
༈ སྙན་ངག་ཅིག་གི་ཀློག་སྟངས་གཞན་ཞིག
༡ མེ་ཏོག་འཇའ་ཚོན་བསླེས་པའི་གུར་ཁང་དག་བརྡིབས་ཀྱང་རོལ་དབྱངས་རྨ་བྱ་འཐབ་པའི་གྲེ་འགྱུར་རྣམས་འགག་ཀྱང་སྟོང་བའི་གྲོང་ཁྱེར་དཀྲུགས་པའི་བྱ་རྒོད་འདི་ཡོད་ན་མཁའ་ལ་གཞུ་ཐིག་འབྲི་རྒྱུ་དེ་འདྲ་ཞིག་མི་དཀའ།།
༢ མ་བཅོས་གཉུག་མ་རིག་པའི་ཟངས་ཐལ་དུ་ཨེ་མཚོན་ཐོལ་རྒལ་ནག་པོ་འཕྲོ་འདུའི་རྦ་རླབས་ཀྱིས་ཨེ་འཇོག་ཤུགས་འབྱུང་ཡུས་པོ་དཀར་དམར་དགའ་འཁྱིལ་ལ་ཉེ་ན་ཁྱོད་ཀྱང་རེ་ཞིག་དམྱལ་བའི་སྐུ་མགྲོན་དུ་ཕེབས་ཆོག །
༣ ཤི་གཤེད་དུར་དུ་འཚོ་བའི་རྒྱགས་ཕྱེ་དེའི་དོན་ལ་ཚངས་པའི་ཕོ་བྲང་འཇོམས་པའི་རོ་ལངས་རྣམས་བརྒྱུགས་པས་རྭ་དགུ་མིག་སྟོང་འབར་བའི་ཁྲོ་རྒྱལ་གྱི་ཞལ་ལ་བསྐལ་བ་མགོ་མཇུག་ལྡོག་པའི་གཡོ་འཛུམ་ཞིག་ལངས་སོང་།།
༤ རྫས་ཀྱི་འཕྲུལ་འཁོར་འ་འུར་ལྡ་ལྡིར་དུ་གྲགས་པ་ཁྲག་གི་ཏིང་ལོ་ཐར་ཐོར་ལམ་ལམ་དུ་འབབ་པ་ཤམ་བྷ་ལ་ཡི་གྲོང་ལ་སྤྲིན་གསེབ་ནས་བལྟས་ན་རིག་ལྡན་དྲག་པོའི་ཕྱག་མཚན་རང་འགུལ་དུ་འཁོར་འདུག །
༥ མི་ཤིགས་ཆུ་ཟེགས་འཇུམས་པའི་འཁྱག་རོམ་གྱི་སྦུབས་སུ་གློད་གྲོལ་གདེང་སྤོབས་འཕྱུར་བའི་ལྟོ་དཀར་མའི་འཁྱུག་སྟོབས་ངེས་མེད་སྟོན་སྤྲིན་རྒྱལ་པོའི་འགྱིང་བག་ཏུ་ཆས་པས་དར་ཅིག་ཚེས་རིས་ཕྲ་མོའི་མིག་ཆུ་ཡང་དཀག་ཐལ།།
༦ ས་ཆུ་རྩིག་བཟོ་ལ་ཡང་ཐོགས་མེད་དུ་བགྲོད་ནུས་མེ་རླུང་མཚོན་ཆའི་ཁྲོད་དུ་བག་ཡངས་སུ་འཚོ་ཐུབ་ཡིན་ཡང་ཞུན་རྐང་གཅིག་གིས་ལུས་སྲོག་གཉིས་གཞོམ་པའི་འགལ་བའི་གཏན་ཚིགས་རྣོན་པོ་ཁ་དར་གྱིས་དཀྲིས་ཤིག །
༧ དཔྱད་པས་གཏིང་ཐག་ཆོད་ཀྱང་དྲྭ་རྒྱ་ཡིས་འཛིན་པ་ཁ་ལ་ཡུག་དང་མཛོ་མོ་བལ་ཁུར་གྱི་བརྩེ་བ་མཉན་པས་འབྲུ་དོན་གསལ་ཀྱང་གབ་ཚིག་གིས་རྨོངས་པ་གོར་མའི་ཆུ་དང་ནགས་ཀྱི་ལང་ཚོ་མའི་ཕྱི་མིག །
