ཙོང་ཁ་ཚེ་བརྟན་རྒྱལ་གྱིས་གསར་དུ་བྲིས་པའི་སྙན་ངག་བཅུ།

361

ututyutyutyyyyyyy.jpg

    དར་རྒྱས་གླིང་ཟེར་བའི་ས་ཆ་དེར།


དར་རྒྱས་གླིང་ཟེར་བའི་ས་ཆ་དེར།

ང་མ་སླེབས་པའི་སྔོན་ཏུ།

ཆར་ཞོད་ནི་མེད།

ཉི་འོད་ནི་འཚེར།

ང་ཡིད་མ་ཆེས།

དར་རྒྱས་གླིང་ཟེར་བའི་ས་ཆ་དེར།

ང་སླེབས་པའི་རྗེས་སུ།

སྨུག་པའི་རྦ་རླབས་འཕྱུར་ཞིང་།

ཉི་འོད་རབ་རིབ་ཀྱིས།

ང་གཞན་ཞིག་ལ་སྤྱུགས།

དར་རྒྱས་གླིང་ཟེར་བའི་ས་ཆ་དེར།

ང་ཁ་བྲལ་སྐབས།

བུ་མོ་ཞིག་ངོ་ཤེས།

མོའི་མིང་ལ་རིག་འཛིན་དཔལ་མོ་འབོད་ལ།

ཤར་པ་ཡིན་ནམ་སྒོ་སྲུང་ཡིན་ནམ།

གནའ་བོའི་མངའ་རིས་ཤིག

ཧ་ཅང་ཆེ་ཚུལ།

ཧ་ཅང་ཆུང་ཚུལ།

ཧྲལ་ཧྲུལ་ས་ཁྲ་ཞིག་ལ་ཐོགས་ནས།

ངུ་དགོས་དགོད་དགོས་མ་ཤེས།

                                                        2008’01དྲན།
                                                            2016’02’02–07
4.jpg

     མདང་དགོང་འབྲུག་གཞས་ཤིག་ལ་ཉན་པ།


གངས་རི་དཀར་པོ་ཡིན་ནམ།

ངས་དཀར་པོ་མ་མཐོང་།

ངའི་དཀར་པོ།

མཚོ་མོ་སྔོན་པོ་ཡིན་ནམ།

ངས་སྔོན་པོ་མ་མཐོང་།

ངའི་སྔོན་པོ།

གངས་རི་སྦས་པའི་གཞས་ཤིག

ངས་རང་ལ་སློང་ཚེ།

གངས་རི་ཉིལ་འདུག

མཚོ་མོ་འགེབས་པའི་གཞས་ཤིག

ངས་གཞན་ལ་སློང་ཚེ།

མཚོ་མོ་བྲི་འདུག

                 2016’02’10

3.jpg

           ལ་ཆེན་དང་ལ་ཆུང་།


རི་བོའི་ཕ་རོལ།

ཕ་རོལ་གྱི་གྲོང་གསེབ་ཅིག

གཏམ་རྒྱུད་བཞིན་རྙེད་འདོད་ཚེ།

ལ་ཆེན་དང་ལ་ཆུང་།

རླུང་གིས་ཁུར་འདྲ།

གནམ་གྱི་མཐའ།

ལ་ཆེན་དང་ལ་ཆུང་།

ས་ཡི་མཚམས།

ལ་ཆེན་དང་ལ་ཆུང་།

བོར་བའི་གྲིབ་ནག་ཅིག

དྲན་པའི་གྲིབ་ནག་ཅིག

དབུགས་དང་འབྲེལ་བའི།

སླར་ཡང་མཇལ་བའི་ལས་དབང་།

ངས་སྨོན་ལམ་ལ་བསྐུར་དགོས་སྙམ།

                             2016’02’12—-20

*ལ་ཆེན་དང་ལ་ཆུང་ནི་འབྲས་ལྗོངས་དང་བོད་གཉིས་ཀྱི་ས་མཚམས་སུ་ལུས་པའི་ཡུལ་ལུང་གཉིས་སོ།།
2.jpg

