ཕྲན་གྱི་མིང་དངོས་ལ་སྒོ་ཡག་བསོད་བཀྲ་དང་པིར་མིང་ལ་ཐོང་གཤོལ་ཞེས་འབོད། 1988ལོར་མདོ་སྨད་བླ་བྲང་གི་སའི་ཆར་གཏོགས་པའི་ཡུལ་ལུང་ཞིག་ཏུ་སྐྱེས་པ་ཡིན། སློབ་ཆུང་དང་དམའ་འབྲིང་གི་ཐེམ་པ་བརྒལ་མྱོང་ཙམ་ཡིན། ཕྲན་ལ་མཚོན་ན་2008ལོ་ནས་ད་བར་དུ་བརྩིས་པའི་ལོ་ངོ་བརྒྱད་ནི། ལས་ཀྱི་རྡེའུ་དཀར་ནག་མི་ཚེའི་རླུང་གིས་དེད་པའི་ལོ་ངོ་བཅུ་ཡི་དུས་ཚོད་ཡིན་ཏེ། ཉིས་སྟོང་བརྒྱད་ནས་བཅུ་གསུམ་བར་དུ་དཔེ་ཆ་དང་གཏན་དུ་གྱེས་པའི་ལོ་ངོ་ལྔ་དང་། ཉིས་སྟོང་བཅུ་གཅིག་ནས་ད་བར་དུ། འཇིག་རྟེན་ཅི་འདྲ་ཆེ་ཡང་ངས་ཆགས་སྡང་གི་སྲང་ལམ་གཉིས་ལས་ངོ་མི་ཤེས་པའི་ལོ་ངོ་ལྔ་ཡི་དུས་ཚོད་ཡིན། ང་རང་ཉིད་ཀྱི་འཚོ་བར་ཧ་ཅང་དགའ་ཞིང་དད། ཞིང་རྨོད་དུས་དང་ལོ་འབྲེག་དུས་ཀྱི་སྣང་བ་དེ་དག་ལས། ངས་ནམ་ཡང་རང་ཉིད་རྙེད་སྲིད་པར་ཡིད་ཆེས་མི་ཕྱེད་པ་ཞིག་བྱེད་ཀྱིན་ཡོད། ནས་འབྲུ་དང་། ཐོང་གཤོལ། རྨོན་མཛོ། རྣོ་ཟོར། ཞིང་ས་སོགས་ནི་ངའི་ཁྲག་རྒྱུན་གྱི་ཝུ་བ་འཕྱུར་བྱེད་ཀྱི་དོན་གྱི་ཕྱི་མོ་ཡིན་ལ། སེམས་ཀྱི་སྐོམ་པ་སེལ་བྱེད་ཀྱི་དཔེ་ཡི་ཕྱི་མོའང་ཡིན། མདོར་ན་བདག་གི་སྙན་ངག་གི་ཕྱི་མོ་ཡང་ཡིན་ནོ།
སྟོན་ཁ།
རླུང་བུ་ཤིག་ཤིག་གིས ལོ་ཏོག་གི་སྐྲ་ལོ་ཤད་དུས
ཟོར་བ་རྣོན་པོ་ཞིག་གིས་ངའི་སེམས་རྩ་འབྲེག
ཟམ་མི་ཆད་པའི་ཆར་བའི་ཁྲོད་ཀྱི་དུས་ཚིགས་འདི
ཞིང་ཁའི་རྩྭ་ལྡུམ་གསེང་ན་འགུལ་བའི
རྣོ་ཟོར་ཞིག་དྲན་ཚུལ་རེད
ཁྱོད་ཀྱིས་རླུང་གིས་ཁུར་བའི་པང་ཁེབས་སྔོན་པོ་ཞིག་དྲན་སྲིད
སྒོ་ཕྱིར་གཡེང་སྟེ་རལ་བའི་བེར་ལྭ་ལྗང་ཁུ་ཞིག་ཀྱང་དྲན་སྲིད
མིག་ནང་གི་གྲ་མ