༨ ཕྱག་རྒྱ་ཙམ་པོས་དུག་སྡོམ་སྐོར་འཕེན་དུ་བྱོས་ཤིག་ཟུར་འཛུམ་ཐུང་ངུས་མི་ལ་རང་ཁྱིམ་དུ་དྲོངས་ཤིག་དེ་བཞིན་ཁྱོད་རང་རལ་གྲིའི་མཚོ་མོ་རུ་སྐྱོད་ཅིག་བདག་གི་དམ་ཚིག་གངས་རིའི་རྩེ་མོ་རུ་འཛེགས་ཤིག །
༩ འོ་མའི་སྐྲ་ལོ་འཇོལ་བའི་བགྲེས་པོ་དེའི་ཟུངས་བཅུད་འཕྲུལ་འདེགས་སྤེལ་མའི་དབུགས་འགྱུ་བྲེང་བྲེང་ཞིག་ཡིན་པས་བྱ་རོག་རྡོ་ནས་འཕུར་བའི་ལྟད་མོ་ཞིག་མཐོང་དུས་ཕྱི་མའི་ས་ཆེན་དཀྱིལ་གྱི་ཐོ་ཡོར་དེ་འགྱེལ་འགྲོ།།
༡༠ གཡུ་འོད་ཁོ་ནས་བྱས་པའི་ཏཱ་རེ་མའི་འཁྱམས་སུ་གདུང་ཤུགས་སྟུག་པོའི་བྲན་གླུ་ངེས་དོན་གྱིས་སྙན་ཡང་ཧཱུཾ་ཤི་ཕཊ་འགྱེལ་རོལ་ཆའི་དྭངས་མ་རུ་ལབ་པ་ཧར་སངས་སྨྱོན་པའི་འགྱུར་མེད་ལོབས་གཤིས་ཤིག་ཡིན་སྐད།།
༡༡ ཆུང་མ་རྟོག་བཟོ་ཡིན་པས་ཅི་ཡིས་ཀྱང་མི་འགྱུར་ཁང་བཟང་བློས་བསླངས་ཡིན་པས་སུ་ཡིས་ཀྱང་མི་གཤིག་ཆེ་མིང་རང་བཏགས་ཡིན་པས་གང་འདོད་དུ་འོས་མོད་འདི་ཀོ་རྨི་ལམ་ཡིན་པས་བྱ་ཕོ་ལ་འཛེམ་རོགས།།
༡༢ དབལ་མེ་ཡུར་བར་བླངས་པའི་སྨུག་ནག་གི་དྲ་བར་དོམ་ཁྲ་འགྲེ་ལྡོག་བྱེད་པའི་ཟློས་གར་ལ་སུན་ནས་དེ་རིང་ས་ཡི་ལྟེ་བར་ནུར་འགྲོས་ཀྱིས་སོང་ཚེ་གླང་ཆེན་སྣ་ཞགས་ཆད་པ་མངོན་སུམ་གྱིས་མཐོང་འོང་།།
༡༣ ཚིག་མདུང་ཀྱལ་ཀ་ཙམ་ཞིག་བསྲན་དུ་རང་མེད་ན་དྲན་རིག་ཨ་འཐས་ཙམ་ཞིག་འདུལ་དུ་རང་མེད་ན་ཁྱི་ལྕེ་སྟག་མིག་གཙབས་པའི་ཆུ་སེར་གྱི་འདམ་དང་འཇིགས་པའི་རླུང་དམར་སྣེ་ནས་སྡོད་དགོས་ཤིག་ཡོད་དམ།།
༡༤ མི་བསྲུན་མཚོ་འབྲུག་གོག་པོའི་མཇུག་མ་དེ་སྦོམ་ལ་གཏུམ་འབར་ཕག་རྒོད་ཆེན་པོའི་མཆེ་བ་དེ་རྣོ་ཡང་སྣང་ཞེན་གདོད་ནས་རུལ་བའི་ཤ་ཟ་མའི་གཡེར་ཅོང་ནམ་ཡང་སིང་སིང་དཀྲོལ་རྒྱུ་མིའུ་ཐུང་ལ་དབང་ངོ་།།
༡༥ གཞི་དབྱིངས་གསེར་གྱི་ཕོར་བ་ཆགས་རལ་དུ་མ་སོང་ཀུན་རྟོག་དུང་ཐུར་ཆ་ཡང་ཡ་བྲལ་དུ་མ་འཐོར་འོན་ཏང་བྱུ་རུའི་ལྕང་ལོ་ལྡེམ་ལྡེམ་དུ་གཡོ་བའི་མཐའ་ཡི་གྲོགས་པོ་ཁོ་ལ་ཉམས་སྣང་ཅང་མེད་སོང་།།