                 དཔྱིད་ཀ


ཆར་ནི་འབབ་སྲིད།

དཔྱིད་ཀ་ནི་སླེབས་སྲིད།

ཁུ་བྱུག་ནི་གྲགས་སྲིད།

མེ་ཏོག་ནི་བཞད་སྲིད།

ཆར་ནི་འབབ་ཀྱིན།

མེ་ཏོག་ནི་བཞད་ཀྱིན།

ངའི་དུས་ཚིགས།

ཟུར་ཞིག་ན་ཡོད་དམ།

ངའི་འཇིག་རྟེན།

དཀྱིལ་ཞིག་ན་ཡོད་དམ།

IMG_8325.JPG

                   གྲིབ་འོག་གི་ཕོ་བྲང་།


           1

ཕྲོ་བྲང་གི་མིང་ནི།

གོ་ན་མ་གོ་ན།

དྲན་པ་གང་ཞིག

གདུང་བ་ཅི་ཞིག

མུན་པའི་ཕྱོགས་དང་མཚམས་ནི།

ཕྱིར་ལོག་སའི་ལམ་བུ་ཨེ་ཡིན།

               2

སྡུག་བསྔལ་གྱི་བདག་པོ་ཀྱེ།

ཁྱེད་ཀྱི་ངུ་སྐད་དང་མིག་ཆུ།

མིག་ཟུང་ངོས་ལ་འབྱར་བའི་འཇིག་རྟེན་ལ་བྱོ་ཡང་།

སེམས་ཀྱི་འཇིག་རྟེན།

རྙེད་པའམ་མ་རྙེད་པ།

གྲང་ཤར་ཤུར་ཞིག

        3

ཕོ་བྲང་དེ།

ཉི་འོད་དེ།

ཕོ་བྲང་དེ།

རྣམ་ཤེས་དེ།

མཚན་མོའི་མངལ་ན་ལུས་པས།

ཞེད་སྣང་ཞིག་གམ་སྐྱོ་སྣང་ཞིག

མི་ཚེར་བཅོལ་ནས།

ས་མཐའ་ནས་ས་མཐར་འཁྱམས།

               4

གཏམ་རྒྱུད་ཀྱི་ཁྲུང་ཁྲུང་དེ་ཚོ།

མཛེས་སྡུག་དེ་ཚོ།

མེ་དང་སྦྲེལ་བའི་རྣམ་ཤེས་དེ་ཚོ།

ལོ་ཟླ་དེ་ཚོ།

མར་མེ་རྐང་གཅིག་ཐོགས་པ་ལས།

ང་ཐག་རིང་ལ་མ་ཁྲིད་ཟེར་རམ།

ཡང་ན་ང་རང་གཞན་ཞིག་ཏུ་གྱུར་ན།

ང་ལ་སང་ཉིན་ཡོད་དམ།

                             2016’3’19–26

IMG_8320.JPG

              ཨ་ཕ།      ཨ་མ།


ཨ་ཕ   ཤར་ལ་མ་བལྟ།

སྐམ་ཞིང་རིད་པའི་ཞལ་རས་མཇལ་ན།

ཁ་བ་བཞིན་འབབ་པའི་ང་།

ཁྱེད་ཀྱི་རུས་པ་ཡིན།

ཨ་མ    ལྷོ་ལ་མ་བལྟ།

ངུས་ཤིང་སྐྲངས་པའི་མིག་ཟུང་གོ་ན།

རླུང་ལྟར་་ལྡང་པའི་ང་།

ཁྱེད་ཀྱི་ངུ་སྐད་ཡིན།

ཨ་ཕ   ནུབ་ལ་མ་བལྟ།

རྒས་ཤིང་སྒུར་བའི་གཟུགས་བརྙན་ཉན་ན།

སྤྲིན་བཞིན་འཁྱར་པའི་ང་།

ཁྱེད་ཀྱི་གྲིབ་གཟུགས་ཡིན།

ཨ་མ  བྱང་ལ་མ་བལྟ།

དཀར་ཞིང་གཙང་བའི་སྐྲ་ལོ་གཡོ་ན།

ན་བུན་ལྟར་བཞུར་པའི་ང་།

ཁྱེད་ཀྱི་ཟུངས་ཁྲག་ཡིན།

2016,4,2–6

13059381_1071025166288316_1051876220_n.jpg

          ཚངས་མགུར་ལ་ཉན་པ།


གཙང་བོ་བཞུར་བཞིན།

གཙང་བོ།

ཀོ་གྲུ་འགུལ་བཞིན།

ཀོ་གྲུ།

རླུང་བུ་ལྡང་བཞིན།

རླུང་བུ།

དྲན་པའི་བྱམས་པ།

འདུག་ས་རུ་མེད།

ཐོས་པའི་འཇིག་རྟེན།