རླུང་ནང་གི་མེ་ལྕེ
ལུས་ཀྱི་རླུང་ནང་གི་ཚྭ་ཁུའི་བྲོ་བར་ཟད་མཐའ་མེད་པས་ཡིན་ནམ
ཉི་འོད་ཀྱི་སྐ་རགས་ཤ་ལ་ཟུག་སྟེ་རུས་པར་འཐམ་འགྲོ
༢༠༡༥།༨།༡༤།ཉིན།
ཞིང་རྨོད་དུས་ཀྱི་སྣང་ཡུལ་ཞིག
ཞོགས་པར། ང་ཞིང་གི་སྒེའུ་ཁུང་ཁར་ཕྱིན་ཏེ།
རོལ་གྱི་ཡོལ་བ་བཀྱགས་པ་ན།
ཉི་ཟེར་གྱི་གའུར་རྨི་ལམ་གྱི་ས་བོན་བཅུག་པའི།
རང་ཁྱིམ་གྱི་བྱིས་པ་བཞི་བོ་མཐོང་ཡོང་།
མཆོད་འབུལ་བྱས།
ཚ་གསུར་ཕུད།
ལྷ་བསང་གཏོང་བཞིན་པའི་ཕ་མ་གཉིས་མཐོང་ཡོང་།
ཞོགས་ཆུ་བཅུས།
ལྕི་བ་བསྒྲུགས།
ནངས་ཇ་སྐོལ་བཞིན་པའི་ཆུང་མ་མཐོང་ཡོང་།
ས་ནག་མཆིན་པའི་གཏིང་གི།
གཉུག་གཤིས་ཀྱི་ང་རོ།
བརྩེ་ཞེན་གྱི་མཁའ་དབུགས།
ངལ་རྩོལ་གྱི་ཐོལ་རླངས་དང་ལྷན་དུ།
དུ་བ་ལྷོག་ལྷོག་འཕྱུར་བའི་གཞིས་ཁྱིམ་ཧྲིལ་བོ་ཞིག
དུས་ཚོད་ཀྱི་རོལ་ཤུལ་རེ་རེ་ལས་མཐོང་ཡོང་།
2015 10 14
གྲིབ་མ།
མཚོ་ངོས་ཀྱི་གཡོར་གྲུ་ལྟ་བུའི་གྲིབ་མ།
ངའི་རྣམ་ཤེས་ཀྱི་འོད་ངོགས་སུ་སླེབས།
ཚངས་དབྱངས་རྒྱ་མཚོའི་མནལ་ལམ་དང་འདྲ་བར།
ལྷ་ཞལ་བཀྲུས་ཙམ་དང་མཆོད་རྟེན་ནུབ་ཙམ་གྱི་རླུང་བུ།
ལོ་ཏོག་གི་རོལ་ཆ་དང་རྩི་ཤིང་གི་གྲེ་བ་འགག་རྗེས་ཀྱི་མགྲིན་པ།
ཡོད་འོས་པའི་ཁ་བ་དང་མེ་ཏོག་གཞན་དག་ཀྱང་།
ཁྱོད་ཀྱི་གྲིབ་མས་ཁྲིད་དེ་ཐག་རིང་གི་གནས་སུ་གཏོར།
སྟོན་ཀ་ཚེས་ཟིན་ནའང་།
ཕ་ཡུལ་གྱི་བཞིན་ན་ལོ་ལེགས་ཀྱི་འཛུམ་མདངས་མི་འདུག
འཆི་བ་མི་དྲན་པའི་ཡུལ་མི་འདི་དག
འཁྲུལ་སྣང་གི་སེང་རས་ལ་ཟུག་པའི་གྲ་མ་དང་འདྲ།
འཇིག་རྟེན་གྱི་ཆུ་བོས་ང་རང་རྒྱང་དུ་བདས་རྗེས།
ལག་པའི་ནང་གི་བྱེ་མ་སྤར་གང་རྡོ་རུ་གྱུར་བ་དེས།
ཁྱོད་ཀྱི་མིག་འོད་དང་སྦྲེལ་བའི།