༡༦ མུ་ཏིག་ཕྲམ་ཕྲུམ་འགྲེམ་པ་གསེར་བུམ་གྱི་མཆུ་འདབ་ཀུན་གྱི་སྙིང་སྒོར་འཛུམ་པའི་ཨེ་ཝམ་གྱི་ཟི་ར་གཞར་ཡང་སྨུག་རྒྱུ་འདེད་པའི་ཤེའུ་དེའི་རྐང་རྗེས་ཡ་ཀིའི་བྲག་རྡོའི་ངོས་ནའང་གསུབ་མེད་དུ་དཔར་འདུག །
༡༧ སྐབས་དེར་སྐྱ་ཀ་ཕྲ་མོའི་མགྲིན་པ་ཡང་སངས་འདུག་མཚམས་དེར་སྐར་མ་དུ་བ་མཇུག་རིང་ཡང་ཤར་ཡོད་དུས་དེར་རྣམ་གཞག་མེ་སོན་ཆུ་དཀྱིལ་ནས་ལོན་ཡང་རྟ་ལུག་འགའ་ཞིག་ད་དུང་སྤང་ཁུགས་ལ་ཡན་སོང་།།
༡༨ མུན་རྫུབས་ཐོལ་གྱིས་བརྟོལ་བའི་གཟི་འོད་ཅིག་མངའ་ན་ལྕགས་རྫོང་ཤར་གྱིས་གཏོར་བའི་ཧྲག་རྩལ་ཞིག་ཡོད་ན་སུས་ཀྱང་རྡོ་སྐྱེས་འཕགས་པའི་གསེར་དབྱུག་གིས་བརྡེག་འོས་ད་དུང་ཡབ་མེས་དང་པོའི་བླ་གཡུ་ཡང་གདགས་ཆོག །
༡༩ ཟླ་བ་ཉི་མ་ཁོ་བོའི་མིག་འབྲས་རང་ཡིན་ན་འཇིག་རྟེན་ཟླུམ་པོའི་ཕྱི་ནང་ཐེངས་གཅིག་ཏུ་བཀླགས་ཚར་ཧི་མ་ལ་ཡ་ང་ལ་དུངས་ཀ་ཙམ་ཡོད་ན་མ་ཕམ་གཡུ་མཚོའི་མཆོད་དར་སྔ་མོ་ནས་བཏེགས་ཡོད།།
༢༠ རི་བྲག་བརྗིད་པོའི་དོག་འཕྲང་འབར་སྒྱོགས་ཀྱིས་གཏོར་ཡོད་མི་གཙང་སྙིགས་ལུད་ཤྭ་འོད་ཀློང་རྡོལ་ལ་བསྐུར་ཡོད་ད་ནི་ཡང་དར་བསྐལ་བའི་སྟ་གོན་ཞིག་བྱོས་དང་བོགས་ཐོན་རིལ་བུ་འབབ་པའི་རྒྱུ་ རྐྱེན་གྱིས་འཐུས་འགྲོ།།
༢༡ སྟབས་བདེ་ཐུག་པ་ཙམ་གྱི་སྐྱེམས་གསོལ་ཀྱང་སྤོང་དང་འོ་ཇ་དཀར་ཡོལ་གང་གི་གཏང་རག་ཀྱང་སྐྱུར་དང་ཁྱོད་ཀྱི་གཅེས་པའི་ཚེ་སྲོག་ཅི་ཙམ་ཞིག་དཀར་ན་ཐིག་ལེ་མཆོག་མའི་ནུ་བུམ་དེ་ཙམ་ལས་མི་དཀར།།
༢༢ བཙན་གཡག་དར་མའི་རྭ་རྩེར་མེ་ཕུང་ཞིག་མཆེད་པས་སྲིད་པའི་སྤང་ཐང་ཡངས་པོ་སྐད་ཅིག་ཏུ་བསྲེགས་སོང་དེ་ལ་དབང་ཕྱུག་ཆེན་པོའི་སྙིང་ཁམས་རང་འཁྲུགས་ཏེ་མཆིལ་ཞགས་ལྷུན་པོ་འདྲ་ཞིག་ཧུར་སྒྲ་དང་བཅས་སོ།།
