རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་ཕྱོགས་བསྒྲིགས།

361

QQ图片20160414233420.jpg

        གྲིབ་མ་མགྱོགས་པོ།

     

     བྱིའུ་དེ་ནི
     གྲིབ་མའི་ནང་ནས་ཟགས
     བྱི་འུ་དེ་ནི
     ཁ་རླངས་མ་བཏང་བའི་སྔོན་དུ་ཡལ
     བྱིའུ་དེ་ནི
     བརྗེད་པར་གྱུར་ཅིག

     དེ་རིང་ཀོག་ཧྥེ་འཐུང་སྐབས
     གློ་རྡེག་ལ
     དུས་ཚོད་ལྔ་དང་ཕྱེད་ཀའི་ཐོག
     ཇ་ཁང་ཆུང་ངུ་ཞིག་ལས
     རང་ཉིད་གཅིག་བུས
     སྒྲུང་ཞིག་ཀློག་སྐབས
     རྒྱབ་བསྙེས་སའི་རྐུབ་སྟེག་དང
     ཀོག་ཧྥེ་འཇོག་སའི་ཅོག་ཙེ་སྒང་ན
     འདས་པའི་དུས་ཀྱི
     ཡལ་ཚར་བའི
     བྱིའུ་དེ་ནི
     མིག་ལམ་དུ་རབ་རིབ་ཀྱིས་མངོན
     གཤོག་རྩལ་དམའ་མོས
     སྐད་སྒྲ་གཉོམ་པོས
     བྱིའུ་དེ་ཡང་དང་བསྐྱར་དུ
     ཀློག་བཞིན་པའི་སྒྲུང་དེབ་ཁྲོད་ཀྱི
     མི་སྣ་རུ་གྱུར
     འཐུང་བཞིན་པའི་ཀོག་ཧྥེ་ཡི
     མངར་ཆ་རུ་གྱུར

     བྱིའུ
     འཕུར་བསམས་ནའང
     གྲིབ་མ་མགྱོགས་པོ་རེད
     བྱིའུ་འབབ་བསམས་ན་འང
     གྲིབ་མ་མགྱོགས་པོ་རེད
     བྱིའུ
     ངའི་དུས་ཚོད་ལ་ཟྭ་བརྒྱབ་འདུག
     བྱིའུ
     ངའི་རྨི་ལམ་ལ་ཁ་སྤུ་སྐྱེས་འདུག

     བྱིའུ།  བྱིའུ

QQ图片20160414233902.jpg

            དབྱངས་ཀྱི་རས་པ།


                                – དེ་རིང་གཅན་མེ་སྟག་ལགས་ལ་ཁ་བརྡར་བྲིས།


     སིལ་ཏོག་གཅིག་ཟོས
     སིལ་ཏོག་གཉིས་ཟོས
     སིལ་ཏོག་གསུམ་པར་སོ་འདེབས་དུས
     ཁྱེད་ཀྱིས
     སིལ་ཏོག་གཅིག་གི་ཕྱེད་ཀ་ཉི་མར་བཅོལ
     ད་དུང་ཚེ་རབས་རྗེས་མར་བཅོལ
     སྐབས་དེ་ལ
     རྟ་བོར་ཐང་ནས་ཁྱེད་ཀྱིས་ཆང་ཕོར་ལག་ཏུ་ཁྱེར་ནས
     གཡས་སུ་འཁྱོར
     གཡོན་དུ་འཁྱོར
     མིག་ཟུང་འཕྲུལ
     ཡིན་རུང་དབང་རྩའི་སྦུབས་སུ
     པོ་ཏཱ་ལའི་འདབས་ཀྱི
     བར་སྐོར་གླིང་གི
     གཡུ་ཐོག་ལམ་གྱི
     ཡར་ཀླུང་རྩེད་ཐང་གི
     སྤྲེའུ་དེ་རང་ཉིད་ཡིན་པ་འཁོར
     གྲིབ་མའི་ནང་ལ་སྤོས
     གྲིབ་མ་མཐོང་ནས་འཇིགས
     གྲིབ་མ་མཐོང་ནས་ངུས

