སྙན་ངག་ཟེར་བ་སྒྱུ་མའི་རྫས་དང་མཚུངས།།
ཐུན་མོང་རྣམ་བཞག་ས་བཤིགས་རྡོ་བཤིགས་བྱེད།།
དཔེར་ན་རྡོ་དང་རྩིག་པ་ཟང་ཐལ་དུ།།
བརྒལ་བའི་རྣལ་འབྱོར་བ་ལྟར་ཆོས་ཉིད་ཀྱི།།
རྡོ་རྗེའི་མེ་དཔུང་དུམ་བུར་གཤགས་ནས་འགྲོ།།
ཁྱེད་རང་དངོས་ཡོད་གཟེབ་དྲར་བསྒོངས་བསྒོངས་ཏེ།།
སྒྱུ་མའི་དབྱིངས་ལ་ཞུགས་པར་འདོད་པ་ནི།།
བྱ་རྒོད་གཤོག་རྩར་ཕ་བོང་བཏགས་པ་བཞིན།།
འདོད་པའི་བྲག་ཏུ་བསླེབས་པ་ཉིན་སྐར་ཙམ།།
ཇི་ལྟར་མ་ངེས་གནམ་གྱི་ཐང་རུབ་དང་།།
མེ་ཕུང་དམར་དང་སྲབ་མདའི་རིང་ཐུང་སོགས།།
འདི་དང་འདི་ཞེས་ཚོད་ཀྱིས་མི་ཐིག་བཞིན།།
ངག་གི་ཁྱད་ཆོས་ལིང་ཚེར་དགོད་དུ་མེད།།
ཟབ་དོན་གླེངས་པ་ཙམ་གྱིས་མ་རེད་སྙམ།།
ཚིག་རྒྱན་བརྩེགས་པ་ཙམ་ཡང་མིན་པ་འདྲ།།
ཅིས་ཀྱང་ཤོད་དུ་མེད་པའི་ཅི་ཞིག་ནི།།
ཇི་ལྟར་བཤད་པ་དེ་ལ་རྩལ་ཞེས་བྱ།།
ཟླ་བ་གཅིག་གིས་ཆུ་རྫིང་སྟོང་ཕྲག་བཞིན།།
སྙན་ངག་གཅིག་ཀྱང་ཀློག་མཁན་སྣ་ཚོགས་ཀྱི།།
འཆར་སྒོའི་ཀློང་དུ་སྣང་ཚུལ་མི་གཅིག་པས།།
ཁྲིམས་ལུགས་ལྟ་བུའི་ཏག་ཏག་འདིར་ཡང་མེད།།
ཆོས་རྣམས་ཐམས་ཅད་བྲང་ལ་བྲང་སྤྲད་ལྟར།།
མཉམ་པོར་འབྱུང་བའི་ཚུལ་ནི་སྲིད་མཐའ་ཙམ།།
དེ་ཕྱིར་རང་གི་ཁམས་དང་མོས་པ་ལྟར།།
ཁ་དོག་རང་གིས་གདོམས་ཤིག་ཀློག་མཁན་ཀྱེ།།

༢
སྔ་དྲོའི་དུས་དང་ཕྱི་དྲོ་བཞིན།།
བདེན་དང་རྫུན་གཉིས་མ་འདྲེས་ཤིང་།།
ནམ་སྟོད་ནམ་སྨད་ཐ་དད་བཞིན།།
མི་དང་འདྲེ་གཉིས་ཕྱེད་པར་སྨོན།།
༣
ཀྱེ་མ་མདང་གི་གཉིད་མོ་ཆེའི།།
ཞབས་ནས་ཁྱེད་དང་འཕྲད་ཙམ་བྱུང་།།
ཚུལ་འདི་རྫུན་ལ་འཕྲིག་ཚུད་ཀྱང་།།
ད་དུང་རང་མགོ་སྐོར་ལ་བྲེལ།།
༤
སྔ་དྲོའི་དགའ་སྤྲོ་ཕྱི་དྲོར་རླུང་ལོག་ནས།།
སྡུག་བསྔལ་དག་གིས་དགྲ་བཞིན་འཐབ་པར་བྱེད།།
སེམས་ཀྱིས་ལག་པ་བསྲིངས་ཏེ་རྙེད་པ་ཡི།།
འཁོར་བ་འདི་ཀོར་ཡིད་བརྟན་ཇི་ལྟར་བྱ།།
༥
མེ་ཡིས་ཆུ་འཁྱག་ཁོལ་ཏེ་འཐུང་བ་དང་།།
ཀ་ར་བུ་རམ་བལྡགས་ནས་ཟོས་པ་ཡི།།
རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་འདིས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་བདེ་བྱུང་།།
ལག་པ་མེ་དང་འཕྲད་པས་ཨ་ཚ་ཟེར།།
རྐང་བ་རྡོ་ལ་ཐོགས་པས་ཨང་ཨང་ཟེར།།
མྱོང་བའི་སྟེང་དུ་དངོས་སུ་འཆར་བ་འདིས།།
ཐ་སྙད་ཚད་གྲུབ་འཇོག་པར་གོ་ཆོད་དམ།།
༦
གྲོག་མས་གཡག་ལ་དོར་བསྡོས་པ།།
རང་སྲོག་འཕྲོག་པའི་ཆོམ་པོ་ཉིད།།
དེ་བཞིན་ཤི་མིན་གསོན་མིན་གྱི།།
དགག་རྩོམ་བསྒྲིགས་པའང་དེ་དང་མཚུངས།།

