་ཡང་ཡིན།།
མི་ཡི་ནང་གི་མི་ཡང་ཡིན།།
ཀླུ་ཡི་ནང་གི་ཀླུ་ཡང་ཡིན།།
སྣང་ཡང་ཁྱེད་ནི་སེམས་ནས་སྣང་།།
བྱོན་ཡང་ཁྱེད་ནི་སེམས་ནས་བྱོན།།
ཁྱེད་ནི་ང་དང་ཐ་མི་དད།།

སྐད་ཅིག་མའི་ཚོར་བ།
སེམས་ནི་རླུང་བཞིན་གཡོ་བ་ནི།།
རྒྱུ་དང་རྐྱེན་དེ་གང་ཞིག་ལགས།།
སེམས་ཀྱི་རང་བཞིན་གཡོ་བ་དེ།།
འཛིན་པའི་སྒོམ་དེ་ཅི་ཞིག་ལགས།།
འདི་ན་དམིགས་མེད་ནམ་མཁའི་དབྱིངས།།
མཐའ་དང་དྲི་མས་དག་པ་དེ།།
ནང་གི་དེ་ཉིད་མཚོན་པའི་སླད།།
སྒྱུ་འཕྲུལ་སྣང་བར་ཤར་རམ་ཅི།།
འདི་ན་མ་འགགས་ཡིད་ཀྱི་སྤྲིན།།
ནགས་ཀློང་བཞིན་དུ་འཁྲིགས་པ་ནི།།
རྟེན་འབྲེལ་འཆིང་བས་ཉེར་བཅིངས་པའི།།
བག་ཆགས་ས་ལེར་སྟོན་པ་ལ།།
སྒྱུ་མ་མཁན་པོས་སྤྲུལ་ལམ་ཅི།།
འདི་ན་སེམས་ཉིད་གདན་དུ་བཏིང་།།
ནང་གི་རི་མོ་གསལ་བོར་བྱས།།
བཅིངས་པ་ཐམས་ཅད་གྲོལ་བར་བྱས།།
རྣམ་ཤེས་གཏོལ་མེད་གང་སར་བཏང་།།
ཨེ་མ་འདི་ནི་བདེ་བ་སྟེ།།
གཉུག་མའི་ནམ་མཁར་འདྲིས་པ་ཡི།།
ཚོར་བའི་གཤོག་པ་གང་འདོད་བརྐྱངས།།

དབྱིངས།
ཚོར་བའི་ཀློང་ན་ཡན་པའི་སྨུག་པ་དེ།།
བདག་གི་སེམས་ཀྱི་ངོགས་སུ་འཁྲུས་ལ་རོལ།།
བསམ་མི་ཁྱབ་པའི་མིག་གི་གཡོ་སྟངས་ཀྱིས།།
མི་ཚེ་ཟིལ་བ་འཕྲོག་པའི་མཐའ་མ་རིག།
འདི་ནི་ང་ལ་མ་འདྲི་སེམས་ལ་དྲིས།།
སེམས་ཀྱི་མཐའ་དང་བྲལ་བའི་དབྱིངས་ལ་དྲིས།།
དབྱིངས་ཀྱི་སྐར་མ་འདར་བའི་ཚལ་ལ་དྲིས།།
སྐར་མ་འདར་བའི་རྒྱུ་དང་རྐྱེན་ལ་དྲིས།།

མེ་ལོང་ངོས་ཀྱི་ཟིལ་བ།
མཛེས་པའི་རླུང་དང་འདར་བའི་སེམས།།
སྤྲིན་གྱི་རྒྱ་མཚོར་ཐོགས་པའི་ཚུལ།།
མཐའ་དག་འཕྲིན་ཡིག་ལམ་ལས་ནི།།
ཁྱེད་ཀྱིས་མ་བཟུང་གང་ཞིག་ཡོད།།
འོད་ཟེར་ཀྱིས་ནི་ཉི་མ་འདར།།
ཨུཏྤལ་ཀྱིས་ནི་ཟླ་བ་འདར།།
བུང་བས་པདྨ་འདར་བར་བྱེད།།
ཁྱེད་རང་མ་འདར་གནས་གང་ཞིག།
ཆུ་བོ་ཡར་ཆབ་རླབས་ཀྱིས་འདེད།།
ངང་བས་གྲུ་གཟིངས་འདེད་པར་བྱེད།།
ཁྱེད་ནི་སྟེང་གི་གྲུ་མཁན་དེ།།
གར་དང་བཅས་ཏེ་བགྲོད་པ་ནི།།
ང་ཡི་སེམས་ཀྱི་ཕྱག་བརྒྱ་འོ།།
ལྗོན་ཤིང་ལོ་མ་སྙིང་རྗེས་དུད།།
གྲུབ་བསིལ་ང་ཡིས་གཡར་བོའི་གནས།།
བྱིའུའི་ཚོགས་ཀྱི་ཅ་ཅོ་ནི།།
སྟེང་ན་འཕུར་ཞིང་རྒྱུ་བ་ལ།།
རྣ་བ་མ་ལུས་ཕྱོགས་པར་འགྱུར།།
ཁྱེད་ནི་རིག་སྔགས་མཁན་ཞིག་སྟེ།།
རུས་པ་གཅོག་པའི་མཐུ་རྦད་ནས།།
ང་ཡི་ཚེ་ཡང་འབྲས་མེད་ཀྱི།།
གཙང་བོ་ཞིག་ཏུ་བསྐྱུར་བས་སོ།།
རྟ་མཆོག་གིས་དྲུད་ཤིང་རྟ་ཆེ།།
བདག་གི་དུར་དུ་འགྱུར་བར་སྨོན།།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།