QQ图片20160414234055.jpg


                   ཁྱེད།
            

     ཁྱེད་ལྷ་ས་ནས་འོང་ན
     ཕྱིར་ལྷ་སར་ལོག་དགོས
     ལྷ་ས
     ནགས་ཚལ་དེའི་སེང་གེ་ཡིན
     ཁྱེད་ཀྱིས་སེང་གེ་དེ་རྙེད་དགོས
     རལ་བ་མཐོང་དགོས
     གད་རྒྱངས་ཐོས་དགོས

     ཁྱེད་ལྷ་སར་ལོག་ན
     བར་སྐོར་གླིང་ནས
     ལྷ་ས་བཙལ་དགོས
     སྲང་ལམ་དུ་བཙལ་དགོས
     སྦས་ལམ་དུ་བཙལ་དགོས
     པོ་ཏཱ་ལའི་གཙང་ཁང་སྦུག་མ་ནས་བཙལ་དགོས

     ཁྱེད་ལྷ་ས་ནས་འོང་ན
     ལྷ་ཀླུའི་འདམ་ར་ནས
     ཡབ་གཞིས་དྲུག་གི་གླིང་ག་ཉུལ་དགོས
     གཡུ་ཐོག་ལམ་ནས
     སྨྲ་ར་ཤིག་ཤིག་གི་སྐུ་ངོ་ཚོ་མཐོང་དགོས

     ཁྱེད་ལྷ་ས་ནས་འོང་ན
     ཕྱིར་ལྷ་སར་ལོག་དགོས

QQ图片20160414234747.jpg


     མེ་ལོང་ནང་གི་རྔུལ་ཆུ།
                                                 – 3.8
    

    ཅོག་ཙེ་སྒང་ལ་ཤེལ་ཕོར་ཞིག་བཞག་ཡོད
    ཤེལ་ཕོར་དེ་འཛིན་པའི་ལག་པ
     ཉི་མ་ཡིན
     དྲོད་སྣང་སྦྱིན་པར་བྱེད

     སྒེའུ་ཁུང་འགྲམ་དུ་མེ་ཏོག་བུམ་པ་ཞིག་བཤམས་ཡོད
     དེ་ལ་ཆུ་སྦྲེང་བྱེད་པའི་མཛུབ་མོ
     ཟླ་བ་ཡིན
     མུན་པ་སེལ་བར་བྱེད

     མེ་ལོང་ནང་དུ་འཛུམ་མདངས་ཤིག་བྲིས་ཡོད
     དེ་ལ་བརྩེ་བ་བྱུགས་པའི་ལན་བུ
     མུ་ཏིག་སྤར་བ་གང་ཡིན
     ཕྱེད་ཀ་རྨི་ལམ་ལ་བཞག
     ཕྱེད་ཀ་འོད་སྣང་ལ་བཅོལ

QQ图片20160414235125.jpg
       ནམ་གུང་།
    

     ངུ་ཤེས་པའི་རླུང
     གང་ན་ཡོད
    བོས་ན་ཨ་ཟེར་བའི་གཙང་བོ
     གང་ན་ཡོད

     སྐད་ཤུགས་བཏོན་ནས
     ཁྱེད་རང་བོས་ན
     སྡོང་བོ་འགུལ་ཙམ་བྱེད
     སྡོང་བོ
     ལོ་མ་བརྒྱ་དང་བརྒྱད་པོ
     སུ་ཡི་རྨི་ལམ་ཡིན

     སྐད་ཅོར་རྒྱག་པའི་དུས་ཚོད
     གྱང་ངོས་ན་འཕག

     འཇིམ་གཟུགས་ཀྱི་ཁྱེད
     རྡོ་བ་དེ་རེད
     བྱི་བ་དེ་རེད
     འབུ་སྦྲང་དེ་རེད
     ད་དུང་མུན་པ་དེ་རེད