༧
ཉིན་རྒྱུན་ངོ་ལ་སྡུག་བཟུང་སྟེ།།
ཚེ་ཡི་ཉི་མ་འཕུལ་པ་ལས།།
ཆུང་པོ་གྲོགས་དང་ལྷན་ཅིག་ཏུ།།
ཇ་ཟས་རོལ་བའི་ཆོ་ག་འཐད།།
༨
ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས།།
མཁས་པའི་རྩེ་ཕུད་འགའ་ཞིག་གིས།།
“སྐོམ་ན་ཇ་འཐུང”ཞེས་བྱའི་ཚིག།
དགོས་ཆེད་ལ་ནི་ཤུགས་ཀྱིས་བཞེད།།
སྤྱི་འགྲོས་ལྟར་ན་རྣམ་དབྱེ་གང་།།
སྦྱར་སའི་གཞི་དེའི་ཆེད་བྱ་བ།།
གང་ཞིག་བྱེད་པ་ལྟར་གྲགས་མོད།།
འོན་ཏེ་འདི་གའི་སྦྱར་གཞི་ནི།།
སྐོམ་མམ་དེ་འབྲེལ་གང་ཟག་གམ།།
སྔ་མར་ངེས་འཛིན་མི་གཏུབ་ཅིང་།།
ཕྱི་མའང་དེ་ཙམ་ཨེ་རུང་ངམ།།
དེ་བས་ཚུལ་འདི་རྣམ་འབྱེད་ཀྱི།།
རིག་པ་ལྡན་རྣམས་དཔྱོད་པར་འཚལ།།

༩
ཤེས་བྱ་རགས་མོ་ཕ་རྒན་གྱི།།
ངོ་རིས་བཞིན་དུ་རྒྱུས་ཆེ་ཡང་།།
ཞིབ་ཕྲའི་ཆོས་དག་རྣམ་འབྱེད་ཀྱི།།
རིག་པ་བྲལ་འདིས་གདུང་བར་བྱེད།།
༡༠
ཁ་ཅིག་ཕྱེ་ལེབ་ཁྱུང་དུ་འུར་བ་ཙམ།།
འགའ་ཞིག་གྲོག་མ་འབྲོང་དུ་བརྫུས་པ་ཙམ།།
སྣང་ཚུལ་ཇི་བཞིན་གནས་ཚུལ་ལ་ཡོད་པའི།།
དོན་མཐུན་མཁས་པ་ཉིན་མོའི་སྐར་མ་བཞིན།།
༡༡
ཀྱིག་རྩེ་མཉམ་དུ་བཤིབས་པ་བཞིན།།
རང་གི་འདོད་པར་མ་མཐུན་ཚེ།།
མདུང་དང་ཚེབ་ཀྱིས་རྒོལ་བྱེད་པའི།།
མི་ཆེན་དེ་ཚོར་ཕྱག་མི་བགྱིད།།
༡༢
ཆམ་པས་སྟན་ལ་རོ་བཞིན་བྱས།།
ཇི་སྲིད་ཉལ་བ་དེ་སྲིད་དུ།།
ཆམ་ངན་འདི་ནི་ཇེ་ཐུར་འགྲོ།།
དེ་བས་ཕྱག་འཚལ་དཔེ་ཀློག་བྱས།།

འདིར་སྨྲས་པ།
མགོ་བོ་ན་ནའི་བར་དུ་དཔྱད་པ་མིན།།
ཚིག་སྦྱོར་སྙིང་རྗེ་དྲས་ནས་བསྒྲིགས་པ་མིན།།
གང་ཤར་ཐོལ་བྱུང་རྩོམ་དུ་ཤར་བ་འདི།།
འཕྲོས་མོལ་ཟ་ཟི་ཙམ་གྱི་དོད་དུ་བགྱིས།།
ཤེས་བྱའི་སྤུ་རིས་འབྱེད་པའི་མེ་ལོང་མིན།།
དགའ་སྐྱོའི་སློང་རྐྱེན་བྱེད་པའི་སྙན་ངག་མིན།།
བར་མ་དོ་རུ་བརྩམས་པའི་སྣག་རིས་འདི།།
གདོང་འདེད་མ་བྱེད་ཟུར་དུ་སྐྱུར་དང་འགྲིགས།།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།