རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་རིང་མོ་པ་སངས།

313

13046328_1071221239602042_570807226_n.jpg

    པ་སངས།   (སྙན་ངག་རིང་མོ།

                           
            ཁག་དང་པོ།


གཙང་བོ་ཡོམ

པ་སངས་ཡོམ

གཙང་བོ  གཙང་བོ

པ་སངས་ཀྱི་མིག

པ་སངས་ཀྱི་རྣ་བ

པ་སངས་ཀྱི་མཆུ་སྒྲོས

གཙང་བོ་ཡོམ

པ་སངས་ཡོམ

པ་སངས  པ་སངས

མ་སྐྱོ་ཨང

མ་ངུ་ཨང

གཙང་བོ་ཡོམ

པ་སངས་ཡོམ

གཙང་བོ  གཙང་བོ

པ་སངས་ཀྱི་གྲིབ་མ

པ་སངས་ཀྱི་རྐང་རྗེས

པ་སངས་ཀྱི་རྨི་ལམ

གཙང་བོ་ཡོམ

པ་སངས་ཡོམ

པ་སངས  པ་སངས

ནམ་མཁའི་སྐར་མ

བྱེ་ཐང་གི་ས་རྡུལ

སྨུག་པའི་གསེབ་ཀྱི་གཞས་གདངས

མཚན་མོའི་ཀློང་གི་དངན་པ

གཙང་བོ་ཡོམ

པ་སངས་ཡོམ

གཙང་བོ   པ་སངས

དཔྱངས་ཟམ་གྱི་སྣེ་རུ

ཀོ་གྲུའི་སྟེང་ན

གྲུ་ཁེམ་གྱི་མཐིལ་དུ

དབུགས་འགྱུའི་གསེབ་ཏུ

གཙང་བོ་ཡོམ

པ་སངས་ཡོམ

པ་སངས གཙང་བོ

གཅིག་ཏུ་གྱུར

དབྱེར་མེད་དུ་གྱུར

སླར་ཡང

གཅིག་ཏུ་གྱུར

དབྱེར་མེད་དུ་གྱུར

གཙང་བོ་ཡོམ

པ་སངས་ཡོམ

གཙང་བོ  གཙང་བོ

ནས་རྡོག་གཅིག

པ་སངས  པ་སངས

མེ་སྟག་གཅིག

གཙང་པོ་ཡོམ

པ་སངས་ཡོམ

པ་སངས  པ་སངས

ཉི་ཟེར་གྱི་རྡུལ

ཆུ་ནང་གི་རྡེའུ

ལོ་མའི་སྟེང་གི་ཟིལ་བ

པ་སངས  གཙང་བོ

ཁྲག་ཐིགས་ཤིག

གྲིབ་མ་ཞིག་གི་ཕྱི་ནང

ཁྱེད་ཀྱི་མདུན་རྒྱབ

ང་ཡི་མདུན་རྒྱབ

གཙང་བོ་ཡོམ

པ་སངས་ཡོམ

གཏམ་རྒྱུད་དེ

ནང་མ་ཁང་གི་སྟོད་གཞས་དེ

ཡར་ཀླུང་ཁོག་གི་སྣང་ས་དེ

གཙང་བོ  པ་སངས

ལམ་གཉིས་ཀྱི་སྣེ་ནས་གྱེས་ཀྱང

ཀོང་པོ་རྒྱ་མདའ་ནས་ཐུག

མཚན་མོ་གཉིས་ལ་བགོས་ཀྱང

ལྷོ་ཁའི་འཕྱོང་རྒྱས་ནས་ཐུག

གཙང་བོ་ཡོམ

པ་སངས་ཡོམ

པ་སངས  གཙང་བོ

ནགས་ཚལ་གྱོན་པའི་ལམ་ཕྲན

གཏམ་རྒྱུད་འཁྲིད་པའི་རྨི་ལམ