ཐུག་ས་རུ་མེད།

ལྕང་མ་གཡོ་བཞིན།

ལྕང་མ།

ཉི་མ་ནུབ་བཞིན།

ཉི་མ།

བྱེའུ་ཆུང་སྨྲེང་བཞིན།

བྱེའུ་ཆུང་།

མཐོང་པའི་རྒྱང་རིང་།

ཕྱེད་ཀ་ཞིག

སྒུག་པའི་རྨི་ལམ།

ནག་ཐིགས་ཤིག

མར་མེ་འབར་བཞིན།

མར་མེ།

མཚན་མོ་སྟོང་བཞིན།

མཚན་མོ།

མིག་ཟུང་རུབ་བཞིན།

མིག་ཟུང་།

ཕམ་པའི་ལས་དབང་།

སེར་ཀ་ཞིག

འཁྱམས་པོའི་རྣམ་ཤེས།

ཟད་པོ་ཞིག

6.jpg

           རི་མོའི་ངོས་ཀྱི་བྱེའུ་ཞིག


བྱེའུ་འཕུར་མེད།

འཕུར་འདོད་ན།

ཕ་རོལ་གྱི་ནམ་མཁའ།

གཡོ་ཙམ་འདར་ཙམ་གྱི་ནམ་མཁའ།

བྱེའུ་འཕུར་མེད།

བཀྲེས་སྐོམ་གྱི་འཇིགས་པ།

ལོ་ཟླ་ནས་ལོ་ཟླ།

མཛེས་སྡུག་གི་དུས་ཚིགས།

རྨི་ལམ་ནས་རྨི་ལམ།

ཞོགས་པ་ནི་སུ་ཞིག་གི་ཞོགས་པ།

བྱེའུ་གཅིག་པུ།

ས་སྲོད་ནི་སུ་ཞིག་གི་ས་སྲོད།

བྱེའུ་གཅིག་པུ།

                      2016’02’10–03’2

IMG_8327.JPG

              ངའི་ནུ་བོ་གཉིས་ཀ


གལ་ཏེ་མིག་ཆུ་སྐམ་ཚར་ན།

ང་རང་ཉིད་ལ་སྐྲག་དགོས་སམ།

ངུས་པའི་སེམས་ཤིག་དང་།

འཛུམ་པའི་གདོང་ཞིག

ཉིན་སྲིབ་གང་ལ་བཅོལ་ན།

ད་དུང་མ་རྙེད་པའི་ངོས་གཞན་ཞིག

ནམ་ཡང་ཐག་རིང་ཞིག་ལས་མ་ཚོར།

གལ་ཏེ་མིག་ཆུ་གསོག་ཆོག་ན།

བཞུར་ཚར་བའི་ལོ་ཟླ་དེ་ཚོ།

མཛེས་སྡུག་མིན་པའི་གཏམ་རྒྱུད།

རང་ལ་བཤད་ཀྱང་།

དྲན་གདུང་གི་ང་།

ཕྱིར་འོང་མེད་པའི་འཁྱམས་པོ་ཞིག་ལས།

སེམས་ཀྱི་རྨ་ཁ་དེར།

ན་ཟུག་ཅི་ཙམ་ཡོད།

གལ་ཏེ་འཛུམ་མདངས་གཡར་ཆོག་ན།

ང་ནི་བགད་མི་ཆོག་སྟེ།

ཞེད་སྣང་གི་མི་ཚེ།

ལ་མོའི་ཕ་རོལ་ཞིག་ལས།

ངུ་སྐད་ཀྱི་ཚེ་གཅིག

མིག་ཆུའི་ལས་གཅིག

ངའི་ནག་ཉེས་སུ་མ་བགྲང་རོགས།

                                         2016’1

                                        2016’3-4’11

IMG_8324.JPG

                   ང་།


ངས་རྙེད་ཆོག་པ་ང་མིན་སོང་།

ང་ཟེར་བའི་ལས་ཤིག།

ང་ལ་མ་དབང་།

ང་སྐྲག་གི

ངས་བོར་ཟིན་པ་ང་ཡིན་སོང་།

ང་ཟེར་བའི་ཚེ་གང་།

ང་ལས་ཤོར་ཡང་།

ང་ནི་ང་རེད།

ངའི་བདག་པོ་ང་།

ངའི་ལམ་གྱི་ང་།

ངའི་ཉི་འོད།

ངའི་འཇིག་རྟེན།

སྒུག་དང་མ་བསྒུག་མི་འདུག

 

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།