     དམྱལ་བ་ལྟ་བུའི་འཁོར་བ
     ཡི་དྭགས་ལྟ་བུའི་མི
     མེ་ལྕེ་ལྟ་བུའི་འདོད་ཆགས
     ཚྭ་ཆུ་ལྟ་བུའི་སྲེད་པ
     ང་རང་ནི
     ང་རང་ནི་ཡོད་ཚད་ཀྱིས་ཟོས་རྗེས
     གཞི་ནས་ཐལ་བ་རུ་གྱུར་ནས
     ཐལ་བ་སྤར་མོ་གང་དུ་གྱུར་ནས
     རླུང་ཁ་རུ་མཆོད་འོས
QQ图片20160414234812.jpg

            མི་ཧྲེང་།

    
     ནམ་གུང་གི་དུས་སུ
     ཆུ་འགྲམ་ནས་འབོད་མཁན་དེ
     གཙང་ངོགས་ནས་ལག་པ་གཡོབ་མཁན་དེ
     ཁ་བ་སྙིམ་པར་འཆང་ནས་སེམས་སྟོན་མཁན་དེ

     མིག་གཉིས་སྒེའུ་ཁུང་ལ་བསྙེས་ནས
     སྐར་མ་རེ་འགའ་མཐོང་དུས
     ཚོད་ཚོད་ལ་སྐད་འབོད་གཏོང་མཁན་དེ

     སྲང་ལམ་ནས་ཡར་འགྲོ་མར་འགྲོ་བྱེད་སྐབས
     གཞན་ལ་གདོང་ཐུག་རྒྱག་ཞོར
     ཆིག་ལབ་ཁོ་ནས
     ཐག་རིང་ཐག་རིང་གླེང་མཁན་དེ

     མལ་ཁྲིའི་སྒང་དུ་ཙོག་བུར་སྡོད་སྐབས
     གྱང་ངོས་ཀྱི་གྲིབ་གཟུགས་ཁྲོད་དུ
     ཨུ་ཚུགས་ཀྱིས་སྐུང་མཁན་དེ

     མཚམས་རེར
     རང་ལུས་ལ་བསྙབས་ཏེ
     ལུས་པོ་བོར་ཡོད་མེད་ལ་དོགས་པ་ཟ་མཁན་དེ

 

        ཟི་ལིང་

                             ( ཚན་པ་གཉིས།)

     ཟི་ལིང
     སྦྲང་ནག་ཅིག་ཡིན་ན
     གློ་བ་དང་རྒྱུ་མའང
     གློག་སྐུད་ཡིན་ངེས

     ཟི་ལིང
     བ་གླང་ཞིག་ཡིན་ན
     གཅིན་དང་ལྕི་བའང
     ཨར་འདམ་ཡིན་ངེས

     ཟི་ལིང
     བོང་བུ་ཞིག་ཡིན་ན
     རྣ་བ་དང་སྤུ་མདོག་ཀྱང
     དབུགས་ལྒང་ཡིན་ངེས

      ཟི་ལིང་། 

    
     ཟི་ལིང་དུ
     ལོ་རེ་གཉིས་ཀྱི་འཕྲོར
     གྲོགས་པོ་ཚོ་བོར་འགྲོ་བར་ཁག་མི་འདུག
     འཕྲུལ་རིགས་ཀྱི་མཆེ་བ
     དུ་སྨུག་གི་ལྡ་ལྡི
     གློག་འོད་ཀྱི་མེ་ལྕེས་བཞུ་ངེས

QQ图片20160414233430.jpg

         དྲི་མ།
    

     ངོ་གདོང་འཁྲུད་སྐབས
     མིག་སྐྱག་འཁྲུད་ཐབས་མི་འདུག
     མིག་སྐྱག་འོག་གི་འཇིག་རྟེན
     ཞེ་སྡང
     འདོད་ཆགས
     ཕྲག་དོག
     གཏི་མུག
     སྡིག་སྒྲིབ་འོག་གི་ཁྱེད
     སྨུག་རྒྱུའི་འོག་གི་ང
     ཟང་ཟིང
     འཐབ་འཛིངས
     གཡུལ་འགྱེད