༢༣ མཚོ་རྫིང་ལྟེམས་ཤིང་ནེམ་ལོ་ལྕིག་ལྕིག་ཏུ་འདར་རོ་བྱ་ ཚོགས་འཕུར་ཞིང་གཞན་དག་སྐྲག་སྔངས་ཀྱིས་འགྱེད་དོ་ཀྱི་ཧུད་བདག་གི་ཏིང་འཛིན་དེ་ལྟར་དུ་ཞིག་སོང་ཁྱོད་ཀྱི་རེ་སྨོན་བརྩེགས་མའང་དེ་ལྟར་དུ་ཉིལ་འགྲོ།།
༢༤ རླབས་རིས་གཅིག་འཇགས་གཅིག་ལངས་རང་བྱུང་གི་ཁྱད་ཆོས་དེ་ལ་ཚོགས་དྲུག་སྣང་བས་ཚད་བཟུང་ཞིག་མེད་ལ་དབྱངས་འགྱུར་རེས་དམའ་རེས་མཐོ་སྒྲ་གདངས་ཀྱི་གཤིས་ལུགས་འདི་ལ་རྣམ་རྟོག་ཙམ་གྱི་གནོད་བྱེད་ཀྱང་མེད་དོ།།

༈ རྨ་ཆེན་གངས་སྐོར།
དྲོན་པོའི་ཁྱིམ་ནས་ཐོན་ཏེ་འཁྱཊ་པའི་གངས་འདབས་བསྙེཊ།།
གངས་སྐོར་ཡག་པོ་བརྒྱབ་རྗེས་ཡང་བསྐྱར་གངས་ལ་བལྟས།།
མི་རྗེས་རྟ་རྗེས་ཚང་མ་གངས་ལ་དཔར་དུ་གསལ།།
ལུས་ཀྱི་དཀའ་ངལ་འདི་ཡིས་སེམས་ཀྱི་བདེ་བ་བསྐྱེད།།
རྒྱུ་མཚན་བཤད་ཀྱང་མི་ཤེས་བཤད་ཀྱང་མི་དགོས་ལགས།།
བན་གྱིས་གཡས་སུ་བསྐོར་སོང་དུང་གི་ལྷུན་པོ་ལགས།།
བོན་གྱིས་གཡོན་དུ་བསྐོར་བྱུང་ཤེལ་གྱི་ས་འཛིན་ལགས།།
གངས་རྩེར་ཉི་འོད་ཕོག་ཅིང་ཉི་རྩེ་ས་ལ་བརྒྱབ།།
ས་ལ་དད་པའི་རྡུལ་དག་རླུང་དང་བཅས་ཏེ་འཕུར།།
འགྲེལ་བཤད་རྒྱག་ཀྱང་མི་ཕོད་བརྒྱག་ཀྱང་མི་དགོས་ལགས།།
ཁྱེད་ནི་ལྐོག་གྱུར་ཅིག་སྟེ་དཔྱད་པས་མི་དཔོག་གོ།།
ཁྱེད་ནི་མངོན་སུམ་ཞིག་སྟེ་བསྐོར་བས་མི་ཟད་དོ།།
ཁྱེད་ནི་གློག་མ་སྤྲིན་ཏེ་ང་ཚོའི་ལོ་རྒྱུས་རེད།།
ཁྱེད་ནི་བར་མ་དོ་སྟེ་ང་ཚོའི་རྒྱལ་ཁམས་རེད།།
བདེན་དཔང་རྙེད་ཀྱང་མི་རུང་རྙེད་ཀྱང་མི་དགོས་ལགས།།

བཅད་སྒྲུང་བཞི་བཅུ་པ།
༡
གནམ་ཁབ་བརྒྱབ་པའི་རྗེས་སུ།།
ཁ་ལག་གཏོང་རྒྱུར་གོམས་ཡོད།།
ར་སྐོར་ནང་གི་གསོལ་ཁང་།།
འདི་ལ་འདི་ལྟར་ཐོན་སོང་།།
༢
ཨེ་ཐུག་རེ་བ་ཆེ་ཡང་།།
འདི་ལྟར་ཐུག་རྩིས་མ་བྱས།།
ཐུག་ན་འདོད་པའི་མི་དེ།།
མདུན་ན་ཡོད་པའི་ཁྱེད་རེད།།
༣
གྲ་སྒྲིག་མེད་པར་ཐུག་དུས།།
ཁྱེད་ཀྱིས་བདེ་མོ་ཟེར་བྱུང་།།
