
གངས་རི་བརྒལ་བ།
བདག་པོའི་རྨི་ལམ་དང་བསྟུན་ཏེ།།
ལས་ཀྱི་ཕོ་བྲང་དེ་བཞེངས་པར།།
སྒྱུ་མའི་ལག་རྩལ་རང་མེད་པས།།
གཏན་གྱི་བདེ་བ་རང་མ་རྙེད།།
ཞོགས་པའི་བསིལ་རླུང་གི་ཁྲོད་ནས།།
ལུས་ཀྱི་ནག་ཉེས་དག་སྤྲུགས་ཏེ།།
སེམས་ཀྱི་ཕ་ཡུལ་ལ་ཆས་པའི།།
སྤོབས་པའི་གླུ་སྒྲ་དེ་མཐོ་ཨང་།།
འཁོར་བའི་མཛེས་རྒྱན་དེ་བསྒྲོན་པའི།།
ལྕགས་རིའི་ཕྱི་རོལ་ཀྱི་སྲས་མོས།།
མཆི་མའི་མེ་ཏོག་ཅིག་ཕུལ་བས།།
ཕྱི་མའི་རྐང་རྗེས་རང་གསལ་ཡོང་།།
འཁོར་བའི་ལྷུང་བཟེད་ལས་མངོན་པའི།།
དྭངས་གསལ་མེ་ལོང་གི་ཐང་ཆེན།།
ཁྲག་གི་རྐང་རྗེས་ཀྱིས་སྦགས་པར།།
འཁྲུལ་བའི་རོལ་རྩེད་ཅིག་རེད་དོ།།
འགྱིག་བཟོས་མེ་ཏོག་གི་གདོང་ལ།།
གདུག་པའི་སྐེག་རྩི་རང་བྱུགས་ཏེ།།
སྲིད་པའི་རྒྱལ་ཆེན་ལ་ཕུལ་ཀྱང་།།
གླིང་བཞིའི་མུ་གེ་དེ་མ་བཟློགས།།
གདོད་མའི་འཇའ་ལུས་དེ་མཐོང་བས།།
མི་ཚེའི་དུར་ས་རང་བརྗེད་སོང་།།
འཁོར་བའི་རོལ་དབྱངས་ལ་ཉན་པས།།
ལུས་ཀྱི་ན་ཚ་དག་ཞུ་སོང་།།
མི་གཙང་འཇིག་རྟེན་གྱི་ཁམས་ནས།།
གཙང་མ་རིག་འཛིན་གྱི་ལྷ་མོས།།
སྣང་བའི་ལམ་སྟོན་ཞིག་མཛད་པས།།
བརྩེ་བའི་རྒྱལ་ཁམས་དེ་རྙེད་བྱུང་།།
༢༠༠༦/༤/༡༢ལ་རྨ་ཆུ་ནས་བྲིས།

སྟོང་བའི་མཛའ་གཞས།
འོད་གསལ་སྟོང་བའི་རོལ་དབྱངས་ཀྱིས།།
མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་རྙེད།།
ཆོས་ཀུན་རང་བཞིན་མངོན་གསལ་བ།།
འགྲོ་བའི་དོན་དུ་སྤྲོས་པ་ལགས།།
སྟོབས་དང་སྒྱུ་མའི་ལོངས་སྤྱོད་འདིས།།
མི་ཟད་འབྱུང་བོ་བྲན་དུ་བསྡུ།།
ཕྲ་རགས་སྣང་བའི་ཉམས་ལེན་གྱིས།།
འཁོར་བའི་བདག་པོར་གུས་ཕྱག་འཚལ།།
ཆོས་འདིའི་མིང་ལ་འཁོར་བ་བྱ།།
རིགས་དྲུག་ཡོངས་ཀྱི་ལམ་བུ་ཡིན།།
འཁོར་བ་སྐྱིད་ཀྱི་ཕ་ཁྱིམ་ན།།
སེམས་ཀྱི་འདུལ་སྦྱོང་ཉམས་པ་མེད།།
སྲིད་པའི་རྩ་བ་འཁོར་བས་བཟུང་།།
འགྲོ་བའི་རྨི་ལམ་འཁོར་བས་བསྐྲུན།།
སྒྱུ་མའི་ཚོགས་འཁོར་འཁོར་བས་བསྐོར།།
འདི་ཕྱིའི་འོད་གསལ་འཁོར་བས་བཤམས།།
འདི་ལས་གཞན་པའི་ལོངས་སྤྱོད་ཅིག།
