
ལོ་སར་གྱི་ཟིན་ཏིག
སྲོད་ཀའི་མཚམས་སྤྲིན་གྱིས ས་གཞི་ལ
མཛེས་སྡུག་གི་ཕྱིར་མིག་འཕེན་གྱིན་འདུག
མི་རྣམས་ངང་ངམ་ཤུགས་ཀྱིས
མཛེས་འཕྱོར་ཟད་ལ་ཉེ་བ་དག་ལ
ཕངས་སེམས་སྐྱེས་པ་བཞིན
ངའི་ཐ་སྙད་ཀྱི་ཚེས་པ་གཅིག
ཁྱོད་ཀྱི་ཐ་སྙད་ཀྱི་གནམ་གང
ཏག་ཏག ཉིན་མོ་འདི་ནི་
འུ་ཚོ་ལ་རྩེད་དགོད་སློང་བྱེད་ཀྱི་སྤྲེའུ་ཞིག་སྟེ
ང་ཚོ་ཐག་གེར་བགད་པ་ན
ཐ་སྙད་གཉིས་གཙུབས་པ་ལས་མཆེད་པའི
མེ་སྟག་ཕྲ་མོ མེ་སྟག་ཕྲ་མོ་འདིས
ཁྱོད་དང་ང་ཡི་ཡོད་ཚད་ཁུ་སིམ་མེར་སྲེག་གིན་ཡོད་དམ
ཁྱོད་ཀྱི་དོན་དམ་གྱི་གནམ་གང
ང་ཡི་དོན་དམ་གྱི་ཚེས་པ་གཅིག
ཉིན་མོ་འདིར ང་ཚོས་ཕན་ཚུན་ལ
ལོ་སར་བཟང་ངམ་ཞེས་བསྙད་ཆོག་གམ
ང་ཚོ་དུས་གཅིག་ལ་འཛུམ་ཙམ་བྱས་པ་ན
དོན་དམ་གཉིས་ཀྱིས་རིང་དུ་བརྒྱངས་པའི་བར་ཐག
བར་ཐག་འདི ས་དང་གནམ་གྱི་བར་ཐག་བཞིན
ཁྱོད་དང་འུ་གཉིས་འཛེམས་མེད་ངང
གླིང་སྣེ་གཉིས་སུ་འདེད་ཀྱིན་ཡོད་དམ
ཁྱོད་ཀྱི་གནམ་གང་ཡིན་ལ
ང་ཡི་ལོ་སར་ཡིན་པའི
མཉམ་འགྲོ་ཐིག་དུམ་དང་འདྲ་བའི་ཉིན་མོ་འདིར
མཚམས་མཚམས་སུ་ངས་ཕྱིར་ལྟ་བྱེད་དགོས་ཡོད་ལ
བར་བར་ལ་ཁྱོད་ཀྱིས་ཀྱང་ལྟག་པར་ལྟ་དགོས་ཡོད་པ་འདི
དེ་རིང ངས་ཕྱིར་མིག་གིས་ལྟ་དུས
ཁྱོད་ཀྱི་མགོ་བོ་གནམ་གང་ལ་དཔྱངས་པ་མཐོང་ཚེ
ང་རང་རལ་གྲི་ལོ་མའི་ནགས་ཚལ་ལ་ཉུལ་བ་བཞིན
བཀྲ་ཤིས་ལེགས་ཚོགས་ཀུན་འདུས་ཀྱི་རབ་ཁ་ནས
ང་རང་ཧ་ཅང་གིས་སྡུག་བསྔལ་བ་བྱུང་སོང
འོན་ཏེ གཅེས་པའི་མིག་དང་ཁོང་བའི་སྙིང་གི་ཁྱོད
ཁྱོད་ལའང་ཧ་ཅང་གིས་སྡུག་བསྔལ་བ་བྱུང་སོང་ངམ
གང་ལྟར གནམ་གང་ཉིན་མོ་ནི
ལོ་སར་ཚེས་གཅིག་ཡིན་དུས
ཚེས་པ་གཅིག་ནི་གནམ་གང་གི་ཉིན་མོ་ཡིན་དུས་འདིར
ཁྱོད་ཀྱིས་ངའི་ཚེས་གཅིག་ལ