ང་ནི་དགའ་སྟེ་དགད་ནས།།
ལྐུག་རྟགས་འདྲ་ཞིག་བསྟན་སོང་།།
༤
ཁྱེད་ནི་ཁྱིམ་འདིའི་གནས་མོ།།
ང་ནི་ཕྱོགས་ཡོང་མགྲོན་པོ།།
ཇ་ཡུན་གཅིག་གི་འཕྲོ་ནས།།
སོ་སོར་འབྲལ་དགོས་ཨེ་རེད།།
༥
ཞྭ་མཆུའི་འོག་གི་སྣ་བ།།
དེ་འདྲའི་ཚོད་ལ་རན་པ།།
མིག་གིས་ཟུམ་བུས་བལྟ་ཞིང་།།
ཞར་ལ་ཅུང་ཟད་དམུལ་བ།།
༦
སྨན་ཆུང་ཁྲ་ཟི་བ་ཁྱོད།།
འདི་ལྟར་དྭངས་པ་ཅི་རེད།།
དྭངས་ཤ་རྫོགས་པའི་ཁྱོད་ལ།།
ང་ནི་ལྟ་བ་མི་བཟོད།།
༧
སྨན་ཆུང་མཛེས་རིས་པ་ཁྱོད།།
འདི་འདྲ་མཛེས་པ་ཅི་རེད།།
སེམས་པ་འཇབ་ཅིང་འཇབ་ནས།།
ཁྱེད་ཀྱི་གོང་ཁར་བབས་ཡོད།།
༨
ཉྭ་གདོང་བར་དུ་སླེབས་པའི།།
ཤམ་ལྭ་འདི་ལ་དུ་རེད།།
མགྱོགས་པོར་ཕྱིན་པའི་སྐབས་སུ།།
པུས་མོའི་ཡན་ཆད་བསིལ་ལམ།།
༩
ཕར་འགྲོའི་རྒྱབ་གཟུགས་ཕྲ་མོར།།
ལག་པས་རེག་རེག་བྱེད་འདོད།།
ཚུར་འོང་ལུས་ཀྱི་ཆ་ཀུན།།
སྤྲུལ་བ་བཞིན་དུ་སྒེག་པ།།
༡༠
ཁོམ་ན་ཡོང་གིན་སྡོད་ཅེས།།
མཆུ་སྒྲོས་དལ་གྱིས་བསྐྱོད་བྱུང་།།
ཁྱེད་ཀྱི་མཆུ་སྒྲོས་བསྐྱོད་སྐབས།།
ང་ནི་དོན་མེད་དཀའ་བྱུང་།།
༡༡
ཉིན་འགའ་སོང་བའི་རྗེས་སུ།།
སྐད་འཕྲིན་ནང་ནས་ཐུག་བྱུང་།།
གསར་བུ་ཞིག་ལ་གནམ་ཁབ།།
མ་བརྒྱབ་ལོས་དྲག་ཟེར་བ།།
༡༢
མཛེས་མ་དྲན་པའི་སྐབས་སུ།།
གནམ་ཁབ་རྒྱག་པ་མ་གཏོགས།།
བློ་ཞིག་མི་འདུག་ལབ་སྐབས།།
ཁྱེད་ཀྱང་ཀུ་རེ་བརྩེས་བྱུང་།།
༡༣
ཐེངས་གཅིག་ཐུག་པའི་རྗེས་ནས།།
ཡང་ཡང་ཐུག་ན་འདོད་བྱུང་།།
འོན་ཀྱང་ཐུག་དབང་ཅི་ཡོད།།
ཡིན་ཀྱང་དྲན་དབང་ལོས་ཡོད།།
༡༤
ཉིན་ཞིག་གནམ་ཁབ་ཚར་རྗེས།།
ཁྱེད་ལ་བསམ་ནས་ཡོང་ཡང་།།
ཁྱེད་ཀྱི་ཞལ་ངོ་སྟོན་ས།།
ལམ་འགྲོ་ང་ལ་མ་རེད།།

༡༥
ཁྱེད་ནི་འགྲུལ་ཁང་ནང་ན།།
སོ་སོའི་དགའ་བོའི་འཁྲིས་ན།།
ང་ནི་སྦུག་ཁང་གདན་སྟེང་།།
སྒུག་སྟེ་སྒུག་བཟོད་མི་འདུག །
༡༦
ལས་ཀ་ཚར་ནས་ཐོན་རུང་།།