གཙང་བོ་ཡོམ

གཏམ་རྒྱུད་ཡོམ

གཙང་བོ  པ་སངས

ཉིན་ཞག་གཅིག་ལ་འཛོམ་པར་བྱ

གཞིས་ཀ་གཅིག་ནས་བགྲོ་བར་བྱ

གཙང་བོ་ཡོམ

པ་སངས་ཡོམ

གཙང་བོ  པ་སངས

མིག་མདངས་ཤིག

ཞལ་རླངས་ཤིག

མི་རྟག་པའི་སྡིག་སྒྲིབ

བརྩེ་འདང་གི་འཁོར་བ

གཙང་བོ་ཡོམ

པ་སངས་ཡོམ

           ཁག་གཉིས་པ།


གཙང་བོ་དེད་ན

ཀོ་གྲུ་མཐོང

ཀོ་གྲུ

པ་སངས་ཀྱི་ལོ་ཟླ

གཙང་བོའི་ཕ་གི་ན

མཛེས་སྲས་ཀྱིས་ལག་བརྡ་གཏོང

ཀོ་གྲུ་འགུལ

པ་སངས་ཀྱི་མིག་ཟུང་ཀེམ་ཀེམ

གྲུ་ཁེམ་གཡུགས

དོས་པ་དག་གི་མཐོང་ལམ་ན

པ་སངས

གཙང་བོའི་གཞུང་གི་བྱིའུ

འཕུར་ཉེས་ཐེབས་ནས

གཙང་བོའི་དཀྱིལ་དུ་ལུས

པ་སངས

ཀོ་གྲུ་ནི་ཁྱེད་ཀྱི་དུས་ཚོད

གྱང་ངོས་སུ་གཡས་སུ་འཁོར

གྱང་ངོས་སུ་གཡོན་དུ་འཁོར

མདེའུ་རེ་རེས

ཉི་མ་རེ་རེ

སྐར་མ་རེ་རེ

ཨ་ལན་རེ་རེ

གཙང་བོ་དེད་ན

པ་སངས་ཀྱི་རྒྱབ་གཟུགས་མཐོང

པ་སངས

གཙང་བོ་དེད་ནས

རི་བོ་ཞིག་བརྒལ་དུས

ཉིན་ཕྱེད་དང་མཚན་ཕྱེད

རྡེའུ་དཀར་ནག་གཉིས

པ་སངས

གཙང་བོའི་གཞུང་ལ་སྙེགས་དུས

ཕ་ཡུལ་གྱི་གསེར་ཁྲི་དྲན

སྒེའུ་ཁུང་ཁའི་འཕུར་མ་དྲན

ལྷ་སའི་གཞོང་གི་སྨུག་པ་དྲན

གཙང་བོ་དེད་ན

ཀོ་གྲུ་མཐོང

ཀོ་གྲུ

ཡར་ཀླུང་གཞུང་ནས་མཐོང་ན

འགྲུལ་བཞུད་པ་མང་པོ་དྲན

པ་སངས

འགྲུལ་བཞུད་པ་ཆུང་བའི་གྲས

ཀོ་གྲུ་སྒུལ་དུས

ལག་པ་ཕྲ

དཔུང་པ་གཉོམ

པ་སངས

གཙང་བོ་གང་དུ་བཞུར་ན

གཙང་བོའི་ལྡོག་འོད་ནི

ཁྱེད་ཀྱི་འོད་ཟེར

རྩེད་ཐང་ནས

ཀོང་པོའི་རི་ནས

ཡང་ན

ཡང་ན་ལྷ་སའི་བར་སྐོར་གླིང་དུ

ཁྱེད་ཀྱི་ཀོ་གྲུ་བཙལ་ཆོག

གཙང་བོ་དེད་ན

པ་སངས་རྙེད་ཐུབ

པ་སངས

ཀོ་གྲུ་འདེད་མཁན

ཡར་ཀླུང་ཁོག་གི་དོས་པ

བར་སྐོར་ལམ་གྱི་གད་པ

ལམ་གྱི་རིང་ཐུང

གཙང་བོའི་ཆེ་ཆུང

རི་བོའི་མཐོ་དམའ

མི་ཡི་བཟང་ངན