ལས་ཀྱི་ལྷ་མོས་གནང་སྲིད་ན།།
ཤེས་རབ་ནོར་གྱི་དྲན་རྟེན་ཞིག།
མི་འཇིག་ཚིག་གིས་བརྒྱན་ཏེ་འབུལ།།
རང་བཞིན་འགྱུར་མེད་གདོད་མའི་ལམ།།
བློ་ཡི་འགག་འཕྲེང་དོག་མོར་བཞེངས།།
སེམས་ཀྱི་བཀྲེས་སྐོམ་མཚོན་པའི་གཏམ།།
གཤིན་རྗེ་བཀའ་ཡི་ཕོ་ཉར་བསྐུར།།
བདག་པོའི་སེམས་ཀྱི་བྱེ་ཐང་ལ།།
ལྷ་དབང་མིག་གི་ཆར་ཆུ་བརྡོལ།།
ཡི་དྭགས་སད་པའི་རྩེད་འཇོ་ཡིས།།
ཤམ་བྷ་ལ་ཡི་དུར་ཁྲོད་བརྒལ།།
མདུན་གྱི་གཙང་བོ་བརྒལ་བའི་གླུ།།
ཡིད་ཀྱི་ཤེས་རབ་ལྷ་མོས་བསྩལ།།
ལུས་ཀྱི་ལྕགས་མཁར་གཏོར་བའི་རྩལ།།
རང་བྱུང་འཁོར་བའི་འཇིངས་ནས་བསླབ།།
དུས་ཚོད་ཟེར་བའི་སྒྲོན་མེ་འདིས།།
སྲིད་པའི་ཚེ་སྲོག་དལ་གྱིས་འདྲེན།།
ཡ་ང་མེད་པའི་རྣམ་ཤེས་དག།
ཉལ་ཐའི་མེ་ཏོག་གསེབ་ནས་འགུལ།།
མྱ་ངམ་ཐང་གི་གྲོང་ཁྱེར་ལ།།
ཤམ་བྷ་ལ་ཡི་དུད་སྤྲིན་འཁྲིགས།།
གངས་སེང་ཁྲོས་པའི་ང་རོ་ཡིས།།
དུས་ཀྱི་ནམ་མཁའ་གསལ་བར་བྱས།།
འོན་ཀྱང་འཁོར་བའི་དུར་ཁྲོད་ནས།།
སྒེག་འགྲོས་རྐང་སྟབས་མངོན་པ་ཡིས།།
འཚོ་བའི་ཉམས་ལེན་ལྷ་མོའི་ཚོགས།།
ལུས་ཀྱི་མེ་ཏོག་རྡུལ་དུ་ཟགས།།
དེའི་ཕྱིར་འདོད་པའི་རྒྱལ་སྲས་ཤིག།
སྲིད་པའི་ཆག་སྒོ་འདི་མཐོང་བས།།
ཡིད་ཀྱི་གདུང་མེ་འབར་དྲགས་ཏེ།།
ཕྱི་མའི་ཐེམ་སྐས་མེད་པར་བཟོས།།
ཕྱི་གསལ་ཁ་བའི་སྒྲུབ་ཕུག་ན།།
བྱང་ཆུབ་སེམས་ཀྱི་བདུས་རྩི་ལྟེམས།།
ཐབས་མཁས་འཕྲུལ་གྱི་སྤྲེའུ་འགས།།
འདོད་ཧམ་གར་གྱི་རྩེད་འཇོ་ངོམ།།
འདིར་སྣང་སྒྱུ་མའི་གཞིས་སྒར་ནས།།
འདོད་པའི་རྐང་གླིང་སྙན་པར་གྲགས།།
ཏིང་འཛིན་སྒོམ་པའི་བཙུན་མ་ཞིག།
འཁོར་བའི་མགྲོན་པོར་ཐོག་མར་ཆས།།
སེམས་ཀྱི་སྒྲིབ་པ་སྦྱོང་མཛད་པའི།།
སྲོག་ཐོག་རེ་རེའི་ནམ་མཁའ་རུ།།
དྲ་བ་སྟོང་གི་སྤྲུལ་བསྒྱུར་མཁན།།
མི་རྟག་སྟོན་པའི་དེད་དཔོན་ལགས།།
རང་བྱུང་འོད་ཟེར་སྒྱུ་མའི་ནོར།།
འཕོ་མེད་རལ་གྲིས་བདས་ཤུལ་དུ།།
ལས་ལ་བརྩོན་པའི་སྦྲང་བུ་དག།
གཟུགས་མེད་སྟོང་བའི་ཁམས་སུ་བསྐྱོད།།
༢༠༠༦/༩བར་ལྷ་ས་ནས་བྲིས།