སྐུད་པ་ཕྲ་མོ་འདི་མནན་ནས་རང་ཉིད་ཤོག་བྱ་བཞིན་སྤུར་འདོད།
ལོ་ཁ་ཤས་ཀྱི་རྐྱལ་བས་ང་རང་བཏེགས་ཏེ།
མི་ཚོགས་ཀྱི་བྱེ་ཟེགས་དེད་པའི་གཙང་བོ་འདིར་རྐྱལ་རྐྱལ་རྗེས།
ནམ་ཞིག་ཡུལ་ལ་ལྡོག་རན་ཏེ།
རབ་ཁར་ཉི་མར་ལྡེ་བའི་བྱིས་པ་ཇི་བཞིན།
རང་གི་རྣམ་ཤེས་ཀྱི་འོད་ངོགས་སུ་འགྲེང་དུས།
ང་ལ་གྲིབ་མ་མི་འདུག
2015 10 19
ཁྱོད་ལ་ཕུལ་བ།
སྒེའུ་ཁུང་ཁར་ནས་འབྲུ་ཞིག་བཞག་སྟེ་ཁྱོད་ལ་སྒུག་ཡོད།
བར་ཐག་གི་ནམ་མཁའ་ས་བོན་གྱི་གསང་བར་སྦྲུམ་ཡོད།
ལྟེབས་ཆག་བརྒྱབ་པའི་རྨི་ལམ་གྱི་ཞིང་ཐེམ་རེ་ནས།
ངའི་མིག་ལམ་དུ་ལོ་ཡག་གི་སྙེ་མ་གང་ཞིག་ལྡེམ་ཚུལ་གྱིས།
འཇུར་ཐོགས་པའི་ཉི་འོད་ཀྱི་སྐུད་པ་ལས་འཛར་བའི།
ལུས་སེམས་ཀྱི་ཆ་ཤས་ག་ཙམ་ཞིག་བརྗེད་ངེས་ཀྱི་རླུང་གིས་ཁྱེར།
ཉི་ཟེར་ལ་གྲིབ་མ་བཀལ་ཏེ་ཁྱོད་རང་དྲན་པ་ནི།
ངའི་སེམས་ནས་རྣོ་ཟོར་ཞིག་གློག་བཞིན་འཁྱུག་ཚུལ་རེད།
ཚོད་ཚོད་ལ་མིའི་རིགས་ཀྱི་དུས་ཚོད་ཀྱི་སོག་མ་དང་།
སྐྱེ་འཆིའི་མགོ་བོ་མ་ལུས་ཤུལ་མེད་དུ་འབྲེག་ཚུལ་ཞིག་རེད།
མི་ཡུལ་ནི་སྒོ་ཞིང་ཕྱི་ཡི་མཚན་མོ་དང་འདྲ།
དུས་ཚོད་ཀྱི་ཁ་བ་ཁོ་ན་རྡུལ་བཞིན་འབབ་ཀྱིན་འདུག
ང་རང་ཆུ་ཁ་ཞིག་ནས་ལུས་ཏེ་ཁྱོད་ལ་ཨ་ཅེ་ཞེས་བོས་པ་དེ་ནི།
འཇིག་རྟེན་ན་མེད་པའི་ངག་གི་ལོ་མ་ཞིག་སེམས་ཀྱིས་རྙེད་ཚུལ་ཡིན།
འོད་ཀྱི་མདུད་པ་ལྟ་བུའི་ནས་འབྲུ་འདི་ས་ལ་མ་ལྷུང་སྔོན་དུ།
ཐང་སྟོང་འདིའི་རྡོ་ངོས་སུ་བུ་མོ་ཁྱོད་རང་བྲི་བར་བྱ།
རླུང་དང་ཙག་གི་ཡལ་ག་ལས་རུས་པའི་མེ་ཏོག་བཞད་པར་བྱ།
མགྲིན་པའི་གཏིང་གི་མཚམས་སྤྲིན་གྱི་མེ་ནང་དུ།
བདག་གི་དུར་འདེབས་པར་བྱའོ།།