     ལམ་དུ་བུད་ན
     ཀྱག་ཀྱོག
     སྒང་དུ་བུད་ན
     གཡང་གཟར

     ངོ་གདོང་འཁྲུད་སྐབས
     མེ་ལོང་དུ་ཤར་བ་འདི་དག
     འཁྲུད་ཐབས་མི་འདུག
     ད་ནི
     མེ་ལོང་གཅག་པར་བྱའོ
     བརྡུང་བར་བྱའོ
     ཐབས་རྡུག་པའི་ལག་པ་འདིས
     བྱ་ཐབས་གཞན་གང་ཡང་མ་རྙེད

     སེམས་ནི་དྲི་མར་འདྲེས་ཤིང
     དྲི་མ་རྡུལ་དུ་འཚུབ་པས
     མིག་བསྒྲིབས
     རྣ་བ་བསྒྲིབས
     ནང་གི་འོད་ཟེར་བསྒྲིབས
     ནང་གི་འོད་ཟེར
     ནག་པོ
     རུལ་བ
     ཧྲུལ་བོ

QQ图片20160414234756.jpg

          དྲི་བ།

 

      ཡིད་དུ་འོང་བའི་དངོས་པོ་དག
     བསྲེགས
     བཅོམ
     བརྡུངས
     དོར
     གཡུགས

     འོ།  ད་དུང
     རང་ལུས་ཀྱི་ཤ་རུས་ཁྲག་གསུམ་ལ
     མ་ཆགས
     མ་ཞེན
     སྙིང་པོ་མེད་པར་བལྟས
     འབུ་སྲིན་གྱི་མལ་སྟན་དུ་སྒོམ
     ཡང་ནས་ཡང་དུ
     སྒྱུ་མར་བསམ་ན
     རྨི་ལམ་དུ
     ཁྱེད་དགོད་དུས
     ངས་རྣ་བ་འགེབས་དགོས
     རྨི་ལམ་དུ
     ཁྱེད་མཐོང་དུས
     མིག་ཟུང་བསྒྲིབ་དགོས

     གཅེས་པའི་སེམས
     གཅེས་པའི་ངག
     གཅེས་པའི་ཁྱེད
     རྙེད་རྒྱུ་མེད་པ་ཞིག་རྙེད་པ་ཡིན་ན
     དངོས་པོའི་གནས་ལུགས་མིན་ཚེ
     སྨྱོན་པའི་ནང་གི་སྨྱོན་པ
     མ་རུང་བའི་ནང་གི་མ་རུང་བ
     གནས་ལུགས་རེད་དམ
     ང་རེད

QQ图片20160415000459.jpg

           འདྲ་གཟུགས།

    
     མིག་ཟུང་གཡོ་ཤེས་པ་ཙམ་ལས
     ལྟ་མི་ཤེས
     རྣ་བ་འགུལ་ཤེས་པ་ཙམ་ལས
     ཉན་མི་ཤེས

     ཁྱེད
     ལག་པའི་མཐིལ་གྱི་རི་མོ
     སྡོང་བོ་བཞིན་ཡལ་ག་དྲ་བ་དྲ་ཕྱེད་དུ་ཆགས་ཀྱང
     ལོ་མ་ནག་པོ
     གཏི་མུག་གི་མཚོན་བྱེད
     ཡལ་ག་དམར་པོ
     ཞེ་སྡང་གི་མཚོན་བྱེད

     རྩ་བ་ཟུག་ས
     འདམ་དང་འདྲེས་པས
     འདམ་དེ་ཡང་རྡོ་ཟེགས་དང་འདྲེས་པས
     རྡོ་བ་བཞིན་སྲ་ཞིང་མཁྲེགས་པས
     ཁྱེད་མེ་དང་འཕྲད་ཀྱང་མི་ཚ
     རླུང་དང་འཕྲད་ཀྱང་མི་གཡོ