གདུང་སྨྲེ།
གདུག་པའི་ཚ་སྨུག་གཏིབས་པའི་སྲང་ལམ་ཞིག་ནས།།
ཕྱི་མའི་འཇིགས་སྐྲག་མཐོང་བའི་ཆང་ཁང་ནང་ནས།།
མཚན་མོའི་སྐྱོ་ངལ་སེལ་བ་མགྲིན་པའི་གླུ་ཆུང་།།
བདག་པོའི་སྙན་དབང་གྲོལ་བའི་དྲུང་དུ་འཐེན་ནོ།།
སྡིག་པའི་བམ་ག་མཐུག་པ་འཁོར་བའི་ཀློང་ནས།།
རང་གིས་བསགས་པའི་ནག་ཉེས་སྲང་ལ་གཞལ་ཚེ།།
རང་གཤིས་འོད་ཀྱིས་གྲུབ་པའི་ལྷ་མོའི་མིག་ནས།།
ང་ལ་བརྩེ་བའི་མཆི་མ་ལྷུག་ལྷུག་གཏོར་བྱུང་།།
རིག་པའི་དཀྱིལ་འཁོར་བརྟན་པ་སྣང་བའི་ཁམས་ནས།།
དབྱངས་མཁན་གར་ལ་ཆས་པའི་རྡུལ་གྱི་མེ་ཏོག།
རང་བྱུང་འཚོ་བའི་ཁ་ལ་རྒྱན་དུ་འཛུམ་ཚེ།།
ལས་ཀྱི་དགའ་མ་དགྱེས་པའི་ཞལ་རས་མཐོང་བྱུང་།།
རྐྱེན་གྱིས་ལྟོགས་ཤི་ཐེབས་པ་ལས་ཀྱི་མཁར་གྱང་།།
སྐྱེ་འཆིའི་རོལ་བ་མཚོན་པའི་གཏན་དུ་བཏིང་སྟེ།།
ངེས་མེད་ཕྱོགས་བཞིར་འཁྱམ་པའི་སྒྱུ་མའི་རྣམ་ཤེས།།
འཕྲུལ་གྱི་རྐང་གླིང་ཁྲོས་པའི་རྩལ་གྱིས་བཀུག་བྱུང་།།
དབྱངས་གསལ་སོ་བཞིས་བཞེངས་པའི་སྒོམ་ཁང་ནང་ནས།།
རང་ལ་འཚེ་བའི་རྐྱེན་དག་ཕྱི་རུ་དེད་དེ།།
རང་བྱུང་ལས་ལ་གོམས་པའི་སྦྱོར་བ་བཤམས་ཚེ།།
ཁྲག་གི་རྨི་ལམ་རྙོག་པ་རྨང་ནས་བརྗེད་འགྲོ།།
ལུས་ཀྱི་སྡིག་སྒྲིབ་བཀྲུ་བྱེད་ལྷ་ཡི་རྫིང་བུ།།
མདུན་གྱི་ཚེར་མ་འདུལ་བྱེད་མཁའ་ཡི་དགུ་ཚིགས།།
འཚེ་བའི་མུན་པ་སྤྱུགས་བྱེད་རིག་པའི་འོད་ཟེར།།
འཕྲུལ་གྱི་ཁྱིམ་གཞི་ཆེན་པོའི་སྣོད་དུ་ཤོང་འདུག།
རིག་པའི་རྒྱུ་ནོར་འདྲེན་པ་གྲུང་བོའི་ཀོ་གྲུ།།
སྲིད་པའི་གཙང་བོ་བསྒྲོལ་བའི་ཐབས་སུ་ཆས་ཚེ།།
གསང་བའི་སྦྱོར་བ་རྩུབ་པའི་སྟོན་རླུང་དྲག་པོས།།
ཕྱི་མའི་རི་འཕྲེང་གཏིབས་པའི་འཚལ་ལ་དེད་སོང་།།
ང་ལ་ནམ་མཁའི་བུ་མོས་དངོས་གྲུབ་གནང་སྟེ།།
འཁོར་བའི་བདུད་རྩི་འཇོ་བའི་གར་ལ་བཞུགས་ཚེ།།
མི་དང་ཡི་དྭགས་འཐབས་པའི་ཆོ་ངེ་དྲག་པོས།།
སྙིང་ལ་བཙན་དང་ཁྲིམས་ཀྱི་རྨ་ཁ་བཟོས་བྱུང་།།
ལྟོགས་སྐོམ་ནད་ཀྱིས་དངངས་པའི་འབངས་ཀྱི་གྲས་ནས།།
ཁོ་བོའི་ངག་གི་གདུང་སྨྲེ་ལྷང་ལྷང་གྱེར་བ།།