གསོལ་ཁང་དངོས་གཞིར་སླེབས་ཀྱང་།།
ང་ནི་ཅ་ག་ཞིག་ལྟར།།
སྤྱན་ཟུར་ལྟ་ཚོད་མ་རེད།།
༡༧
བསམ་ན་ཁྱེད་ལ་ཅི་ཁག །
མི་ཚེའི་སྐྲ་བདག་གམ་རེད།།
བསམ་ན་ང་ལ་ཅི་ཉེས།།
གཞན་གྱི་ཚེ་རོགས་འདོད་པ།།
༡༨
ཁྱེད་ཀྱི་ཁྱིམ་ལ་ཡོང་ནས།།
ཁྱེད་ལ་སེམས་ངོགས་སྟོན་འདི།།
དཀའ་ལུགས་དཀའ་ཚོད་མ་འདྲི།།
དཀའ་གནད་དྲིས་པའི་དཀའ་རེད།།
༡༩
སྒོ་སྲུབས་བརྒྱུད་ནས་ཡལ་བའི།།
ཁྱེད་ཀྱི་ཆ་ཤས་མཐོང་ཚེ།།
ང་ནི་སེར་བུས་བཏབ་པའི།།
ཤིང་བལ་བཞིན་དུ་བཏེགས་ཡོང་།།
༢༠
ལུག་ཤ་རྒྱ་མ་གང་འདི།།
གང་ནས་ཟོས་ན་ཆོག་རུང་།།
འདི་ནས་འདི་ལྟར་བལྡད་དེ།།
ཐུག་པ་ཚ་པོ་འཐུང་འདོད།།
༢༡
ཤ་མོག་སྡེར་མ་གང་འདི།།
གང་ན་ཡིན་ཀྱང་ཡོད་རུང་།།
ཁྱེད་ཀྱི་མིག་ལ་བལྟས་ཏེ།།
དལ་གྱིས་ཟོས་ན་འདོད་སོང་།།
༢༢
མར་ཐུད་འོ་མ་རྩམ་པ།།
རང་གི་ཁྱིམ་ནང་མང་རུང་།།
ཁྱེད་ཀྱི་ལག་ཟས་ཟ་བར།།
ང་ནི་ཅིག་གིས་དེད་འདྲ།།
༢༣
ང་འདྲའི་མགོ་སྟོང་མང་ན།།
འཇིག་རྟེན་འདི་ནི་དཀའ་བ།།
མཛེས་མ་རྣམས་ནི་ངལ་བ།།
ཅི་མ་ཡིན་ཞིག་ལོས་ཡིན།།
༢༣
གསོལ་ཁང་ནང་དུ་ཡོང་ན།།
ཟ་མ་ལོས་ཀྱང་ཟ་དགོས།།
ཡིན་མདོག་མིན་མདོག་མེད་པར།།
བལྟས་ནས་འདུག་སྲོལ་ཅི་ཡོད།།
༢༤
ཅི་ཞིག་ཟོས་ན་མ་རེད།།
མ་ཟོས་ན་ཡང་མ་རེད།།
ཕོ་བ་བརྒྱགས་པའི་དུས་སུ།།
བྱ་རྒྱུ་བྱེད་རྒྱུ་མི་འདུག །
༢༥
གསང་སྤྱོད་ཁང་དུ་འཛུལ་དུས།།
ཁྱེད་ཀྱི་པར་ཞིག་བཀལ་འདུག །
ཆུ་ཚོད་ཕྱེད་ཀ་ཙམ་ལ།།
གཏོང་རྒྱུ་མེད་ཀྱང་བསྡད་ཡིན།།
༢༦
གསོལ་ཁང་སྐས་སྒོའི་ཟུར་གྱི།།
མིང་རྟགས་འགོད་ས་དེ་རུ།།
སེང་རྡོར་ཞེས་པའི་ཡིག་འཁྱོག །
ལག་མགོ་འདར་འདར་བྲིས་ཡོད།།
༢༧
འདར་དོན་ག་རེ་ཡོད་ཅེས།།
རང་གིས་རང་ལ་དྲིས་དུས།།
མ་གཞི་ཁྱོད་ཀྱི་བྱེད་པས།།
ང་ཡིས་རང་ལྕོགས་དཀའ་འདུག །
༢༨
དེ་དུས་སྙིང་ཁར་མ་རེག །