ཁམས་བདེའི་འཚམས་འདྲི་ཞིག་བགྱིས་ཏེ
ནོངས་ཉེས་འདི་དག་གི་འཕེན་ཟེལ་ཐལ་བའི་རྡུལ་དུ་བརླག
ང་ཡིས་ཁྱོད་ཀྱི་ཚེས་གཅིག་ལ
གྲོ་སོ་ཕྱེ་མར་གྱི་ཕུད་མཆོད་དེ
བར་ཐག་འདི་དག་གི་འགོང་བོ་བྱེ་མའི་ཆངས་བུར་བྱ
དེ་བས་ན། འུ་གཉིས་དུས་ཚོད་འདི་ལ
ཞུམ་དགོས་པ་ག་རེ་ཡོད་དམ
དུས་ཚོད་ཀྱི་ལྡུམ་རར་ཡོད་པ་དག་ལ
སྔངས་དགོས་པ་ག་རེ་ཡོད་དམ
སྲོད་ཀའི་མཚམས་སྤྲིན་གྱིས ས་གཞི་ལ
མཛེས་སྡུག་གི་ཕྱིར་མིག་འཕེན་གྱིན་འདུག
མི་རྣམས་ངང་ངམ་ཤུགས་ཀྱིས
མཛེས་འཕྱོར་ཟད་ལ་ཉེ་བ་དག་ལ
ཕངས་སེམས་སྐྱེས་པ་བཞིན
ང་ཡི་ཚེས་གཅིག་དང
ཁྱོད་ཀྱི་གནམ་གང་ལ།

མཚན་མོར་བཟློས་པའི་ཤབ་ཤུབ།
ཉི་འོད་ཀྱི་དར་སྐུད་ཕྲ་མོ་དུམ་སེར་ཆད་རྗེས
འཁོར་བ་འདི་འཁོར་བ་ལ་དབང་ཨང
མཚན་མོ་འདིར
ཁྱོད་གཉིད་མི་ཁུག་པ་ཅིའི་ཕྱིར་ཡིན
མིག་གདངས་ཏེ་གཡོ་བ་མེད་པར་གང་ལ་ལྟ
སྨག་རུམ་གྱི་ལྷུམས་སུ་ཅི་ཞིག་མཐོང་སོང
ཁྱོད་རང་གཉིད་དགོས
གཡར་དངོས་བདག་པོར་སྤྲོད་པ་བཞིན
སྨག་རུམ་འདི་མཚན་མོར་སྤྲོད་དགོས་ཏེ
མཚན་མོར ཀུན་རྫོབ་ཀྱི་ཚོགས་ཇི་ལྟར་བསྲུབས་ཀྱང
ཁྱོད་ལ་སྐྱོ་དུབ་འབའ་ཞིག་ལས
བདེ་སྣང་ཅི་ཞིག་ཐོབ་སོང
མིག་ཧྲིག་གེ་བ་དང་ཧུར་རེ་ཡིས
ཅི་ཡང་གསལ་དུ་གཏོང་མི་བཏུབ
རྣ་བ་ཀྲོང་ཀྲོང་དང་ཀྲོག་གེ་བ་ཡིས
ཅི་ཡང་གསལ་དུ་ཐོས་མི་བྲ་སྟེ
མཐའ་མཇུག་གི་སྐར་མ་དག་ཀྱང་གདོང་སྨད་ནས་འདུག
དེ་བས ཁྱོད་རང་གཉིད་དགོས་ཏེ
གཉིད་ཉལ་བ་ནི
སྨག་རུམ་གྱི་ར་ལག་གཅོད་ཚུལ་ཏེ
རྨི་ལམ་དུ་མ་བུ་ངོ་འཕྲོད་པ་ཞིག་འོང་ངེས་ཤིང
སྐབས་དེ་ཤེད་དུ ཁྱོད་ཀྱིས་དཀོན་མཆོག་ལ
དད་པའི་མགོ་བོ་ལན་གསུམ་བཀུག་དགོས་ཏེ
ང་ཚོས་མི་ཡུལ་འདི་རུ་དུས་གསུམ་ལ་འོ་བརྒྱལ་མྱངས་ཡོད