མི་ཚེའི་འཐབ་ར་བསྐྲུན་པའི་བདག་པོའི་སྙན་དུ།།
གེགས་མེད་མྱུར་དུ་བསྒྲོལ་བའི་སྐྱབས་འཇུག་ཞུ་འོ།།
༢༠༠༦/༩/༡༨

འཆི་བ་དྲན་པ།
ལས་ཀྱི་མཚན་ཆ་དྲག་པོ་ཡིས།།
རྡོ་ཡི་ཕུང་བོར་བརྒོལ་བ་ན།།
འཆི་བ་རྟོགས་པའི་སྙིང་རྗེའི་ཁྲག།
མདུན་གྱི་ས་གཞི་ཁེབས་པར་བརྡོལ།།
ཤི་གསོན་གཉིས་ཀྱི་དཔྱངས་ཟལ་ལ།།
ཀུན་བཟོད་སེམས་ཀྱི་ལྕགས་རི་བཟོས།།
འཆོ་བར་ཐོབ་པའི་རྒྱལ་ཁའི་དར།།
འཇིག་རྟེན་སྤྱི་ཡི་གཙུག་ཏུ་འཕྱར།།
འདི་ཕྱི་གཉིས་ཀྱི་ས་མཚམས་སུ།།
ཡི་གེ་དྲུག་མའི་རྡོ་རིང་བསླངས།།
འཇིག་རྟེན་མཛེས་པའི་ཐ་སྙད་དག།
རྡོ་རིང་ངོས་ཀྱི་ཁྲག་ཏུ་གྱུར།།
གཉིད་སྨུག་ཟ་ཟིའི་ཁོང་གསེང་དུ།།
འཆི་བས་བསྒུལ་བའི་རྨི་ལམ་བཞད།།
འཁོར་བའི་རོ་ལ་དུངས་དྲགས་པའི།།
སྲེད་པའི་རྣམ་ཤེས་དྲག་ཏུ་ངུས།།
འཁོར་བ་འཁོར་བའི་བས་མཐའ་རུ།།
མི་རྟག་བཀའ་ཡི་ཕྱག་རྒྱ་ཕབ།།
ཐོག་མ་ཉིད་ནས་ད་ལྟའི་བར།།
ངག་གི་དཔྱ་ཁྲལ་རྫོགས་དུས་མེད།།
གཙང་མ་པད་མའི་གུར་ཁང་དུ།།
མི་གཙང་ལུས་ཀྱིས་རོལ་བ་མཛད།།
སྣང་བའི་བཙོན་དུ་ཚུད་པའི་གར།།
བདག་མེད་སྟོང་བའི་དབྱིངས་སུ་བསྒྱུར།།
འོག་མིན་སྟེང་གི་བཀོད་པ་ནས།།
མི་མིན་ལྗོན་པའི་དེད་དཔོན་དེས།།
འཆི་བ་བརྗོད་པའི་གདངས་གཅིག་གིས།།
བརྩེ་བའི་དུས་ཚོད་ཡལ་བར་བཟོས།།
འདོད་སྲེད་ཆགས་པའི་རལ་གྲི་ཡིས།།
མཛེས་སྡུག་ཡིད་ཀྱི་ཁྱེའུ་བསྲུང་།།
བདག་མོའི་ཞལ་ཁྱིམ་ལས་འཁྲུངས་པའི།།
འཆི་བའི་གླུ་ངག་རྩུབ་ཅིང་མཁྲེགས།།
མེས་པོས་བཟོས་པའི་དར་ཆ་ལས།།
དུས་གསུམ་འཚོ་བའི་ཡང་སྙིང་རྙེད།།
གཙང་བོ་འཇིག་པའི་དུར་ཐང་ལས།།
འཆི་བས་བཞེངས་པའི་ཡིག་འབྲུ་མཐོང་།།

སྡོད་ཁང་།
སྲིད་པའི་རྒྱལ་མོ་གཏུམ་མེད་མ་དེས།།
རང་ལ་དབང་བའི་གྲོས་གཞི་བཏོན་ཏེ།།
འདི་ཕྱིའི་ལོངས་སྤྱོད་བདུད་རྩིའི་རྒྱ་མཚོ།།
མི་སེར་དབེན་པའི་རི་ལ་དྲངས་སོང་།།
རྡུལ་གྱིས་གྲུབ་པའི་ཁང་ཆུང་འདི་རུ།།
རླུང་དང་བསེར་བུའི་བར་ཆད་མེད་པ།།
ལས་ཀྱི་བདག་པོའི་བཀའ་དྲིན་མིན་ན།།