དེ་དུས་སྙིང་ཁར་རེག་ཚེ།།
སྟིག་སྒྲ་གྲག་གིན་ཡོད་ངེས།།
ང་འདིའི་བླ་རྩ་ཡང་ཨང་།།
༢༩
མུན་པའི་ཁྲོད་དུ་ཕྱིན་ཏེ།།
ཕྱི་མིག་གཉོམ་པོ་འཕེན་དུས།།
དྲ་མའི་འོད་དང་འགྲོགས་ཏེ།།
ཁྱེད་རང་ཉལ་ཁང་ཕྱིན་སོང་།།

༣༠
ཁྱེད་ཀྱིས་ཉལ་ལྭ་གྱོན་ནས།།
རྐང་རྗེན་བསྡད་ཡོད་འདོད་ན།།
སྔུན་ན་ཡོད་པ་ལྟར་དུ།།
ལག་པ་རྐྱོང་དགོས་ཡོད་དོ།།
༣༡
ཉི་འབྲུ་ཧྲིག་ཧྲིག་འཆའ་བཞིན།།
ཚགས་པར་བལྟས་ཡོད་བསམ་ན།།
རྒྱུ་མཚན་ཅི་ཡང་མེད་པར།།
སེམས་ལ་དགའ་རྒྱུ་ཡོང་གི །
༣༢
སྔས་གློག་བསད་མ་ཐག་ཏུ།།
ཉལ་ཐུལ་མགོ་ལ་གྱོན་ནས།།
ཁྱོ་བོར་འཁྱུད་སོང་བསམ་ན།།
དོན་མེད་འབར་ཤ་བྱེད་འདོད།།
༣༣
གཞན་གྱི་བཟའ་ཚང་ཉལ་ན།།
ང་ལ་བབས་ཁུར་ཅི་ཡོད།།
གནས་ལུགས་དེ་ལྟར་རེད་མོད།།
ཞེན་ཆགས་དེ་ལས་ལྡོག་འདུག །
༣༤
ང་ལ་མོ་དད་ཆེ་ནས།།
ནོར་གྱི་ཡོད་པ་མིན་ན།།
སྨན་ཁང་གཉིས་པའི་སྨན་ལས།།
ཁྱེད་ཀྱི་རྣམ་འགྱུར་སྨན་འདྲ།།
༣༥
ང་ལ་མོ་དད་ཆེ་ནས།།
འཆུག་གི་ཡོད་པ་མིན་ན།།
རིལ་བུ་འགའ་ཞིག་ཟ་ལས།།
ཁྱེད་རང་དྲན་པས་ཕན་པ།།
༣༦
སོ་སོའི་ལུང་པར་སྐྱེས་ཏེ།།
རང་རང་ཡུལ་ནས་འཚར་ཏེ།།
མི་ཚེའི་ད་ཚོད་ཅིག་ལ།།
ལྷན་འཛོམས་འཁྱུག་ཙམ་རག་སོང་།།
༣༧
ལས་དབང་ཟེར་ཡ་འདི་རེད།།
སྟེས་དབང་ཟེར་ཡ་འདི་རེད།།
ཆ་མེད་ཕོ་མོའི་བར་ཐག །
རིང་ཡང་ཐུང་ཡང་འདི་རེད།།
༣༨
ཕོ་རྐྱང་མོ་རྐྱང་ཡིན་དུས།།
ཐུག་རྒྱུའི་བློ་ཞིག་མེད་ཅིང་།།
གནས་མ་བུ་ཁྲིད་ཡིན་དུས།།
ད་གཟོད་ག་ཤེད་ཐུག་འོང་།།
༣༩
གོ་སྐབས་ཡོད་དུས་མི་ཐུག །
བཀོད་པ་མེད་དུས་འཕྲད་ཡོང་།།
ལས་དབང་བསམ་ནག་ཨེ་རེད།།
ཁ་ཡིག་སྐོར་ལོག་ཨེ་རེད།།
༤༠
འདི་ནི་སྙན་པའི་ངག་ཡིན།།
དངོས་སུ་བྱུང་བའི་སྒྲུང་ཡིན།།
ཆེད་དུ་བྱས་པའི་གར་ཡིན།།
དབང་མེད་ཐལ་བའི་གཞས་ཡིན།།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།