ང་ཚོས་འཁོར་བ་འདི་བསྲི་ཚགས་མེད་པར་དོང་དུ་སྤྲུགས་ཡོད
ཁྱོད་ད་དུང་ཡང་གཉིད་མི་ཁུག་གམ
དར་ལྕོག་ཀྱང་གཉིད་དུ་ཡུར་འདུག
བསང་དུད་ཀྱང་གཉིད་དུ་ཡུར་འདུག
ཐ་ན། རྔ་མ་གཡུགས་ཤེས་པའི་སྒོ་ཁྱིའང་གཉིད་དུ་ཡུར་འདུག
ཁྱོད་རང་གཉིད་དགོས་ཏེ
འུ་ཚང་གི་ཁང་བྱེའུ་དེའང་གྲགས་འགུལ་མི་འདུག
བསིལ་འཇམ་གྱི་རེག་བྱ་དག་ཀྱང
ཚེར་མའི་རྩངས་ལ་དཀྲིས་ཏེ་ཟད་ཚར་བས་ན
ད་ནི་ཐུགས་ཁྲལ་གནང་དོན་ག་རེ་ཡོད་དམ
དོན་ངོ་མར་བསྙད་ན། ཁྱོད་ཀྱིས
མཐོ་གཞོངས་ཀྱི་ནོངས་འགྱོད་ལ་མཐོལ་བཤགས་བགྱིས་ཡོད་པས
ལུས་སེམས་ལྷོད་པོར་ལངས་ནས་གཉིད་ཆོག་ཆོག་ཏུ་ཡོད
དོན་ངོ་མར་བསྙད་ན། མཚན་ལམ་རིང་མོ་འདིར
མེ་ཏོག་ཅིག་གི་འཛུམ་མདངས་ལྷུག་པོར་བཞད་ཀྱང
ཁྱོད་དང་འབྲེལ་བ་ཅི་ཞིག་ཡོད
འུག་པ་ཞིག་གི་ཐན་སྐད་སྔས་འགྲམ་དུ་བབས་ཀྱང
ཁྱོད་ལ་གཅུ་གལ་ཅི་ཞིག་ཡོད་དེ
ཡོད་ཚད་ཀྱིས་རྡོག་ཁྲེས་ས་ལ་ཕོག་ནས
སྔུར་བ་ཡང་མོ་ཞིག་འཐེན་གྱིན་འདུག་པའི་དུས་འདི་ལ
ཁྱོད་ཀྱང་གཉིད་དགོས
མཚན་མོ་འདིར ཅི་ཡང་ཡིད་ལ་མ་བྱེད་པའི་ཁོ་ཚོ་ནང་བཞིན
ཁྱོད་ཀྱང་གཉིད་ཉོལ་དང
སང་ཉིན་གྱི་དུས་ཚོད་ལ་འཛུར་མི་རུང་སྟེ
ཁྱོད་མུ་མཐུད་དུ་མཐའ་མེད་པའི་ལམ་ལ་འདོང་དགོས་ཡོད
མི་སེར་གྱི་ཚབ་བྱས་ནས
བདེ་སྡུག་གི་ཚོར་ཤེས་གླུ་རུ་འགུགས་དགོས་ཡོད
སྣང་བ་ཏུར་ཏུར་པོ་ལ་བརྟེན་ནས
གངས་ཀྱི་སུལ་དང་རྩྭ་ཐང་གི་གཞི་རུ
སྨྲེང་ཤ་ལེའི་མགུར་ཞིག་བཞེངས་དགོས་ཡོད
ནམ་རྒྱུན་སྨག་རུམ་སྟུག་ཏུ་འགྲོ་ཐེངས་རེར
ཁྱོད་ཁོ་ན་སེམས་ཁྲལ་གྱིས་ཡོངས་སུ་གཟིར་འདུག་པ་ཅི་ཡིན་ནམ
2016ལོའི་ཟླ་2པའི་ཚེས་4ཡི་མཚན་མོར་བྲིས།
ཚེས་5ལ་བསྐྱར་བཅོས་ཐེངས་ཤིག་བྱས།

མཚུན་གཏོར