      ཁྱེད
     མི་གཡོ
     མི་འགུལ
     མི་ཚ

     ཁྱེད་ཨ
     ས་རྡུལ་ཁུར་བའི
     ལྗོན་པ་མ་ཡིན་པར་ལྗོན་པ་དང་འདྲ་བ་ཞིག
     ཚོར་བ་གཡོ་བའི
     མི་ཕོ་ཞིག་མ་ཡིན་པར་མི་ཕོ་ཞིག་དང་འདྲ་བ་ཞིག

      གཞན་གྱིས་མཐར་དེད་དེ་གཡང་ཁ་རུ་ངུ
      དུས་ཚོད་ཀྱི་གོད་ཆག་ཐེབས་ནས་རོ་སྒམ་ན་ངུ

QQ图片20160414234803.jpg

      ལབ་གླེང་།


ཀོག་ཧྥེ་ན་རེ
ཁྱེད་ཀྱི་མཆུ་སྒྲོས་སུ
བྱིའུ་ཆུང་ཞིག་ཉལ་འདུག་ཟེར
བྱིའུ་ཆུང
མགོ་བོ་གཤོག་ལ་བཅུག་ནས
མིག་ཟུང་ལྷེམ་ལྷེམ་བྱེད་བཞིན
དབུགས་རྒྱུ་ལྷིང་བའི་ངང་དུ
རང་གི་ནམ་མཁའ་དྲན་བཞིན་འདུག་ཟེར

ཀོག་ཧྥེ་ན་རེ
ཁྱེད་ཞོགས་པར་གཉིད་ལོག་དོན
ཁྱེད་ཀྱི་རྨི་ལམ་དུ
བྱིའུ་ཆུང་གང་མང་འཕུར་ནས
ཁྱེད་རང་སད་མ་འདོད་པ་རེད་ཟེར

ཀོག་ཧྥེ་ན་རེ
༼ ཉིན་རྒྱུན་ཁྱེད་རང་ཇ་ཁང་དུ་འགྲོ་བ་ནི
ཁྱེད་ཀྱི་དུས་ཚོད་ཆག་པས
ཁྱེད་རང་རྒས་སོང་བས
བྱིའུ་མང་པོའི་རྗེས་སུ་ལུས་པས་རེད་ཟེར

ཀོག་ཧྥེ་ན་རེ
ཁྱེད་ཀྱི་སེམས་སུ
བྱིའུ་དག་ནི་གཙང་འགྲམ་ན་ཡོད་ཅིང
གཙང་བོ་ནི་དྲན་པ་ཐོགས་སར་འདོད་པས
ནམ་ཡང་ཁྱེད་རང
གཙང་འགྲམ་གྱི་ཇ་ཁང་ལ་འོང་རྒྱུར་དགའ་ཟེར

QQ图片20160414235741.jpg

       དེ་ན།  འདི་ན།


དེ་ནི་ག་ནས་སྐྱེས་སམ་རི་བོའི་ཟོམ་གྱི་བྱ་རྒོད་ཅིག། 
དེ་ནི་ག་ནས་སྐྱེས་སམ་ལྗོན་པའི་གསེབ་ཀྱི་བྱི་འུ་ཞིག། 
དེ་ནི་ག་ནས་སྐྱེས་སམ་རྨི་ལམ་ནང་གི་གླེགས་བམ་ཞིག། 
དེ་ནི་ག་ནས་སྐྱེས་སམ་རྩིག་པའི་ངོས་ཀྱི་མེ་ལོང་ཞིག།

འདི་ན་རྨི་ལམ་ནང་གི་སྡོམ་རྒྱ་དེ།།
འདི་ན་རལ་གྲིའི་སོ་ཡི་འོད་ཟེར་དེ།།
འདི་ན་གཙང་བོའི་འགྲམ་གྱི་གྲུ་མཁན་དེ།།
འདི་ན་བར་དོའི་ཕྲང་གི་རྣམ་ཤེས་དེ།།
འདི་ན་དབྱིངས་ལ་ཞུགས་པའི་མི་ཚེ་དེ།།
འདི་ན་བན་བུན་གསེབ་ཀྱི་གླུ་སྐད་དེ།།