འདི་ལས་ལྷག་པའི་སྐྱིད་ཅིག་མི་རེག།
མཆོད་པའི་སྣང་བ་མཁའ་ལ་བཏེགས་ཡོད།།
ཁྲག་གི་ཉེས་པ་ས་གཞིར་བཏིང་ཡོད།།
བར་སྣང་ཡངས་པའི་དཀྱིལ་འཁོར་ཞིག་ལ།།
རང་ལ་འཚམ་པའི་ཐིག་ཅིག་བྲིས་ཡོད།།
སྟེང་གི་ལྷ་མོས་ང་ལ་གནང་བ།།
མི་བརྟན་འགུལ་བ་སྔས་ཀྱི་སྒྲོན་མེ།།
འོག་གི་ཀླུ་མོས་ང་ལ་ཕུལ་བ།།
མི་འགྲོལ་བཅིང་བ་འོད་ཀྱི་ཐ་གུ།།
བར་གྱི་རྡུལ་སྨུག་དབྱིངས་སུ་བསལ་བའི།།
མི་ཐུལ་འཕྲུལ་གྱི་སྦྱོར་བ་བཤམས་ཀྱང་།།
མགོ་ནག་མི་ཚོས་ང་ལ་སྤྲད་པ།།
མི་དལ་སྤྱོད་པ་སེམས་ཀྱི་ངལ་རྩོལ།།
བཙན་དུག་ཁུ་བའི་ངར་ཆུ་བྱུགས་པའི།།
ཟག་མེད་རླུང་གི་སྡོད་ཁང་འདི་རུ།།
མི་འཇིགས་སྡོམ་གྱི་དྲ་བ་འབྲི་བཞིན།།
ཚོགས་ཀྱི་ཡོ་བྱད་ཁྲིག་ཁྲིག་བྱས་ཡོད།།
མིག་ཆུའི་གཡེར་ཆུང་སིལ་སྙན་ཁྲོལ་ལེ།།
མི་མགོའི་དྲ་ཕྱེད་རྒྱན་ཕྲེང་ཅིག་གེ།།
དབྱངས་ཀྱི་བ་དན་འདབ་མ་ཤིག་སེ།།
འཚོ་བའི་གར་ཁང་བརྗིད་ཉམས་ལྷིང་ངེ།།
གསེར་དང་དངུལ་གྱི་གཏོར་སྒམ་འཁྲིས་སུ།།
སྡེ་བརྒྱད་སྣང་བའི་མཆོད་པ་བཤམས་ཏེ།།
རིགས་ཀྱི་བུ་ལ་གདམས་པའི་ཆོས་གླུ།།
རྣལ་འབྱོར་གཉིད་པའི་རྨི་ལམ་མཚར་བོ།།
ཟླུམ་པོའི་ཕྲེང་སྐོར་བདག་པོའི་ཆད་པ།།
ལུས་ཀྱི་ཕྱག་རྒྱ་འཚོ་བའི་ཉམས་ལེན།།
ལམ་དང་མཐུན་པའི་གར་གྱི་སྦྱོར་བ།།
བདག་པོ་དྲན་པའི་རྨི་ལམ་འདྲ་བ།།
ཁྲལ་དང་བུན་གྱི་རྔན་པ་མཐུག་པོ།།
སྟེང་གི་བདག་པོ་མཉེས་ཕྱིར་ཕུལ་ཀྱང་།།
རང་ལ་བབས་པའི་སྡིག་པའི་ཐམ་ཀ།།
ཉེས་མེད་རྡོ་བའི་གྱང་ལ་བྲིས་སོང་།།
ཆང་དང་ཉལ་ཐའི་མེ་ཏོག་བཞད་པའི།།
འདོད་ཡོན་སྣ་ལྔའི་སྒོམ་ཁང་དབུས་སུ།།
མི་ཆེན་རྒྱལ་བོའི་སྲས་མོ་དེ་ལ།།
བདེ་སྡུག་མཚོན་པའི་གཞས་ཤིག་བཏང་ཡོད།།
འཕོ་མེད་འཕྲུལ་གྱི་བུམ་པ་ཆེན་པོར།།
གཟུགས་མེད་སྣང་བའི་སྦྱོར་ཆུ་དྲངས་ཏེ།།
རིགས་དྲུག་སྒྱུ་མའི་ཁྲུས་ལ་བསྐུར་དུས།།
གྲང་བའི་སྡུག་བསྔལ་བཟོད་པར་དཀའ་འོ།།
༢༠༠༦/༩/༢༦ལ་ལྷ་ས་སྐྱིད་ཤོད་དུ་བྲིས།
རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།