རྩིས་ལ་བཏབ་འོང་ན

པ་སངས

ཁྱེད་ནི་རྩིས་དཔོན་ཞིག

གཙང་བོ་དེད་ན

ཀོ་གྲུ་མཐོང

གངས་ཏི་སེ་མཐོང

མངའ་རིས་སྐོར་གསུམ་མཐོང

པ་སངས་ཀྱི་གྲིབ་མ་མཐོང

པ་སངས

གྲིབ་མ་རླུང་གིས་བསེད་པའི་ཡུལ་སྐོར་བ

གཙང་བོའི་གཞུང་ན

ཁྱེད་ཀྱི་ཀོ་གྲུ

ཁྱེད་ཀྱི་གྲུ་ཁེམ

ཁྱེད་ཀྱི་ལོ་ཟླ

ཁྱེད་ཀྱི་སོ་ཕྲེང

ཁྱེད་ཀྱི་དངན་པ་སོགས་ལུས

པ་སངས

ལམ་སྣེ་མང་བོ་བོར་བའི་གྲུ་མཁན

གྲུ་གླ་གཞན་ལག་ལ་ཤོར་བའི་མཉན་པ

གཙང་བོ་གང་ལ་བརྒལ་ན

ཁེར་རྐྱང་རེད

              ཁག་གསུམ་པ།


རི་སྒང་དེ

རི་སྒང་དེའི་ནགས་ཚལ

པ་སངས

རི་སྒང་དེ་ན

ཉི་མའི་རྣ་ལོང

གཡེར་དྲིལ་གྱི་སྐོམ་གདུང

ལྷ་ཚོགས་ཀྱི་སུན་སྣང

མེ་མདའི་ཁོག་གི་མདེའུ་བཞིན་ངར

པ་སངས

སྨིན་དང་མ་སྨིན་གྱི་སིལ་ཏོག

མཐོང་དང་མ་མཐོང་བའི་གནམ་འོག

སྒེའུ་ཁུང་གི་འགྲམ་དུ

མེ་ཏོག་འདེབས་སའི་རྫ་མའི་ནང་དུ

གང་ས་གང་དུ

ཡུན་རིང་བོར་ཚ་བས་མནར

པ་སངས

བསང་མེ་དེ

ལྷ་ཡིས་འཐེན

ཁྱེད་ཀྱི་ཚེ་རིང

པ་སངས

ལྷ་སྐད་དེ

མི་ཡིས་འཐེན

ཁྱེད་ཀྱི་རླུང་རྟ་དར

པ་སངས

གངས་རི་གྱོན་པའི་སེང་གེ

ནགས་ཚལ་འཁྲིད་པའི་སེང་གེ

ཁྱེད་ཀྱི་ཀོ་གྲུ

ཡོམ་ཞིང་ཡོམ་ཞིང

གཙང་བོའི་ཀློང་ནས་མཐོང་དུས

ངས་ཁྱེད་རང་གྲུ་མཁན་ཡིན་པ་ཤེས

ད་དུང་རྒྱང་རིང་དུ་བགྲོད་པའང་ཤེས

པ་སངས

གཙང་བོའི་གཞུང་གི་ཕྱི་མིག

ཡར་ལུང་གཞུང་གི་སྨོན་ལམ

ཀོ་གྲུ་དང་མཉམ་དུ་གཡོ་དུས

ངས་ཁྱེད་རང་མཐོང་ཡོད

པ་སངས

པ་སངས

གླ་ཆ་མེད་པའི་པ་སངས

རི་སྒང་དེ་ན

ནགས་ཚལ་དེ་ན

གྲིབ་ཡོལ་བཞིན་འདར

                                  ༢༠༡༦ ༤ ༢༡ ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔར་མཇུག་གྲུབ།

 

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།