གོ་རིམ་མེད་པའི་ཁ་བརྡ
ཁ་བརྡའི་ནང་དོན
ངའི་རྩོམ་རིག་གི་ཐོག་ཏུ་བབས
སྐབས་དེར ཡུམ་ཆེན་གྱིས་ང་ལ
ཁྱོད་ཀྱིས་རྩོམ་ཡིག་འབྲི་བཞིན་མེད་དམ་ཞེས་དྲིས
ངས་དབུགས་རིང་ཞིག་འབྱིན་ཏེ
འུད་བརྗོད་ཀྱི་གྲབས་གཤོམ་དུས
ནུ་བོས ངའི་ཁ་ཕྲོགས་ཏེ
ཁོང་གིས་རྩོམ་ཡིག་འབྲི་ཤེས་ཀྱིན་མི་འདུག་ཅེས
ལབ་ཙ་ན……………
ངའི་དབང་བོ་ཡོད་ཚད
ཏན་སེར་བསྡད་སོང་།

ཁོ་མོས།
ཁོ་མོས
པི་ཝང་གི་རྒྱུད་སྐུད་དག
རེ་རེ་བཞིན་དཀྲོལ་གྱིན་འདུག
རྒྱུད་སྐུད་ལས
དོ་མི་སྙོམས་པའི་དབྱངས་རྟ
ནར་མར་མཆེད་འོངས
དབྱངས་རྟ་དག
བར་སྟོང་ངེས་ཅན་ཞིག་ནས
ལྷན་འཛོམས་བྱུང་བའི་དུས་དེར
ཁོ་མོས
མེ་ཏོག་གི་དྲི་མ་ལ་སྣོམ་ཙམ་བྱས་ནས
ཨ་་་་་་་་་་་ཨ་་་་་་་་་་་འཚོ་བ་ཞེས་ངག་ལས་འབྱིན་བཞིན་
ཡ་གའི་དགུང་ལ་བལྟས་ཙ་ན
ང་རང གློ་བུར
ངུ་མི་ཤེས་པའི་ཡིག་འབྲུ་དག་ལས
རབ་ཏུ་སད་དེ
མིག་མཐར་མཆི་མ་མེར་མེར་འཁྱིལ་བྱུང
2015ལོའི་ཟླ6 པར།

སྙན་ངག་ཅིག་འདི་ལྟར་བྲིས་ན།
ངས ཕྱོགས་གཅིག་ནས་བརྙན་འཕྲིན་ལ་ལྟ་ཞོར
ཕྱོགས་གཅིག་ནས
ལག་པར་ཐོགས་པའི་ཤོག་ཧྲུལ་སྟེང
ཡི་གེ་འབྲི་བཞིན་བསྡད
ཏག་ཏག ངས་རང་ཉིད་ཀྱི་བསམ་ཡན་ནང་དུ་གཅུས་པ་ན
ད་གཟོད ཤོག་ཧྲུལ་ངོས་སུ
བཀྲ་ཤིས་ཞེས་པའི་ཡིག་འབྲུ་བྲིས་འདུག་པ་མཐོང
འོན་ཀྱང བྲིས་པ་མང་བའི་རྐྱེན་གྱིས
བཀྲ་ཤིས་ཀུན་འདྲེས་ཤིང་བསྣོལ་ནས
སྐྱུག་རྫོབ་ཏུ་གྱུར་འདུག
ད་ཆ ངས་ཤོག་ཧྲུལ་འདིའི་སྣེ་གཞན་དག
རྙེད་དཀའ་བ་བཞིན
གསལ་ཞིང་དག་ལ འཐུས་ཚང་གི
བཀྲ་ཤིས་ཞེས་པའི་ཡིག་འབྲུ་དེའང
ཇི་འདྲའི་རྙེད་དཀའ་བ་ལ་ཨང
2015ལོའི་ཟླ2པའི་ཚེས་22ཉིན།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།