དེ་ནི་རིང་དུ་གྱེས་པའི་དུས་ཀྱི་ཉི་འོད་ཅིག།
དེ་ནི་རིང་དུ་གྱེས་པའི་དུས་ཀྱི་མེ་ལྕེབས་ཤིག།
དེ་ནི་རིང་དུ་གྱེས་པའི་དུས་ཀྱི་རས་པ་ཞིག།
དེ་ནི་རིང་དུ་གྱེས་པའི་དུས་ཀྱི་དིང་གླིང་ཞིག།
དེ་ནི་རིང་དུ་གྱེས་པའི་དུས་ཀྱི་སྨུག་པ་ཞིག།

འདི་ན་དབུགས་ཀྱི་འབྱིན་རྔུབ་རྒྱུན་མར་གཏོང་།།
འདི་ན་མིག་གི་རྡེབ་ཚད་མགྱོགས་སུ་གཏོང་།།
འདི་ན་ལུས་ཀྱི་ཤ་རྣམས་བས་བར་གཏོང་།།
འདི་ན་གློ་བའི་ནང་སྙིང་དཀར་པོར་གཏོང་།།

QQ图片20160414235757.jpg

 དབྱིངས་ལ་འབྱམས་པའི་ཡི་གེ་འགའ།


ཤི་སོང་ན་སྐྱེ་བ་ཕྱི་མ་ཡོད་དམ།
རྣམ་ཤེས་བོར་སོང་ན་རྙེད་དམ།
བོར་སོང་བའི་རྣམ་ཤེས་ཀྱིས་ཕ་ཡུལ་མཐོང་ངམ།
ཕ་ཡུལ་གྱི་གཉེན་ཉེ་མཐོང་ངམ།
གཉེན་གྱི་རེ་བ་མཐོང་ངམ།
གཉེན་གྱི་མིག་ཆུ་མཐོང་ངམ།
སྐྲ་ལོ་འཕྱིང་བ་དང་རྒྱབ་གོས་དག་ཧྲུལ་བ་མཐོང་ངམ།

ཤི་སོང་བའི་རྣམ་ཤེས་ནམ་མཁའི་སྐར་མ་རུ་གྱུར་ནས།
བར་སྣང་ལ་གནས་ཐུབ་བམ།
བར་སྣང་ནས་རང་གི་ཞེན་ས་དྲན་ནམ
བར་སྣང་ནས་གཞན་སེམས་མངོན་ཤེས་ཀྱིས་རྟོགས་སམ།

ཤི་སོང་བའི་རྣམ་ཤེས་ཕྱིར་ལོག་འོང་ངམ།
ངས་མ་ཎི་འདོན་པའི་སྒྲ་ཐོས་སམ།
ངས་སྐྱབས་འཇུག་ཞུ་བའི་གྲིབ་མ་མཐོང་ངམ།
ངས་ནོར་འཁྲུལ་ཇི་སྙེད་བཟོས་པར་གུ་ཡངས་གནང་ངམ།

ཤི་སོང་བའི་རྣམ་ཤེས་རྙེད་ཐུབ་བམ།
ཤི་སོང་བའི་རྣམ་ཤེས་ཕྱིར་ལོག་གམ།
ཤི་སོང་བའི་རྣམ་ཤེས་ཀྱིས་གུ་ཡངས་གནང་ངམ།

བྱ་སྤུ་བཞིན་ཤི་སོང་བའི་རྣམ་ཤེས་ལ་འགྲོ་འདུག་མི་དབང་ཟེར།
ཤི་སོང་བའི་རྣམ་ཤེས་དྲི་ལ་རེ་ཟེར།

ཤི་སོང་བའི་རྣམ་ཤེས།
ཤི་སོང་བའི་རྣམ་ཤེས་གསོན་ངོགས་ན་ཡོད་ན།
ཤི་སོང་བའི་རྣམ་ཤེས་གཙང་འགྲམ་ན་ཡོད་ན།
ཤི་སོང་བའི་རྣམ་ཤེས་མེ་ཏོག་ཐག་འཁྱུད་ལ་དཀྲིས་ཡོད་ན།བརྒྱུད་འགོད།  0



རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།